རྨ་སྐྱེས་གངས་བུ།

 

ང་ལ་འགར་རྩེ་འཇིགས་མེད་ཀྱི་ཚབ་ཏུ་ང་རྒྱལ་སྐྱེ་ཞིང་སྤོབས་པ་མཐོ།
གྲྭ་བཙུན་རྩོམ་པ་བོ་འགར་རྩེ་འཇིགས་མེད་ལགས་ཀྱིས་བརྩམས་པའི་“བཙུན་པའི་འཚོ་བ་”ལས་“ང་ཡི་སང་ཉིན་”བཀླགས་པ།

ཁྱེད་ཚོར་སྒྲུང་རྩོམ་ཀློག་པའི་ཡོན་ཚད་ངེས་ཅན་ཞིག་ཡོད་པས་སྒྲུང་རྩོམ་རེ་རེ་བཀླགས་པའི་སྐབས་ཀུན་ཏུ་ཕྱིར་རྟོག་བྱེད་ཐེངས་རེར་ཚད་མི་འདྲ་བའི་གཏམ་རྒྱུད་དང་མངར་ལ་སྐྱུར་བའི་ཉམས་རྟོགས་རེ་ཏན་ཏན་སྟོན་རྒྱུ་ལྟ་བུ་ཡོད། ལྷག་པར་མི་རིགས་ཀྱི་ཤ་ཞེན་ཡོད་མཁན་དང་། སྒྲུང་རྩོམ་ལ་ཐོས་པ་སྔོན་དུ་སོང་མཁན་ཞིག་ཡིན་ཚེ་ཁྱད་པར་མི་འདྲ་བའི་ངང་ནས་མཐོང་དཀོན་པའི་རྙོག་འཛིང་ཅན་དུ་ལྟ་ཐུབ་པའི་སྒེར་གཤིས་རེ་རེ་ལྷུན་གྱིས་གྲུབ་ཡོང་བ་ནི་གལ་ཆེན་གྱི་མཇུག་འབྲས་ཉིད་དུ་རྩོད་མེད་དུ་འདོད་ཙ་ན། ཚད་མཐོའི་སྒྲུང་ཀློག་པ་བོ་དང་། ཚད་རན་གྱི་ཀློག་པོ། ཞུགས་མ་ཐག་པའི་སྒྲུང་རྩོམ་ཀློག་པ་བོ་སུ་ཞིག་ཡིན་ཡང་ལེགས་སྒྲུང་ཞིག་གི་སྣེ་མོར་འཐམ་སྟེ་འཇིག་རྟེན་གྱི་ཟར་ཟུར་ཀུན་ནས་སོད་སོད་རྒྱོབ་རྒྱོབ་ཀྱི་དམག་འཁྲུག་དང་། ང་ཆེ་ང་བཙན་གྱི་འཇིགས་གཞོམ། ཤེས་རབ་རྣོ་རྟུལ་གྱི་ལྟད་མོ་སོགས་མཐའ་ཡས་པ་ཞིག་ལ་འགྲེལ་བཤད་བསྐྱོན་ཞོར་གཡུལ་རེ་ཤོམ་པ་ནི་མིག་སྔུན་གྱི་ལས་ཀར་ཆགས་ཡོད། དེ་མིན་བརྩམས་སྒྲུང་བཞེངས་བསྐྲུན་མཁན་ཞིག་ལ་མཚོན་ན་སྤྱི་ཚོགས་རེ་རེའི་འཚོ་བ་སྐྱེལ་སྟངས་ལས་སྐབས་དེའི་གྲགས་ཆེའི་གླེང་ཕྱོགས་ནས་བརྗོད་དོན་མ་བོར་བར་ཀློག་པོ་ཡིད་འགུལ་ཐེབས་པའི་མཚར་གཏམ་སྐོར་དང་སྐོར་གྱིས་གཞུང་རྟ་བྱས་ཏེ་མིའི་མིང་འདོགས་ལུགས་དང་། མི་རེ་རེས་མིག་བརྡ་འཕེན་སྟངས་ཚུན་ཆད་ནས་ཚགས་དམ་ཞིང་གོ་བདེ་བ་ཞིག་འབྲི་གལ་ཆེ་བས་ན་རྩོམ་པ་བོ་སུ་ལའང་མི་འདྲ་བའི་ཁྱད་ཆོས་བརྩིས་ཀྱང་མི་ཁེད་པ་རེ་ཅིས་ཀྱང་ཡོད། དེས་ན་༼ ང་ཡི་སང་ཉིན་༽ རྩོམ་པ་བོ་འགར་རྩེ་འཇིགས་མེད་ལྟ་བུར་མཚོན་ན་“བཙུན་པའི་འཚོ་བ”འམ་དགོན་སྡེའི་སྤྱི་ཚོགས་ཤིག་ནས་རྩོམ་རིག་གི་ཆེད་དུ་བཀག་གཉེར་ཐེབས་ཤིང་། རྩོམ་རིག་གི་སླད་དུ་འཁྱམས་ཉུལ་བྱེད་དགོས་ཐུག་པའི་སྙིང་སྟོབས་རྐྱང་རྐྱང་གིས་གྲུབ་པའི་གྲྭ་བཙུན་དཀྱུས་མ་ཞིག་རེད་འདུག “ཁོང་གིས་རང་ཉིད་ཀྱི་སྔས་མགོའི་ཐད་དུ་བཀལ་ཡོད་པའི་ཉིན་ཐོ་” ཞིག་དང་མདང་ནུབ་ཀྱི་རྨི་ལམ་གཉིས་སྲ་སྲེ་བྱས་ཏེ་འདི་ལྟའི་ལུང་བསྟན་ཞིག་ཇི་ལྟར་ཤོད་སོང་། ཁོང་གིས་བློ་བཟང་མཁས་བཙུན་དང་བློ་བཟང་རྒྱ་མཚོ་གཉིས་ཀྱི་ཕྱག་ཏུ་རྟ་མཆོག་དགོན་པའི་ཆོས་སྲིད་གཉིས་ཀ་ཅིའི་ཕྱིའི་བཞག་སོང་། ཡ་མཚན་པ་ཞིག་ལ། མཛའ་བརྩེ་ཟབ་ཀྱང་དགེ་རྒན་གཅིག་གི་དགེ་ཕྲུག་མཐུན་པོ་གཉིས་གློ་བུར་དུ་“འཆད་ཉན་ཡར་རྒྱས་ཁང་”གི་འགོ་བ་དང་“དོ་དམ་ལྷན་ཁང”་གི་གཙོ་བོར་གྱུར་ཉིན་ནས་སོ་སོའི་སེམས་སུ་སྐྱིད་སྣང་རེ་ཡོད་ན་ཆོག་མོད། བློ་བཟང་རྒྱ་མཚོ་ནི་དེ་ལས་ལྡོག་སྟེ་ནམ་རྒྱུན་སེམས་ཁུར་ཏག་ཏག་ལས་མ་འདས་པ་དེའང་མདང་ནུབ་ཀྱི་རྨི་ལམ་མཚར་བོ་དེའང་ད་དུང་རྫོགས་མེད་པས་ཅི་ལ་མིན་རེད། རྨི་ལམ་དེ་ལས་རྟ་མཆོག་དགོན་ཆེན་ནི་གཏན་དུ་སད་མྱོང་མེད་ལ། སྐྱབས་མགོན་ཡེ་ཤེས་ཚང་ཡང་ལར་ནས་མ་སད་པ་དེ་རེད། ད་དུང་རྟ་མཆོག་དགོན་ཆེན་གྱི་གྲྭ་བ་མང་ཕྱོགས་ཤིག་གིས་དངུལ་ལོ་བསམ་སྟེ། མི་སྒེར་གྱི་འཚོ་བ་སྐྱེལ་སྟངས་དང་དགོན་པ་གྲྭ་ཚང་གི་ཕྱག་ལས་གནང་སྟངས་གཉིས་པོ་རྦད་དེ་བརྗེས་ནས་དོ་དམ་ལྷན་ཁང་གི་འགོ་གཙོ་བློ་བཟང་མཁས་བཙུན་གྱིས་མཛུབ་མོ་གར་བསྟན་ཤར་དང་ཁ་ནས་ཅི་གསུང་ཆོས་སུ་བསམ་སྟེ་ཡར་རྒྱུག་མར་རྒྱུག་བྱེད་ཚུལ་ལ་བརྟག་ན། སྒོར་མོ་དང་མང་ཇ་གཏོང་སྒོ་སོགས་ནི་བསྟན་པའི་སྲོག་ཏུ་འཛིན་ཞིང་། འཆད་ཉན་ཕྱོགས་ཀྱི་ཡར་རྒྱས་འགྲོ་བ་ནི་རྒྱལ་ཁབ་ལ་ངོ་རྒོལ་དང་རང་ཅག་ལ་འབུལ་འཇོམ་བྱེད་མཁན་ཞིག་ཇེ་མང་དུ་བཏང་བ་ལས་ཅི་ཡང་མཐོང་མི་སྤྲད་པའི་དེང་གི་དགོན་སྡེ་འགའ་རེ་གསལ་ཀྱི་ལིར་བཞེངས་འདུག་སྙམ་ན། དེ་དུས་༼ང་ཡི་སང་ཉིན་༽ ནི་འགར་རྩེ་འཇིགས་མེད་ལ་མཚོན་ན་དངོས་གནས་༼ང་ཡི་སང་ཉིན་༽ གྱི་རྨི་ལམ་འཇིགས་ཡེར་བ་ཞིག་དང་དྲན་མི་བསམ་པའི་རྨི་ལམ་སྣ་དགུ་ཞིག་ཡིན་སྲིད་མོད། དེང་དུས་ང་ཚོ་ལ་མཚོན་ན་༼ ང་ཡི་སང་ཉིན་༽ ནི་ཀྱག་ཀྱོག་མང་བའི་དངོས་ཡོད་འཚོ་བ་བརྒྱུད་དཀའ་བ་ཞིག་ཏུ་ཆགས་ཏེ་ཡོད། ལྷག་པར་དོ་དམ་ལྷན་ཁང་གི་འགོ་གཙོ་བློ་བཟང་མཁས་བཙུན་ཚང་གིས་གྲྭ་མང་དང་གཞུང་གི་དངུལ་སྒོར་བཀོལ་ཏེ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ཐོག་བརྩེགས་མཁའ་ལ་ཟུག་པ་ཞིག་ཉོ་ཐུབ་པ་མ་ཟད། རྟ་མཆོག་དགོན་གྱི་སྐྱབས་མགོན་ཡེ་ཤེས་ཚང་ཡང་དེ་གའི་དྲུང་ཆེར་སྡོད་དུ་བཅུག་པ་དེས་ཀྱང་དེང་གི་རུལ་སུངས་རུལ་ནག་ཏུ་སོང་ཟིན་པའི་ལོ་ལོན་གྱི་དགོན་པ་ཁག་གི་ཨུ་ཡོན་དང་བླ་གྲྭ་ཁ་ཤས་དམར་ལྗེན་དུ་ཕུད་ཡག་བྱས་འདུག་སྙམ་ན། ང་ལ་འགར་རྩེ་འཇིགས་མེད་ཀྱི་ཚབ་ཏུ་ང་རྒྱལ་སྐྱེ་ཞིང་སྤོབས་པ་མཐོ། ང་ལ་འགར་རྩེ་འཇིགས་མེད་ཀྱིས་བརྩམས་པའི་༼ ང་ཡི་སང་ཉིན་ ༽ ཞེས་པའི་བརྩམས་སྒྲུང་དེ་ཞིམ་ཞིང་སྙན་རོ་ཕུན་ཚོགས་ལྡན། ཡང་ཉིན་ཞིག་དགོན་འདབས་ཀྱི་སུམ་མདོ་དེ་ནས་བླ་མ་ཁྲི་བ་བློ་བཟང་རྒྱ་མཚོ་མཆོག་ནི་འཁྲུལ་མེད་ཀྱི་བདེན་དཔང་ཁ་ཤས་ཀྱིས་ཕྱི་རྒྱལ་མགོ་སེར་གཉིས་ཀྱིས་ཐད་ཀར་ཕྱག་གིས་བཟུང་སྟེ་གྱེན་འཕུར་གནམ་གྲུའི་ནང་དུ་མྱུར་སྐྱོབ་བྱས་སོང་ཟེར་བ་དེས་ཀྱང་། ང་ཚོ་གནའ་ནས་འདི་ལ་ཐུག་གི་བར་དུ་གཞན་རྟེན་རྐྱང་བ་བྱེད་རྒྱུ་དགའ་ཞིང་རང་ཉིད་དང་རང་རིགས་ལ་ཡིད་ཆེས་ལར་ནས་མི་བྱེད་པའི་གོམ་སྲོལ་ངན་པ་དེ་ཚོ་ལ་གྱེས་བརྡ་ཡག་ཐག་ཆོད་རེ་བཏང་འདུག་པ་ཐད་ཀར་གོ་ནུས་པས། ང་ཚོས་མཚམས་འདིར་གྲྭ་བཙུན་རྩོམ་པ་བོའམ་ཆོས་ལུགས་བརྩམས་སྒྲུང་ལ་ཐོད་བརྒལ་བླ་ལྷག་བྱས་འདུག་པའི་བོད་ཀྱི་རྩོམ་པ་བོ་འགར་རྩེ་འཇིགས་མེད་ལགས་སུ་བཀའ་དྲིན་ཆེ་ཞེས་ལག་གཉིས་ཕྱག་རྒྱ་དང་བཅས་ཏེ་ཞུས་ན་མི་འགྲིག་གམ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1238