བྱང་ཆུབ་ལམ་གྱི་སྒྲོན་མ་ལ་མཇལ་བའི་མྱོང་ཟིན་རང་བློ་གསལ་བའི་ཨཱ་དར་ཤ
རྩོམ་འབྲི་བ། ཀླུ་བློ་དར།
བྱང་ཆུབ་ལམ་རིམ་ཕྱོགས་སྒྲིགས།
ནང་བསྟན་ཤེས་རབ་དངོས་འབུལ་ཁང་ནས།
རྩོམ་པ་བོ་ངོ་སྤྲོད་མདོར་བསྡུས།
བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་བོའི་རྣམ་ཐར་རྒྱས་པ་བཀའ་གདམས་ཆོས་འབྱུང་སོགས་སུ་གསལ་ཞིང་། འདིར་ས་བཅད་མ་སྟོང་བའི་ཚུལ་དུ་རྣམ་ཐར་མདོར་བསྡུས་ཤིག་བརྗོད་ན།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཁོང་ནི་རྒྱ་གར་ལྷོ་ཕྱོགས་བྷཾ་གྷ་ལའི་ཡུལ་དུ་ཡབ་ཟ་ཧོར་རྒྱལ་བོ་དགེ་པའི་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་ཆུ་རྟ་སྤྱི་ལོ་༩༨༢ལོར་སྐུ་འཁྲུངས།དགུང་ལོ་བཅུའི་རིང་ཕྱི་རོལ་མུ་སྟེགས་པ་དང་ནང་བའི་ཆོས་ལུགས་ཀྱི་སྒྲ་ཚད་སོགས་ལ་སློབ་གཉེར་མཛད།དགུང་ལོ་ཉེར་དགུ་བར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་ངྷིའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་ནས་ཕྱི་ནང་ཐུན་མོང་རིག་གནས་དང་ནང་བའི་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱང་བ་མཐར་ཕྱིན་པ་མཛད།པཎྜི་ཏ་ཆེན་པོའི་མཚན་སྙན་ཐོབ།གསེར་གླིང་བ་ལ་སོགས་པའི་བླ་མ་སུམ་ཅུ་སོ་བཞི་ཙམ་བསྟེན་ནས་རྒྱ་གར་དུ་མཁས་པ་གྲགས་ཆེ་བར་གྱུར།དེ་ནས་མངའ་རིས་གུ་གེ་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་དུ་གདན་འདྲེན་ཞུས་ཀྱང་གདན་འདྲེན་མ་ནུས།རབ་བྱུང་དང་བོའི་ཆུ་རྟ་སྤྱི་ལོ་༡༤༢ལོར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་གདན་འདྲེན་ཞུས་པས་བོད་མངའ་རིས་སུ་ཕེབས།དེའི་རྗེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་དབུས་གཙང་དུ་གདན་དྲངས། དེར་ལོ་ངོ་བཅུ་བདུན་རིང་འཆད་ཉན་གྱི་འཕྲིན་ལས་སྤེལ།དགེ་བཤེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།འགོས་ལོ་ཙཱ་པ་ཁུགས་པ་ལྷ་བཙས་སོགས་སློབ་མ་མཁས་པ་མང་དུ་བྱུང་། མཐར་དགུང་ལོ་དོན་གསུམ་པ་ཤིང་རྟ་སྤྱི་ལོ་༡༠༥༤ལོར་སྙེ་ཐང་དུ་སྐུ་གཤེགས་སོ།།
གཞུང་སྤྱི་བཤད།
བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་གཞུང་འདི་ནི་ཤོ་ལོ་ཀ་དྲུག་ཅུ་རེ་བདུན་གྱི་བདག་ཉིད་ཅན་གྱི་གཞུང་ཞིག་ཡིན་ལ།འདི་ནི་ཇོ་བོ་རྗེ་དགུང་ལོ་༥༩སྟེང་མཐོ་ལྡིང་དགོན་ནས་ལྷ་བླ་མས་ཁོང་ལ་དྲི་བ་བདུན་ཞུས་པའི་ལན་དུ་བསྟན་བཅོས་འདི་བརྩམས་པར་གྲགས།དྲི་བ་བདུན་ནི་ཐེག་པ་ཐུན་མོང་བའི་དྲི་བ་གཉིས།ཕ་རོལ་ཏུ་ཕྱིན་པའི་དྲི་བ་གཉིས།སྔགས་ཀྱི་དྲི་བ་གསུམ་སྟེ་བདུན་ནོ།།འདི་ནི་ཐེག་པ་ཆེན་པོའི་དོན་མ་ལུས་པ་རྣམས་ཚིག་ཉུང་ལ་དོན་འདུས་པའིི་བསྟན་བཅོས་གྲགས་ཅན་ཞིག་ཡིན།གཞུང་འདི་ལ་རྟེན་ནས་གྲུབ་མཐའ་སོ་སོའི་ལམ་རིམ་མཛད་ཅིང་།ཁྱད་པར་དུ་རྗེ་ཙོང་ཁ་པས་ལམ་སྒྲོན་འདི་གཞིར་བྱས་ནས་ལམ་རིམ་དང་སྔགས་རིམ་སོགས་བསྟན་བཅོས་རིན་ཐང་དང་བྲལ་བ་མང་དུ་བརྩམས་ནས་ལམ་གྱི་རིམ་པ་འཐུས་ཚང་དུ་བཏང་།བོད་ཡུལ་འདིར་རྒྱ་གར་འཕགས་པའི་ཡུལ་ལས་ཀྱང་ནང་བསྟན་དར་ཆེ་བ་བྱུང་བ་འདི་ཡང་ཇོ་བོ་རྗེ་དང་བྱང་ཆུབ་ལམ་སྒྲོན་གཉིས་ཀྱི་བྱིན་རླབས་ཡིན་པར་གསུངས།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས།མཁས་མཆོག་ཁྱེད་འདྲ་བོད་དུ་མ་བྱོན་ན།།སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི།།ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་པས།།ལེགས་པར་སྟོན་མཛད་ཁྱེད་ལ་གསོལ་བ་འདེབས།།ཞེས་དང་།ཡང་ན་སྟབས་ཀ་བའི་ཞལ་ནས་ཀྱང་།ལམ་སྒྲོན་ཡིག་ཀློག་བག་རེ་བྱས་པས།ད་གཞུང་ཐམས་ཅད་གདམས་ངག་ཏུ་གོ་བ་ཞིག་བྱུང་གསུང་།དེ་ལྟར་ན་ཇོ་བོས་མཛད་པའི་བསྟན་བཅོས་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ།མདོ་སྔགས་གཉིས་ཀའི་གནད་བསྡུས་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་སེམས་འདུལ་བའི་རིམ་པ་གཙོ་བོར་སྟོན་པས་ལག་ཏུ་བླང་བདེ་བ་དང་ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་ངག་གིས་བརྒྱན་པའི་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནོ།།དེ་མིན་གཞུང་འདི་ལ་འགྲེལ་བ་རྒྱས་བསྡུས་སྣ་ཚོགས་ཡོད་དེ་འགའ་རེ་འདིར་དྲངས་ན་ཇོ་བོ་ཁོང་གིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ།པོ་ཏོ་བའི་ལམ་རིམ་གྱི་ཁྲིད་དུ་སྦྱར་བའི་བྱང་ཆུབ་ལམ་གྱི་སྒྲོན་མ།པཎ་ཆེན་ཆོས་རྒྱན་གྱིས་བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད་ཕུལ་བྱུང་བཞད་པའི་དགའ་སྟོན།ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་བ་ཉུང་ངུ་རྣམ་གསལ་ཇོ་བོ་ཆེན་པོ་དགྱེས་པའི་མཆོད་སྤྲིན། དཔལ་མང་པཎ་ཊི་ཏའི་ཕུལ་བྱུང་དགྱེས་པའི་མཆོད་སྤྲིན།རྗེ་ལམ་རིམ་པའི་ཡིད་ཀྱི་སྟེགས་བུ། ལྕང་སྐྱ་རིན་པོ་ཆེའི་ལམ་སྒྲོན་གྱི་ས་བཅད་མདོར་བསྡུས། བསེ་ངག་དབང་བཀྲ་ཤིས་ཀྱི་ལམ་རིམ་ཟིན་བྲིས་ཀྱི་སྐོར་ལས་བྱང་ཆུབ་ལམ་སྒྲོན་གྱི་ཟིན་བྲིས་སོགས་མང་པོ་ཡོད་དོ།།
བསྟན་བཅོས་འདིའི་ནང་དོན་དང་ཁྱད་ཆོས་གཙོ་བོ།
ལམ་སྒྲོན་འདི་ནི་རྒྱལ་བའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་ཏེ་གང་ཟག་གཅིག་འཚང་རྒྱ་བའི་ལམ་ཆ་ཚང་ལ་མ་ནོར་བ་ཚིག་ཉུང་ངུས་བསྟན་པ་ཡིན་ཏེ།ཐོག་མར་ཇོ་བོ་ཆེན་པོས་ཀྱང་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་ནུས་པའི་གང་ཟག་ལ་སྐྱེས་བུ་ཞེས་བརྗོད་དེ།ཆོས་ཀྱི་ལམ་ལ་ཞུགས་པའི་གང་ཟག་ཐམས་ཅད་སྐྱེས་བུ་གསུམ་དུ་བསྡུས་ནས་དེ་དག་སོ་སོའི་མཚན་ཉིད་དང་།ཐོབ་བྱ་འབྲས་བུའི་ཁྱད་པར།འབྲས་བུ་དེ་ཐོབ་པར་བྱེད་པའི་ལམ་གྱི་ཁྱད་པར་རེ་རེ་བཞིན་མདོར་བསྡུས་སུ་གསུངས་པ་དང་།སྐྱེས་བུ་གསུམ་གྱི་མཐར་ཐུག་གི་དམིགས་ཡུལ་ཡང་མངོན་མཐོའི་བདེ་བ་ཙམ་སྟེ་བདེ་འགྲོ་ལྷ་མིའི་གོ་འཕང་ཐོབ་པ་ཙམ་མ་ཡིན་པར་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ངེས་ལེགས་ཀྱི་བདེ་བ་དེ་ཡིན་པ་དང་།ངེས་ལེགས་ལ་ཡང་གནས་སྐབས་ཀྱི་ངེས་ལེགས་དང་མཐར་ཐུག་གི་ངེས་ལེགས་གཉིས་སུ་ཕྱེས་པའི་མཐར་ཐུག་གི་ངེས་ལེགས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཉིད་ཡིན་པས་སོ།། བསྟན་བཅོས་འདིར་ལྟ་བ་དང་སྤྱོད་པ་གཉིས་གལ་ཆེན་དུ་གསུངས་ཡོད་དེ། འདིར་རྩ་བའི་ཚིག་འགའ་རེ་དྲངས་ན།ཤེས་རབ་ཕ་རོལ་ཕྱིན་སྤངས་པའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས།། དགེ་བའི་ཚོགས་རྣམས་ཐམས་ཅད་དག། རྒྱལ་བ་རྣམས་ཀྱི་ཐབས་སུ་བཤད།ཡང་ན།ཕུང་བོ་ཁམས་དང་སྐྱེ་མཆེད་རྣམས།།སྐྱེ་བ་མེད་པར་རྟོགས་གྱུར་བའི།།རང་གཞན་སྟོང་ཉིད་ཤེས་པ་ནི།།ཤེས་རབ་ཅེས་ནི་ཡོངས་སུ་བཤད།།ཅེས་དང་།ཐབས་དང་བྲལ་བའི་ཤེས་རབ་དང་།།ཤེས་རབ་བྲལ་བའི་ཐབས་དག་ཀྱང་།།གང་ཕྱིར་འཆིང་བ་ཞེས་གསུངས་པ།།དེ་ཕྱིར་གཉིས་ཀ་སྤང་མི་བྱ།།ཞེས་པའི་ཤོ་ལོ་ཀ་འགའ་འདིར་བརྗོད་པ་ཡིན།སྤྱིར་ལམ་གྱི་སྒྲོན་མ་འདིར་གལ་མི་ཆེ་བའི་ཤོ་ལོ་ཀ་གཅིག་ཀྱང་མེད་ལ་འདིར་རྩ་བ་དང་འགྲེལ་བ་རེ་རེ་བཞིན་དྲངས་ན་མང་འགྲོ་བའི་རྒྱུ་མཚན་གྱིས་རེ་ཞིག་མཚམས་བཞག་པ་ཡིན།ལམ་གྱི་སྒྲོན་མ་འདིའི་མཐར་ཐུག་གི་ཐོབ་བྱའི་འབྲས་བུ་གཙོ་བོ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཡིན་པས།བསྟན་བཅོས་འདིའི་ནང་དོན་དང་ཁྱད་ཆོས་གཙོ་བོའང་དེ་ཡིན་ནོ།།
མྱོང་ཚོར་དངོས།
བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ནི་ས་གསུམ་གྱི་སྒྲོན་མེ་གཅིག་པུ་ཐུབ་པའི་གསུང་རབ་ཐམས་ཅད་ཀྱི་བཅུད་བསྡུས་པ།ཤིང་རྟ་ཆེན་པོ་གཉིས་ཀྱི་ཟབ་རྒྱས་ཀྱི་ལམ་སྲོལ།བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཀྱི་མན་ངག་མངོན་མཐོ་ངེས་ལེགས་ཀྱི་ལམ་ཆེན། མདོ་དང་དགོངས་འགྲེལ་མཐའ་དག་གི་ལྡེ་མིག རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱི་གཤེགས་བཤུལ།སྐྱེས་བུ་གསུམ་གྱིས་ཉམས་སུ་བླངས་བྱ་མ་ཚང་བ་མེད་པར་སྟོན་པའི་གཞུང་ཞིག་ཡིན་ལ།ཁོ་བོ་ཡང་སྔོན་བསགས་ལས་སྨོན་ཞིག་གི་དབང་གིས་གཞུང་འདི་ལ་མཇལ་བའི་སྐལ་བ་བཟང་བོ་ཐོབ།ད་རེས་ལམ་སྒྲོན་གྱི་དཔེ་ཀློག་མྱོང་ཚོར་འདི་འབྲི་བའི་ཆེད་དུ་གཞུང་འདི་དང་འབྲེལ་ཡོད་ཀྱི་དཔེ་ཆ་འགའ་རེ་བཀླགས་ཟིན།བཀླགས་ཟིན་པའི་ཁྲོད་ནས་རང་ཉིད་ལ་སྔོན་དང་མི་འདྲ་བའི་བློ་བསྐྱེད་མང་པོ་ཞིག་དང་དཔེ་ཀློག་གི་ཁ་ཕྱོགས་གསར་བ་ཞིག་རྙེད་བྱུང་། དེ་མིན་སློབ་སྦྱོང་བ་ཞིག་ལ་མཚོན་ན་འདི་དང་འདི་འདྲ་བའི་གཞུང་ཚད་ལྡན་ལ་མཇལ་རྒྱུ་དེ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་རེད།
མཇུག་གཏམ།
དུས་ཚོད་ཀྱི་ཁོམ་ལོང་གི་དབང་གིས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་དང་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་གཞུང་མཐའ་དག་ཞིབ་པར་བཀླགས་པའི་བསྐལ་བ་དབེན་ན།རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་བཅུད་འདུས་པ།ཤིང་རྟ་ཆེན་པོ་གཉིས་ཀྱི་དགོངས་པ་རྨ་མེད་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ལ་མཇལ་རོགས།ལམ་གྱི་སྒྲོན་མའི་གཞུང་འདི་ལ་དཔྱིས་ཕྱིན་པ་སྦྱངས་ནས་ཉམས་སུ་བླངས་ན་མཐར་ཐུག་གི་འབྲས་བུ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་བོ།། མཇུག་མཐར་བྱང་ཆུབ་ལམ་གྱི་སྒྲོན་མ་འདིའི་མཐུ་ལ་བསྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1232
དཔྱད་མཆན་སྤེལ།