གླང་ཡག་ཚུལ་ཁྲིམས་བསྟན་འཛིན། 

ཚ་བ་མདའ་སྨྱུག་གླེང་ཚོམས་ཞེས་པའི་ཚོགས་ཁྱིམ་ཞིག་ཏུ་ཞུས་པའི་གཏམ་བཤད་ཟུར་འཕྲོས། 

གཅིག ཚ་མདའ་བའི་མི་ཚེ་ལ་རོབ་ཙམ་ལྟ་བ། 

 

ང་ཚོ་ཙམ་མིན་པར། འཛམ་གླིང་གི་སྣོད་བཅུད་ཆེན་པོའི་སྒང་ནས་བལྟས་ནའང་། རིག་གནས་དང་ཤེས་ཡོན་པ་དམར་གསོད་བཏང་བའི་ལོ་རྒྱུས་ནི། ཆེས་མཐོང་ན་མི་འདོད་པའི་ལོ་རྒྱུས་ཀྱི་

ནད་ཡམས་ཆེན་པོ་ཞིག་ཀྱང་རེད་ཨང་། དྲང་མོར་བཤད་ན། ང་རང་ངོས་ནས་ཚ་མདའ་བས་མཚོན་པའི་ཤེས་རབ་ཅན་གྱི་སྐྱེས་བུ་ཚོ་འཇིག་རྟེན་འདི་ནས་ཞལ་གྱེས་པའི་སྐད་ཆ་ཐོས་ཐེངས་རེར། ནམ་ཞིག ང་ཚོའི་མི་རིགས་ཙམ་མིན་པར། འཛམ་གླིང་གི་སྣོད་བཅུད་གཉིས་ཀར་སྨན་གྱི་ཐིགས་པ་བསྩལ་བའི་སྐྱེས་བུ་དམ་པ་ཚོའང་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་དང་འགྲོགས་ནས་བཞུད་སོང་བའི་གནས་ཚུལ་ཞིག་ཐོན་མི་ཡོང་སྙམ་པའི་ནམ་དུའང་སེམས་ཁྲལ་ཏན་ཏན་ཡོད།དེ་འདྲ་ཞིག་གི་བསམ་འཆར་གྱི་འོག་ནས་གླེང་ན། ཤེས་རབ་ཅན་གྱི་སྐྱེས་བུ་རེ་རེ་ནི། འཛམ་གླིང་གི་ནོར་ཡོངས་ཀྱིས་མི་ཁུགས་པའི་གནས་ལུགས་ནི་ཆོས་ཅན་རགས་པ་ཞིག་ཏུ་ཟད། ཚ་མདའ་བ་ཁོང་ནི། ངོས་ཀྱི་སྒེར་ངོས་ནས་ཤེས་རབ་ཅན་གྱི་སྐྱེས་བུ་དམིགས་བསལ་བ་ཞིག་ཏུ་ནམ་ཡང་ཁས་ལེན་བྱེད་ཀྱི་ཡོད། ཁོང་གི་སྐུ་ཚེ་ལ་སྡོམ་ཞིག་བརྒྱབ་ན། བརྒྱ་ཆ་དགུ་ཅུ་ཏག་ཏག་ཤེས་རབ་འཚོལ་ཏེ་ཟད་བཞིན་ཡོད་པ་ནི། ད་ལྟའི་ང་ཚོས་མཇལ་དུ་ཡོད་པའི་ཁོང་གི་ཤེས་རབ་ཀྱི་རྗེས་ཤུལ་དག་ནས་ཏན་ཏན་འགྲེལ་བཤད་གནང་ཐུབ། དེ་ཙམ་མིན་པར། ཁོང་གིས་སྐུ་ཚེ་ཤེས་རབ་ལ་ཟད་པ་ནི། གཞན་ཆེ་ཆེ་དྲག་དྲག་མང་པོར་ཞིག་ལ་མི་མངའ་བའི་གནས་ལུགས་འཚོལ་བའི་ཤེས་རབ་རླབས་ཆེན་ཞིག་སྟེ། 

རྩ་བའི་གནས་ལུགས་ལ་འགྲེལ་བཤད་གནང་པ་ལས། ཡལ་གའི་གནས་ལུགས་ཆུང་ངུ་ཙམ་གྱི་ཆེད་དུ་ཤ་ཐང་ཐང་གིས་འབད་འབངས་བྱེད་མེད་པ་དེས་སོ།། དྲང་མོར་བཤད་ན། གནས་ལུགས་ནི་ཆེ་ཕྲ་མེད་པར་ཤེས་རབ་ཅན་གྱི་སྐྱེས་བུ་རྣམས་ཀྱིས་རང་གི་མིག་ལས་ལྷག་པའི་བརྩི་བསྲུང་དགོས་པ་ནི། ལྟོ་འདོད་ཟས་ལ་རྔམ་པ་དང་མི་འདྲ་བར། དམ་པ་དེ་དག་གི་སྐུ་ཚེ་ཡི་སྡོམ་ཚིག་ཉག་ཅིག་ཡིན་ནའང་། རྩ་བའི་གནས་ལུགས་ཀྱི་དོན་ལ་མི་དཔྱོད་པར་ཡལ་གའི་གནས་ལུགས་ཕྲན་བུ་ཞིག་གི་ཆེད་དུ་ཤ་ཆད་རུས་འཐག་གིས་ནམ་ཟླ་ཟད་པ་ནི་འུ་ཐུག་ཐབས་ཟད་ཀྱི་ལས་ཀ་ཞིག་ཀྱང་རེད་ཨང་། དེ་འདྲ་བའི་མི་སྣ་མང་པོ་ཞིག་གི་མི་ཚེ་ནི་རང་གཞན་སུ་ལའང་ཁེ་ཕན་མེད་པའི་དགོས་མེད་འབབ་ཞིག་གིས་རྫོགས་ཀྱིན་ཡོད། གནས་བབ་འདི་འདྲའི་འོག་ནས་ཤེས་རབ་འཚོལ་བའི་སྐྱེས་བུ་རེ་རེ་ནི། གསེར་གྱི་ཉི་ཟླ་ལས་ཀྱང་རིན་ཐང་གི་སྙིང་བོ་ཚོར། ཤེས་རབ་ཅན་གྱི་སྐྱེས་བུ་རེ་ནི་འཛམ་གླིང་གི་སྣོད་བཅུད་ལ་ཉག་ཕན་ལོས་ཆེ་ཡང་། ང་ཚོའི་མི་རིགས་ལྟ་བུ་ཞིག་ལ་མཚོན་ན། ལྷག་ཏུ། མུན་པའི་ནང་གི་ཟླ་བ་བཞིན་དུ་གལ་ཆེན་རང་བཞིན་ཉིད་དུ་མཐོང་། ལོས་ཡིན་ཏེ། འཛམ་གླིང་དང་གླིང་ཆེན་པོ་འདིའི་སྣོད་བཅུད་གཉིས་ཀར་སྨན་གྱི་ཐིགས་པ་བསྩལ་མཁན་དག་ནི། འདས་མ་ད་གསུམ་གྱི་ལོ་རྒྱུས་གང་ཞིག་བལྟས་ཀྱང་ཤེས་རབ་ཅན་གྱི་སྐྱེས་བུ་རེ་རེའི་སྐུ་ཚེ་ཡི་རྨི་ལམ་ཐེངས་གཅིག་ཡིན་པས། ཤེས་རབ་ཅན་གྱི་སྐྱེས་བུ་ཚོའི་སྐུ་ཚེ་ཡི་རྨི་ལམ་ནི་མཛེས་སྡུག་གིས་བསྐྲུན་པའི་དག་ཞིང་ཁོ་ན་ཡིན་ཏེ། མི་ཚོས་ཡིད་ཀྱི་དཀྱིལ་འཁོར་དུ་ཡང་ཡང་བསྒོམས་ཤིང་ཞལ་ནས་ལྷོད་ཀྱིས་ཕྱེ་བས་མཚོན་ཐུབ་པར་སྙམ་མོ། དེ་ལྟ་བུའི་ཤེས་རབ་ཅན་གྱི་སྐྱེས་བུ་རེ་རེ་ནི་འཇིག་རྟེན་དང་ཞལ་གྱེས་པ་འདིས། ཡང་སྙིང་ང་ཚོ་ལ་ཅི་ཞིག་འཆད་ཀྱིན་འདུག་གམ། དེ་ནི་ང་ཚོ་མུན་པའི་འོབས་སུ་ལྷུང་བའི་ཉེན་བརྡ་ཁོ་མ་ལས་མ་འདས་པ་ཡིན་པས། མུན་པའི་འོབས་སུ་དམྱལ་བ་མནར་མན་གྱི་སྡུག་བསྔལ་ལས་ཀྱང་ཆེ་བས། ང་ཚོས་བཟོད་པར་དཀའ་ཨང་། ཤེས་རབ་ཅན་གྱི་སྐྱེས་བུ་རེ་རེས་འཇིག་རྟེན་དུ་གྱེས་བརྡ་བཏང་བས། ང་ཚོ་ལ་བསམ་གཞིག་གི་ནུས་པ་ཕྲ་ཞིང་། སྨྲ་བརྗོད་ཀྱི་རང་དབང་ཡང་དེ་ལས་ཆུང་བས་མཐར་དོན་ང་ཚོ་ལ་ཅི་ཞིག་ལྷག་འདུག་ཨང་། 

གཉིས། ཚ་མདའ་བའི་མི་ཚེའི་སྙིང་སྟོབས་གླེང་བ། 

དམ་པ་རེ་རེར་འཇིག་རྟེན་གྱིས་མཐོང་ཚུལ་མི་གཅིག་ནའང་། དམ་པ་ཚོས་སྐུ་ཚེའི་སྙིང་སྟོབས་ཀྱིས་ཕྲག་པར་འགན་དུ་བཞེས་ལུགས་ནི་གཅིག་པ་རང་ཡིན་སྟབས། དམ་པ་ཚོ་ནི་ལྷོད་ཡངས་ཞི་འཇམ་གྱིས་སྐུ་ཚེ་རྫོགས་པ་ནི་རྣམ་ཐར་གང་དུའང་མ་མཇལ། ཡིད་སྐྱོ་བ་ཞིག་ལ་དམ་པ་རེ་རེ་བཞིན་སྐུ་ཚེའི་མཇུག་མ་ནི་ཞེ་སྨྲེང་བའི་གཏམ་རྒྱུད་རེ་དང་འགྲོགས་ནས་བཞུད་སོང་བ་ལ་ཨང་། འདིར་བརྗོད་གཞི་དང་མ་འབྲེལ་བས་དམིགས་ཀྱིས་བསྐྱངས་སོ། ཚ་སྒང་བློ་གྲོས་དཔལ་ལྡན་ཞུ་བའི་ཤེས་རབ་ཅན་གྱི་སྐྱེས་བུ་སྙིང་སྟོབས་ཅན་གང་ནི། ང་ཚོའི་སྟོན་པ་སྐུ་མདུན་མཆོག་གིས་གསུང་བའི་དུས་རབས་ཉེར་གཅིག་པའི་མི་ནི་བཤད་ཕོད་ལ་སྒྲུབ་ཕོད་པ་ཅན་ཞིག་དགོས་ཞེས་པའི་ཞལ་ཐུན་ནང་བཞིན་དུས་རབས་ཤིག་གི་མཁས་དབང་གཅིག་ཆོག་ཏུ་གཟུར་གནས་ཀྱི་མཁས་དབང་ཡོངས་ཀྱི་མགྲིན་པ་གཅིག་གིས་ལམ་ནས་ཡོང་བཞིན་པ་འདིས་སོ། ཕྱོགས་ལྷུང་གི་སྐྱེ་བོའི་མིག་མདུན་དུ་དམ་པ་ངོས་འཛིན་ཐོབ་པའི་དུས་སྐལ་ཞིག་ཤར་མ་མྱོང་ཞིང་། མ་འོངས་པའང་འཆར་བའི་དུས་ཤིག་ཀྱང་མི་འབྱུང་བས། དེ་ལ་ང་ཚོས་དོ་སྣང་དང་འཇིགས་དགོས་པའི་གནས་ཤིག་མ་མཆིས་ཀྱང་། མཁྱེན་དཔྱོད་ཡངས་བའི་རིགས་གཅིག་གྲོགས་པོ་ཚོ་ལ་ཞུ་དོན། ཕྱོགས་ལྷུང་གི་སྐྱེ་བོའི་རྗེས་འདེད་བྱས་ཏེ་གཟུར་གནས་ཀྱི་དམ་པ་རྣམས་ལ་མ་ཉེས་ཁ་འགེལ་གྱི་ལས་མི་བསྒྲུབ་པར་ནན་གྱིས་ཞུ་བ་ལགས། དམ་པ་རེ་རེ་ནི། འཇིག་རྟེན་གྱི་མིག་ཡིན་པའི་གནས་ལུགས་ནི་ཀུན་གྱིས་མ་མཁྱེན་ནའང་། གཟུར་གནས་དཔྱོད་ལྡན་གྱི་མིག་གིས་གསལ་བོ་མཐོང་བས། དམ་པ་རེ་རེའི་ཞབས་ཀྱིས་བཅགས་ཤུལ་དུ་ངོ་མཚར་བའི་འཇིག་རྟེན་ཞིག་ཏུ་ང་ཚོ་འགྲོ་ཆོག་པའི་ལམ་བུ་ཐོག་མ་རྙེད། དེ་ལྟར་ང་ཚོ་ནི་དམ་པ་རེ་རེའི་ཞབས་ཟུང་གི་རྡུལ་ལས་གང་ཡང་མིན་དུ་ཆུགས་ཀྱང་། དམ་པ་རྣམས་ནི་ང་ཚོའི་སྤྱི་བོའི་གཙུག་ཡིན་པ་ནི་དུས་དང་དུས་སུ། ནམ་དུ་ཞར་དུ། ཡིད་ལ་དྲན་པར་བྱ་དགོས་ཨང་། ཤེས་རབ་ཅན་གྱི་སྐྱེས་བུ་རེ་རེས་འཇིག་རྟེན་འདིར་གྱེས་བརྡ་བཏང་རྗེས། ལང་མ་གོག་ཏུ་ལུས་པའི་འུ་ཚོས། ཡང་སྙིང་ག་རེ་བྱེད་དགོས་ཨང་།

མུན་པའི་གྲོང་གསེབ་ཀྱི་ཉམ་ཆུང་བའི་འུ་ཚོ། སྐྱོ་ཡས་དང་སེམས་ཁྲལ་ལྷག་མ་ཞིག་གིས་ད་དུང་གསོན་དགོས་པ་རེད་དམ། དམ་པ་གནག་པའི་གཅན་གཟན་གྱི་སྡེ་ཚོགས་རབ་ཏུ་དགོད་སྲིད་དེ། ཡང་སྙིང་ང་ཚོའི་ཁོར་ཡུག་དང་། ས་ཆེན་གྱིས་འུ་ཚོ་ལ་གྱེས་ཕྱག་མི་གནང་བའི་བདེན་པ་སུ་ཡིས་རྟོགས། 

ཀྱེ་ཀྱེ། གནས་ལུགས་ལ་དགའ་བའི་གཟུར་གནས་པ་དག ཁྱེད་ཀྱི་སྤྱན་ཟུང་གོར་སེ་ཕྱེས་ཏེ་ལྟོས་དང་། རབ་ཏུ་ངུ་ཞིང་ངུས་པའི་བདེན་པའི་རྡུལ་ཕྲན་དག་ནི་འཐོར་ཞིང་འཇིག་ལ་ཉེ་ནའང་། ང་ཚོ་སེམས་ཁྲལ་ཅི་ཡང་མེད་པར་ལྷིང་འཇགས་དང་བག་ཕེབས་ཀྱིས་འདུག་པར་བཟོད་དམ་ལགས། 

གསུམ། དྲི་བ་དྲིས་ལན་གྱི་ཚུལ།

དང་པོ། ཚ་མདའ་བ་འཇིག་རྟེན་འདི་དང་གཏན་དུ་ཞལ་གྱེས་ཡོད་མེད་དང་། འཇིག་རྟེན་དང་ཞལ་གྱེས་པའི་རྒྱབ་ལྗོངས་བཤད་རོགས། 

དྲིས་ལན། ང་རང་ངོས་ཀྱི་རློམ་ཚོད་ཀྱིས་ལན་ཞིག་བརྒྱབ་པ་ཡིན་ན། ན་ནིང་ཞིག་ཏུ་ཉིས་སྟོང་བརྒྱད་ལོའི་སྤྱི་ཟླ་བཞི་པའི་ཚེས་ཉེར་དགུ་ཁོང་འཇིག་རྟེན་དང་ཞལ་གྱེས་པའི་དུས་ཚོད་ཏག་ཏག་རེད་ཅེས་སྐུ་མཆེད་གཅིག་གིས་བཤད་པར་ཐོས། དེ་ཕལ་ཆེར་བདེན་པ་ཡིན་རྒྱུ་རེད་དྲན། སྤྱིར་བཏང་ཁོང་ཉིད་ཤེས་ཡོན་པ་ཉེན་ཁ་ཅན་ཞིག་རེད། དེ་གང་ཞེ་ན། ཁོང་གིས་དགག་བཞག་གི་རྣམ་བཞག་ཆེན་པོར་མཛད་པ་རེད། དེ་ནི་ཚོམས་འདིའི་ནང་གི་ཚོགས་མི་ཞིག་ཡིན་སྟབས། མ་ཐའང་ཚ་བ་མདའ་སྨྱུག་གི་མི་ཚེ་ལ་ཆ་རྒྱུས་ཏོག་ཙམ་ཡོད་མཁན་ཡིན་རྒྱུ་རེད། དེས་ན། དེའི་སྐོར་ནས་ཞུ་མི་དགོས་པ་གྱིས། དེར་བརྟེན། ང་ཚོའི་ཁོར་ཡུག་ཏུ་དེ་འདྲ་བའི་གུ་ཡངས་ཀྱི་རྩ་བ་དུས་ད་ལྟ་ཡང་བརྟན་པོར་ཚུགས་ཐུབ་མེད་པས། ཁོང་གི་གནད་དུ་ཁེལ་བའི་གཏམ་དག་ནི། སྐུ་དྲག་དང་། མིང་ཆེན་ཚོར་རང་གི་ཕོ་བར་གྲིས་བཙུགས་པ་ནང་བཞིན་ཤིན་ཏུ་ཚ་ངེས། དེ་འདྲ་བའི་གནས་བབ་ཀྱི་འོག་ནས་ཁོང་ཉིད་འཇིག་རྟེན་དང་ཞལ་གྱེས་པ་མིན་ནམ་སྙམ་གྲང་། ཁོང་གིས་གསུང་ཚིག་སྟེ། འཇིག་རྟེན་རྭ་གོག་ལྟ་བུའི་མི་ཡུལ་འདིར། །ཁོ་བོ་གསོན་པའི་རེ་ཐག་བཅད་ནས་ཐལ།། ཞེས་པ་འདིས། གོང་གི་དྲིས་ལན་ཁོང་གིས་ལན་བཏབ་པ་ཡིན་པས། དེའི་དོན་ལ་གཞིག་རོགས་མཛོད་ཅིགཐུགས་རྗེ་ཆེ། 

དྲི་བ། 

གཉིས་པ། ཚ་མདའ་བསསྡོམ་པ་རྒྱུད་པ་བླངས་པ་ནི། སྐེ་ལ་ལྕག་ཐག་སྐོན་པ་རེད་ཅེས་པར་འགྲེལ་བཤད་རབ་ཏུ་སྣང་། ཁྱེད་ཀྱིས་དེ་ལ་ལྟ་ཚུལ་ག་རེ་ཡོད་ཅེས་གསུང་རོགས། 

དྲིས་ལན། ང་རང་གིས་ངོ་ལོག་པ་ཞེས་པའི་དེབ་ཆུང་དེ་ལ་རགས་ཙམ་བལྟས་པ་ལས་གཞན་གང་ཡང་མིན། འོན་ཏེ། ང་རང་ལོག་རྟོགས་སྙིང་སྟོབས་ལ་རྒྱུས་ཆ་གང་འཚམ་ཡོད། དེ་གཉིས་ཀྱི་ཚིག་དོན་གཉིས་ཆར་ནས་བསམ་གཞིག་ཐུང་ངུ་ཞིག་བྱས་ན། ཚ་མདའ་བའི་སྐད་ཆ་མ་རེད་ཅེས་ཞུ་འདོད་བྱུང་། གང་ཡིན་ཞེ་ན། གཅིག་ནས་མཁས་པ་རང་རང་སོ་སོར་ཚིག་གི་ལྷུ་བསྒྲིགས་སྟངས་དང་། ཚིག་མཚམས་ཀྱི་ངལ་གསོ་མཛད་སྟངས། ཚིག་གིས་ནུས་པ་འདོན་སྟངས་དང་།ཚིག་གིས་ཟབ་དོན་དཔྱོད་ལུགས་སོགས་ཀྱིས་དེབ་ཆུང་དེ་ཚ་མདའ་བའི་གསུང་མ་རེད་ཅེས་ཞུས་པ་ཡིན་ལགས། གལ་ཏེ། དེབ་ཆུང་དེ་ཁོང་གི་གསུང་ཡིན་པའི་དབང་དུ་བྱས་ནའང་། དུས་སྐབས་དེར་ཚ་མདའ་བ་ཁོང་ཉིད་ནར་སོན་མི་འདུག་ཅེས་བརྗོད་སྙིང་སྤྲོའོ།།

ཡ་ཡ། ཞལ་དྲོ། ཚེ་རིང་། 

དུས་ཚོད་ཀྱི་དབང་གིས་དྲི་བ་དྲིས་ལན་ཡུན་རིང་གནང་ཁོམ་མ་བྱུང་བས། དྲི་བ་གནང་མཁན་ཚོ་ལ་དགོངས་དག་ཞུ་བ་དང་ཆབས་ཅིག སླར་མར་ཡང་འདི་འདྲ་བའི་གོ་སྐབས་འབྱུང་བའི་སྨོན་འདུན་དང་བཅས་ཏེ་རེ་ཞིག་མཇུག་གྲུབ་པར་བྱས། 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1244