ཆབ་མདོ་དབང་འདུས་ཀྱིས་བྲིས།

དཔེ་མིང་། ངེད་ཀྱི་མི་ཚེའི་གཏམ་རྒྱུད།
རྩོམ་པ་བོ། {ཨ་རི}ཧད་ལེཎ་ཁད་ལེར།
སྒྱུར་བ་བོ། ཕུན་ནོར།
དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་ལོ། ༢༠༡༣ལོའི་ཟླ་བ་༡༢པར་དཔར།
ལྡེབ་གྲངས། ༢༩༦

༡ དཔེ་ཆ་འདི་དག་གི་དྲིན་དྲན་པ།

“མིག་དཔེའི་བྱེད་ལས་ལ་འཛད་མམཐའ་མེད་དོ།།”

དོན་ངོ་མ་བཤད་ན། ང་ནི་སྙིང་སྟོབས་ཆུང་ཞིང་སྤོབས་པ་ཞན་པའི་མི་ཞིག་ཡིན། སྔོན་ཆད་ང་ལ་བརྗིད་ཅིང་བརླིང་བའི་ཕུགས་བསམ་མེད་པ་མ་ཟད། སློབ་སྦྱོང་གི་དཀའ་སྡུག་ལ་གདོང་གཏོད་པའི་སྙིང་སྟོབས་མེད། ཆུང་དུས་སློབ་སྦྱོང་གི་དཀའ་ངལ་འགའ་རེར་འཕྲད་པས། སྐབས་དེར་སློབ་སྦྱོང་བྱེད་པ་ལས་ཤི་སོང་ན་དགའ་སྙམ་པའི་བསམ་བློ་ཡང་འཁོར་མྱོང་། མ་ཟད། སྐབས་དེར་ང་ནི་མི་མང་ནང་དུ་མགོ་བོ་བཏེགསྟེ་རྩེད་མོ་རྩེ་མི་ཕོད་ཅིང་། ཐ་ན་མིའི་ངོ་ལ་བལྟས་ནས་སྐད་ཆ་ལྷུག་པོར་རྗོད་པ་ལ་ཡང་འཚེར་སྣང་བྱེད་མཁན་ཞིག་ཡིན། ངས་སྔོན་ཆད་མི་ཚེ་ནི་དཀའ་སྡུག་གི་གཡུལ་ས་ཞིག་ཡིན་པ་མི་ཤེས་ལ། གཡུལ་ས་དེ་ལས་ཕྱིར་ནུད་བྱེད་ཐབས་ཁོ་ན་ལས་གདོང་ལེན་ཇི་ལྟར་བྱེད་དགོས་པར་བསམ་བློ་གཏན་ནས་གཏོང་མི་ཤེས། ལྷག་པར་དུ་མི་ཚེ་གཅིག་ལ་དཀའ་སྡུག་སྣ་ཚོགས་འཕྲད་པ་ནི་འཇིག་རྟེན་འཁོར་བའི་ཆོས་ཉིད་ཅིག་ཡིན་པ་མ་ཤེས་ཤིང་། དཀའ་སྡུག་གི་རི་བོ་མང་བོ་བརྒལ་དགོས་པ་ནི་ཡིད་སྨོན་བྱ་སའི་གནས་དེར་བགྲོད་སའི་ལམ་བུ་ཉག་གཅིག་ཡིན་པ་ཡང་མ་ཤེས། ཁྱད་པར་དུ་དཀའ་སྡུག་ལ་རང་ཉིད་སྦྱོང་བརྡར་བྱེད་པའི་བྱེད་ལས་དང་བླ་ན་འཕགས་པའི་དགེ་མཚན་དེ་འདྲ་ཡོད་པ་གཏན་ནས་མ་ཤེས།
ང་རང་བྱིས་པའི་དུས་སུ་མི་མང་གི་འགྲིམ་འགྲུལ་དབེན་ཞིང་མཐོང་ཐོས་ཀྱི་ཁོར་ཡུག་དོག་པའི་ལུང་པ་རྭ་ཅོ་འདྲ་བ་ཞིག་ཏུ་འཚར་ལངས་བྱུང་བས་ཡིན་ནམ་ཅི་ཡིན་ཆ་མ་འཚལ་མོད། སྔོན་ཆད་ང་ནི་བློ་ཕུགས་དོག་ལ་བཟོད་སྲན་བྱེད་མི་ཐུབ་པའི་སྐྱེ་བོ་ཉམས་ཆུང་ཞིག་ཡིན། འོན་ཀྱང་ངའི་མི་ཚེ་ལ་རིམ་བཞིན་འགྱུར་ལྡོག་བྱུང་། འཇིག་རྟེན་ལ་གོ་བ་ཇེ་ལོན་དུ་གྱུར་ནས་རང་ཉིད་ཀྱི་ཞན་ཆ་མཐོང་བའི་གོ་རྟོགས་སད་པ་དང་། རང་ཉིད་སྦྱོང་རྡར་སྤྲོད་པའི་ནུས་ཤུགས་ཇེ་ཆེར་གྱུར་ཏེ་རང་ཉིད་སྔོན་ཆད་ཀྱི་རང་ཉིད་དེ་གཏན་ནས་མ་ཡིན་པར་གྱུར། དེ་ལ་རྒྱུ་རྐྱེན་སྣ་ཚོགས་ཡོད་ངེས་ཀྱང་། རང་གིས་བསམ་པ་ལྟར་ན་དགེ་རྒན་གང་ཞིག་གིས་སློབ་གསོ་བཏང་བས་མིན་ལ། སྤྱི་ཚོགས་གང་མང་ནས་ཉམས་མྱོང་ཐོབ་པས་ཀྱང་མིན། གཙོ་བོ་ནི་རང་གི་དཔེ་ཀློག་བྱེད་པའི་གོ་རིམ་ཁྲོད་ནས་《ངེད་ཀྱི་མི་ཚེའི་གཏམ་རྒྱུད》་ལྟ་བུའི་ཡར་སྐུར་གྱི་དཔེ་ཆ་སྟེ། 《རང་གིས་རང་ལ་ཡིད་ཆེས་དགོས།》 《ཡར་སྐུལ་ཆེད་མཁས་པ་དང་དངོས་སུ་མཇལ་བ།》《མི་གཤིས་ཀྱི་མཉམ་སོ།》 《བྲོད་སེམས་ཀྱིས་བསྐྱེད་པའི་སྟོབས་ཤུགས།》སོགས་རིན་ཐང་ལྡན་པའི་དཔེ་ཆ་གང་མང་ཞིག་དང་ལས་ཀྱིས་འཕྲད་པས་ངའི་མི་ཚེ་ལ་འགྱུར་ལྡོག་བྱུང་བ་ཡིན། གལ་ཏེ་དཔེ་ཆ་དེ་དག་དང་འཕྲད་མེད་ན། ཁོ་བོ་གཇིག་རྟེན་འདི་ན་གསོན་ཡང་ཤི་ཟིན་པའི་རོ་ལ་རྣམ་ཤེས་ཞུགས་པ་ལྟ་བུ་མི་བུ་ཉམས་ཞན་ཞིག་ལས། རང་ལམ་རང་གིས་འཚོལ་ཞིང་རང་ཉིད་རང་གིས་བཞེངས་པའི་མི་ཞིག་ཏུ་གྱུར་མེད་ངེས།
དེ་ལྟར་བཤད་ན་ད་སྐབས་ཁྱོད་རང་ཞུམས་པ་མེད་པའི་སྙིང་སྟོབས་དང་། ལྷོད་པ་མེད་པའི་བརྩོན་འགྲུས། འཛིན་པ་མེད་པའི་གཏོང་ཕོད་ཅན་བཅས་ཏེ་བླ་ན་མེད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་གམ། ཡང་ན་རིན་ཐང་གཞལ་དུ་མེད་པའི་བྱ་བཞག་ཞིག་གི་བྱེད་པོར་གྱུར་ཡོད་དམ་ཞེ་ན། ཁོ་བོས་བཤད་འདོད་པ་ནི་ང་རང་དེ་ལྟར་དུ་གྱུར་ཡོད་ཅེས་པའི་ནང་དོན་མ་ཡིན་པར། བདག་ལ་དཔེ་ཆ་འདི་དག་གིས་བླ་ན་མེད་པའི་ཡར་སྐུལ་ཐེབས་ཏེ། སྔོན་ཆད་ཀྱི་ཡ་ང་བའི་འོབས་དོང་དེ་ལས་ཐར་ཅིང་། དེ་ལྟ་བུའི་རླབས་ཆེན་གྱི་བྱ་བཞག་ལ་ཡིད་སྨོན་དང་རེ་བ་འབད་པ་བཅས་ཀྱི་ས་ལམ་བགྲོད་པའི་ངར་ཤུགས་ཤིག་སྤྲད་སོང་། ཁོ་བོས་ཡར་སྐུལ་གྱི་དཔེ་ཆ་དེ་དག་གི་རྩོམ་པ་བོ་ལ་སྙིང་ཐགས་པ་ནས་ཐུགས་རྗེ་ཆེ་ཞུ་ཞིང་། བདག་གི་བཀླགས་ཚོར་འདི་མཐོང་བའི་མི་རྣམས་ལ་གལ་ཏེ་ཁྱོད་ལ་སྙིང་སྟོབས་དང་རེ་བ། ཧུར་བརྩོན་དང་ཆོད་སེམས་དགོས་ན་ཅིས་ཀྱང་ཡར་སྐུལ་གྱི་ནུས་པ་ཡོད་པའི་དཔེ་ཆ་དེ་དག་ལ་ལྟོས་དང་། ཁྱོད་རང་གོ་ཆགས་དང་སེམས་ཕམ། འགྱོད་གདུང་དང་སྡུག་ཡུས། སེམས་གཅོང་དང་རེ་ཆད་ཀྱི་ནང་དུ་ལྷུང་དུས། ཡར་སྐུལ་གྱི་ནུས་པ་ཡོད་པའི་དཔེ་ཆ་ནི། ཁྱོད་ཀྱི་འགྲམ་དུ་ཡར་སྐུལ་ཆེད་མཁས་པ་ཞིག་དངོས་སུ་བྱོན་ནས་དུས་ཚོད་མང་བོར་བཀའ་སློབ་གནང་ཞིང་སྐུལ་མ་བྱས་པ་ལས་ཀྱང་དགེ་ཕན་ཆེ། རྒྱུ་མཚན་ཅི་ཡིན་ཞེ་ན། དཔེ་ཆ་ནི་དུས་ཚོད་གཏན་ཁེལ་བྱས་ནས་སློབ་ཁྲིད་ལ་འགྲོ་མི་དགོས་པར་ནམ་ཡང་རང་གི་སྔར་མགོར་ཡོད་པའི་དགེ་རྒན་ཡིན་ལ། མི་གཅིག་ཁོ་ནས་ཁ་ལྕེ་བརྡར་ནས་གནས་སྐབས་རིང་བཤད་པ་ཙམ་མིན་པར། ལེགས་འགྲུབ་ཀྱི་མཛད་སྒོའི་སྐབས་ཀྱང་དཔེ་ཆ་འདི་དག་གིས་དཀའ་སྡུག་ལ་ནམ་ཡང་འཕྲད་རུང་དུ་ཡོད་པས་སྐབས་དེར་ཡིད་ཆད་མི་སྐྱེ་བའི་སྔོན་འགོག་གི་སློབ་སྟོན་གནང་ཞིང་། བློ་ཕམ་ཡིད་ཆད་ཀྱི་སྐབས་སུ་ཡང་ཁྱོད་རང་ལ་དུས་ཚོད་དང་སྐར་མ་འགའ་རེར་སློབ་སྟོན་བྱས་པ་ཙམ་མིན་པར། དུས་དང་རྣམ་ཀུན་ཏུ་སྟེ། ཁྱོད་རང་ཉལ་ས་ནང་དུ་ཉལ་ནས་བསྡད་ཀྱང་བཀའ་སློབ་ལམ་སྟོན་ཅི་དགར་གནང་མཁན་དེ་ཡིན། དེ་བས། སྙིང་སྟོབས་ཞུམ་ཞིང་སྤོབས་པ་ཉམས་པ། སྐྱོ་སྡུག་མཐུག་ཅིང་རེ་བ་ཟད་པའི་མི་དག་གིས་དཔེ་ཆ་འདི་དག་བལྟ་རྒྱུ་ཅིས་ཀྱང་གལ་ཆེའོ་ཞེས་ཞུ་བར་འདོད་པའོ།།

༢ དཔེ་ཆ་འདིའི་ནང་དོན་གནད་བསྡུས།

འདི་ནི་ཨ་རིའི་རྩོམ་མཁན་འོན་ལོང་མ་ཧད་ལེཎ་ཁད་ལེར་གྱིས་རང་རྣམ་རྩོམ་ལུས་ཀྱི་རྣམ་པའི་ཐོག་ནས་མཛད་པའི་སྒྲུང་གཏམ་རིང་མོ་ཞིག་ཡིན་ལ་ཁོང་གི་མཚོན་བྱེད་བརྩམས་ཆོས་ཀྱང་ཡིན། སྤྱི་ལོ1902ལོར་བརྩམས་པ་འདི་སའི་གོ་ལ་ཧྲིལ་པོའི་ཧུར་སྐྱེད་དཔེ་དེབ་ལས་རྒྱལ་མཚན་གྱི་ཏོག་ལྟ་བུར་བརྩི་བཞིན་གདའོ། །འདིའི་ནང་དུ་ཧད་ལེཎ་ཁད་ལེར་དགུང་ལོ21ལ་མ་སོན་གོང་གི་འཚོ་བའི་མྱོང་བ་ཞིབ་ཅིང་གསོན་ཉམས་དང་ལྡན་པར་བཀོད་ཡོད། དེ་ཡང་ཧད་ལེཎ་ཁད་ལེར་འཇིག་རྟེན་མི་ཡུལ་འདིར་བྱོན་ནས་ལོ་གཅིག་དང་ཟླ་ངོ་དྲུག་ལོན་དུས་ནད་ལྕི་མོ་ཞིག་ཕོག་ནས་ཁོང་གི་རྣ་ཤེས་དང་མིག་ཤེས་ཉམས་པ་དང་། དེ་རྗེས་སྐད་ཆ་ཤོད་ནུས་ཀྱང་ཡོངས་སུ་ཤོར་ནའང་། མུན་ནག་ཁུ་སིམ་པའི་འཇིག་རྟེན་དེ་རུ། ཁོང་གིས་དཔེ་དེབ་ལྟ་ཀློག་དང་གཏམ་ཡང་ཤོད་ཤེས་པ་མ་ཟད་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཧར་ཧྥར་ཊེ་རྒྱུགས་སྤྲད་ཅིང་འཕྲོད་པ་རེད། བརྩམས་ཆོས་འདིའི་ཚིག་སྦྱོར་སྙན་ལ་བརྗོད་པ་བདེ་ཞིང་བབ་ཆགས་པ་དང་། བརྗོད་དོན་ཟབ་ཅིང་གསོན་ཉམས་དང་ལྡན་ལ་ལྟད་མོ་ཆེ་བ། བརྩེ་བ་ཟབ་ཅིང་གཡོ་ལྷད་དང་བྲལ་ལ་མི་སེམས་ལ་ཟུག་པ་བཅས་ཀྱི་ཡོན་ཏན་དུ་མས་ཕྱུག་པ་དང་། བློ་བཀོད་བྱེད་ཚུལ་ཕྲ་ཞིང་ཞིབ་ལ། ཕྱིའི་ཡུལ་ལྗོངས་ཞིབ་འབྲི་དང་། ནང་གི་ཡིད་ཉམས་འདོན་ཚུལ། དཔྱད་བརྗོད་སྤེལ་ཚུལ་སོགས། རང་རྣམ་རྩོམ་རིག་གི་ཅོད་པན་ལྟ་བུར་གྱུར་ནས་ཡོད། ད་ཆ་ཧད་ལེཎ་ཁད་ལེར་གྱི་ཞུམ་མེད་སྙིང་སྟོབས་ངོ་མཚར་མཛད་པ་འཛམ་གླིང་ཡུལ་ཕྱོགས་གང་སར་ཁྱབ་པ་དང་། དེའི་མཚུངས་དཔེ་དེབ་འདིར་བསྟན་པའི་སློབ་གསོའི་ཐབས་ལམ་ཚན་རིག་དང་མཐུན་པ་ཀུན་ཀྱང་ད་ལྟའི་བར་དུ་འཛམ་བུ་གླིང་གི་སློབ་གསོ་དོན་གཉེར་མཁན་པོའི་མིག་ལྟོས་བྱ་ཡུལ་དུ་གྱུར་དང་འགྱུར་མུས་ཡིན་པའོ། །
ཞེས་པ་འདི་ནི་དཔེ་ཆ་འདིའི་རྒྱབ་ཤོག་ངོས་སུ་བཀོད་པ་དེ་བསྐྱར་བཤུས་བགྱིས་ནས་མཐུས་པར་བྱས་པའོ།།

༣ དཀའ་སྡུག་དང་གྲུབ་འབྲས།

དཔེ་ཆ་འདིའི་རྩོམ་པ་བོ་ཧད་ལེཎ་ཁད་ལེར་མཆོག་ནི། རང་ལོ་གཅིག་དང་ཟླ་ངོ་བདུན་གྱི་ཐོག་ནས་མིག་དབང་དང་རྣ་དབང་ཉམས་པའི་བུ་མོ་ཡ་ང་བ་ཞིག་ཡིན་མོད། འོན་ཀྱང་ལྷོད་པ་མེད་པའི་འབད་བརྩོན་དང་ཞུམ་པ་མེད་པའི་སྙིང་སྟོབས། དགེ་རྒན་བཟང་བོའི་བཀའ་དྲིན་ལ་བརྟེན་ནས། མཐའ་མར་འཛམ་གླིང་ན་སྐད་གྲགས་ཆོད་པའི་རྩོམ་པ་བོ་དང་། གཏམ་བཤད་མཁན། ཆབ་སྲིད་ལས་འགུལ་མཁན་བཅས་སུ་གྱུར།
ཧད་ལེཎ་ཁད་ལེར་བྱིས་པའི་དུས་སུ་བརྩེ་བ་མེད་པའི་ནད་ཀྱིས་སྒྲ་གཟུགས་གཏན་ནས་མེད་པའི་མུན་པའི་འཇིག་རྟེན་ཆེན་པོ་ཞིག་ཏུ་བརྫངས་པས། ཐོག་མའི་སྐབས་སུ་བཟོད་དཀའ་བའི་སྡུག་བསྔལ་དང་དཀའ་ཁག་གི་གཡང་སར་ལྷུང་། རིམ་གྱིས་ཕ་མ་བཀའ་དྲིན་ཅན་གྱིས་བརྩེ་གཟིགས་དང་ཁོག་ཤེས་ལ་བརྟེན་ནས་དགེ་རྒན་བཟང་བོ་ཞིག་དང་འཕྲད། ཡིན་ཡང་དུས་དེ་ནས་བཟུང་སྟེ་དཀའ་ཁག་གི་འོབས་དོང་ལས་ཡོངས་སུ་ཐར་མེད་པ་ནི་ང་ཚོས་གསལ་བོར་ཤེས་ཏེ། ང་ཚོ་འོན་ལོང་མ་ཡིན་པའི་མི་དག་ལ་མཚོན་ན་ཡང་། དགེ་རྒན་དང་ཁོར་ཡུག་སོགས་སློབ་གཉེར་བྱ་བའི་ཆ་རྐྱེན་མཐའ་དག་ཚང་ཡང་། སློབ་གཉེར་བྱེད་ཚེ་དུས་ཡུན་རིང་བོར་དཀའ་ཚེགས་ཧ་ཅང་ཆེན་པོ་བརྒྱུད་དགོས་པ་སུས་ཀྱང་ཤེས། ལྷག་པར་དུ་མི་སྣ་རླབས་ཆེན་ཞིག་ཏུ་འགྱུར་བ་ལ་རྔུལ་ཆུ་རྒྱ་མཚོ་ལྟ་བུ་ཞིག་གི་ཕ་རོལ་ཏུ་བརྒལ་དགོས་པ་མིན་ནམ། དེ་བས། མིག་རྣ་གཉིས་མེད་ཀ་ཉམས་ཟིན་པའི་མི་ཞིག་ལ་ནི་དཀའ་སྡུག་ཤིན་ཏུ་ཆེ་བ་སྨོས་ཅི་དགོས། ཁོང་མོས་དངོས་སུ་བཤད་པའི་སྐད་དུམ་བུ་ཞིག་འདིར་དྲངས་ན་དེས་ཀྱང་ཁོ་མོའི་སློབ་སྦྱོང་གི་དཀའ་ཁག་ཟུར་ཙམ་ཧ་གོ་ནུས། དེ་ནི་འདི་ལྟར་ཏེ། “ངེད་ལ་སློབ་ཚན་སྔོན་སྦྱོང་བྱེད་ཡུན་སློབ་གྲོགས་གཞན་ལས་ཆེས་རིང་བ་དགོས་པ་དང་། སོར་མོའི་བགྱིད་པ་དེ་འདྲར་ཡུན་ཧ་ཅང་རིང་པོ་དགོས་པ་དེ་ནི་མི་ཐང་ཐང་ཞིག་ལ་མེད་པའི་དཀའ་ངལ་ཞིག་རེད། སྐབས་རེར་བྱ་བ་ཆུང་ངུ་ཞིག་གི་དོན་ལ་སེམས་ནུས་ཧ་ཅང་མང་པོ་ཞིག་འདོན་དགོས་དུས། ངེད་རང་ངང་ཐུང་འཚབ་འཚུབ་བྱེད་པ་རེད། དཔེ་དེབ་གཅིག་གི་ལེའུ་ཁ་ཤས་ཀློག་པར་ངེད་ཀྱིས་ཆུ་ཚོད་མང་པོ་ཞིག་སྤྱོད་དགོས་པ་དང་། དེ་དུས་སློབ་གྲོགས་གཞན་ཀུན་ཕྱི་རོལ་ཏུ་བཞད་གད་དང་། གླུ་ལེན་དང་། གར་འཁྲབ་བཅས་ལ་རོལ་ནས་བསྡད་ཡོད་པ་དེ་ནི་ངེད་ཀྱིས་དེ་བས་བཟོད་ཐབས་བྲལ་ལོ་སྙམ། འོན་ཏེ་ངེད་ཀྱིས་གང་མགྱོགས་སྙིང་སྟོབས་འཕེལ་བར་བྱས་ཏེ། ཞེ་སྡང་དང་མ་འདོད་པ་དེ་རིགས་ལྟག་རྒྱབ་ཏུ་འདོར་གྱི་ཡོད།” ཅེས་པའི་སྐད་ཆ་འདིས་ཁོ་མོའི་སློབ་སྦྱོང་གི་དཀའ་སྡུག་དང་བརྩོན་སེམས་གཉིས་ཀ་གསལ་བར་བསྟན་མི་འདུག་གམ།
འོན་ཏེ། ཁོ་མོས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་རྩོམ་རིག་དང་། ལོ་རྒྱུས། རྩིས་རིག་སོགས་སྤྱིར་བཏང་གི་སློབ་མ་ཞིག་གིས་སྦྱང་དགོས་པའི་ཤེས་བྱ་མཐའ་དག་སྦྱངས་ཏེ། སྤྱི་ལོ་༡༩༠༤ལོར་སྦྱངས་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཨ་རིའི་ཧར་ཧྥར་ཊེ་སློབ་གྲྭ་ཆེན་མོའི་རོད་དྷེད་ཁ་ལི་ཧྥོ་སློབ་གླིང་ནས་སློབ་མཐར་ཕྱིན།
དཔེ་དེབ་འདི་ནི་ཁོང་མོ་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་བརྩམས་ཤིང་། སླད་མར་རྩོམ་མཁན་མ་ཞིག་བྱེད་པའི་འདོད་བློའང་སྐབས་དེར་འཁྲུངས། དེ་ལྟར་བརྩོན་འགྲུས་ཅན་གྱིས་བྲག་ལ་ཨི་ཁུང་འབིགས་ཞེས་པ་ལྟར། དེ་རྗེས་མི་ལོ་དྲུག་ཅུ་ལྷག་ཙམ་ནང་། ཁོང་གིས་ཁྱོན་བསྡོམས་གསུང་རྩོམ་པོད་བཅུ་བཞི་བརྩམས་པ་རེད། ངེད་ཀྱི་མི་ཚེའི་གཏམ་རྒྱུད་ཅེས་པ་འདི་ནི་ཁོང་གི་བརྩམས་ཆོས་པོད་ཐོག་མ་དེ་ཡིན་ལ། རྩོམ་འདི་སྤེལ་མ་ཐག་སྐབས་ཤིག་རིང་ཨ་རིར་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ། ཨ་རིའི་དུས་དེབ་ཅེས་པའི་དཔེ་དེབ་དཔྱད་བརྗོད་ཐོག་དེབ་འདི་ཉིད་འཛམ་གླིང་གི་རྩོམ་རིག་སྟེང་བརྩམས་ཆོས་འགྲན་ཟླ་བྲལ་བ་ཞིག་རེད་ཅེས་བརྗོད་ཡོད་དོ།།

བརྩོན་འགྲུས་བགྱིས་ན་ཅི་ཡང་ཤེས་ནུས་པ།།
འོན་ལོང་གཏམ་རྒྱུད་འདི་ཡིས་གསལ་བར་བཤད།།
དབང་བོའི་ཡུལ་ལ་དག་སྣང་སྦྱོང་བ་གཙོ།།
དེ་ཡིས་སྤྲོ་དགའ་འབུམ་ཕྲག་རྩོལ་བར་བྱེད།།

བཀླགས་ཚོར་མཐའ་བསྡོམས་ཤོ་ལོ་ཀ་གཅིག་གིས་མཇུག་སྡུའོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1249