སྒྲུང་འབྲིང«རྒུད»ལ་བལྟས་པའི་བརྗེད་ཟིན་ཇི་ལྟར་རྒུད་དང་ཅིའི་ཕྱིར་རྒུད་སོགས་གླེང་བ།

                       འབྲོག་ཚེ་བྷ།

[ནང་དོན་གནད་བསྡུས] འདིར་བརྩམས་སྒྲུང་གི་ཁ་བྱང་དང་འབྲེལ་ནས་བརྩམས་ཆོས་སྤྱིའི་འཕེལ་རིམ་ལ་དབྱེ་ཞིབ་སྒོས་ཇི་ལྟར་རྒུད་པའི་ཚུལ་ལ་རང་གི་བསམ་ཚུལ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] སུ་ཞིག་རྒུད། ཇི་ལྟར་རྒུད། ཅིའི་ཕྱིར་རྒུད།

 

 བོད་ཀྱི་རྩོམ་པ་བོ་རྒན་གྲས་སྟག་འབུམ་རྒྱལ་ལགས་ནི་ཀུན་ལ་རྒྱུས་མངའ་ཆེས་ཆེར་ལྡན་པའི་བོད་ཀྱི་སྒྲུང་རྩོམ་པ་གྲགས་ཅན་ཞིག་ཡིན། ཁོང་གི་སྨྱུག་རྩེ་ནས་བཞེངས་པའི་བོད་ཡིག་གི་བརྩམས་སྒྲུང་དེ་དག་གིས་དངོས་ཡོད་ཀྱི་མི་དགེ་བའི་ཆ་མང་བོ་ཞིག་ལ་སྨྱུག་ཁ་ཚད་ནས་དགག་སྒྲུབ་དང་ཐེར་འདོན་བྱས་པ་ཡོད་ལ། ཡང་བྱུང་འདས་ཀྱི་ལོ་རྒྱུས་དོན་གནད་འགའ་ཞིག་བརྗོད་གཞིར་དྲངས་ནས་ལོ་རྒྱུས་ཀྱི་དྲན་པ་སློང་བའི་དགེ་འབྲས་ཀྱང་བསྐྲུན་ཡོད། ད་རུང་ཁོང་གི་བརྩམས་ཆོས་དག་ནི་ཀློག་སྤྲོ་བ་བརྗོད་པ་གསལ་བ། ཚིག་སྦྱོར་མཛེས་པའམ་ནང་དུ་གཏན་ཚིགས་རིག་པའི་སྐད་ཆ་དང་མཚན་ཉིད་རིག་པའི་བསམ་བློ་གཏོང་ཕྱོགས་འགའ་ཞིག་ཀྱང་ཟུར་དང་ཟུར་ལ་འཐིམ་ཡོད་པ་ཞིག་ཡིན་པས། དེར་ཆུང་འབྲིང་དང་དམའ་འབྲིང་སློབ་མ་སོགས་ཀྱི་དཔེ་ཀློག་གི་སྤྲོ་བ་བསྐྱེད་པའི་ནུས་པ་ཡང་ངང་ཤུགས་ཀྱིས་བདོག་པ་ཞིག་ཡིན་པས་ཁོ་བོས་ད་བར་དུ་ཁོང་གི་བརྩམས་ཆོས་དེ་ཚོ་བོད་ཡིག་གི་ཀློག་དེབ་ཕུལ་དུ་བྱུང་བ་རེ་རེར་བལྟས་ཡོད། ཡིན་ཡང་། ཁ་སང་ཁོ་བོས་ཁོང་གི་སྒྲུང་འབྲིང«རྒུད»ལ་ལྟ་བའི་གནས་སྐབས་སུ་ལོ་ངོ་འགའ་ལ་ངེད་ཀྱི་རྫོང་མཁར་འདིའི་སློབ་གྲྭའི་དགེ་རྒན་གྱི་ཕྱག་ལས་བཞེས་མྱོང་བའི་རྒན་པ་ཞིག་ང་སར་འོང་ནས་དེབ་ཀྱི་ཁ་བྱང་དང་རྩོམ་པ་པོའི་མཚན་ལ་ལན་གཅིག་བལྟས་རྗེས་སྟག་འབུམ་རྒྱལ་གང་གི་རེད་ཅེས་པའི་དྲི་བ་ཞིག་འཕངས་པས་ངས་ཁོང་གིས་ང་ལ་ཉམས་སད་པ་ལོས་ཡིན་བསམ་མོད། བཟོ་ལྟ་བལྟས་ན་དེ་ཙམ་ཞིག་ཀྱང་མ་ཡིན་པའི་སྣང་བ་ཞིག་བྱུང་བས་རང་ཉིད་ཀྱང་ཅུང་ཟད་ཡིད་སྐྱེངས་དགོས་བྱུང་། ད་དུང་དེབ་ལ་བལྟས་ནས་འདི་ཅི་ཞིག་བྲིས་པ་རེད་ཟེར་བས་ལྷག་ཏུ་རང་ཉིད་ཀྱང་བྱེད་བདེ་བོ་བྱུང་མ་སོང་། ངས་ནི་གཟས་ཏེ་ཁོང་ལ་བརྗོད་པ་མིན་ཡང་ཁོང་དང་འདྲ་བའི་དགེ་རྒན་མང་བོ་ཞིག་སློབ་གསོའི་གར་སྟེགས་སུ་འགྱིངས་ཡོད་པར་བསམ་ཚེ་བརྩམས་སྒྲུང་འདིའི་ཁ་བྱང«རྒུད»ཅེས་པའི་ཡི་གེ་དེ་ཡང་མིག་ལ་ངང་གིས་མངོན་ཡོང་།

 མི་ལོ་འགའ་ལ་བྱིས་པ་སྟོང་ཕྲག་འགའི་སློབ་གསོའི་བྱ་བར་འཇུག་མྱོང་བའི་མི་ཞིག་གིས་ལྟ་རྒྱ་རྦད་དེ་མེད་པའི་སྐད་ཆ་དེ་འདྲ་བརྗོད་པར་ང་རང་ཁ་སྐྱེངས་དགོས་པ་ནི་དོན་ཆུང་ཞིག་མ་རེད་བསམ། དེ་ནི་དེང་མ་འབའ་ཕུན་རྒྱ་ནང་ནས་སློབ་སྦྱོང་བྱས་ཏེ་ལྷ་སར་སྐྱོད་སྐབས་སུ་བོད་ཀྱི་སྐུ་དྲག་ཅིག་གིས་ཆབ་མདོའི་གོ་མིན་ཏང་ས་གནས་དམག་དཔོན་ཞིག་གི་མིང་ནས་བཟུང་སྟེ་ཁོ་དང་ཅང་ཅེ་ཧྲི་གཉིས་ཀྱིས་སུས་གོ་ས་མཐོ་བ་རེད་ཅེས་དྲིས་པ་དང་འདྲ་སྟེ། མ་མཐའ་ཡང་ཁོང་ལ་མཚོན་ན་ལྗིད་ཁོག་རབ་ཏུ་ལྡན་པའི་དུས་རབས་ཤིག་གི་ཚབ་མཚོན་གྱི་རྩོམ་པ་པོ་ཞིག་དང་ཁོང་གི་བརྩམས་སྒྲུང་བཅས་ནི་དེ་འདྲའི་རྒྱུས་མེད་ཅིག་རེད་ཨང་།

 ད་ནི་ང་རང་གཏིང་ནས་བཀླགས་ཐོ་འབྲི་བའི་གོ་རིམ་སྟེ་དེབ་འདི་ལན་གཅིག་བཀླགས་པའི་རྗེས་ཀྱི་མྱོང་བ་དེ་ཚོ་ཡིག་ངོར་འབེབ་པའི་ལམ་དུ་འཇུག་པར་བྱ། ང་ནི་གཅིག་ཏུ་ན་ཐར་མཐའ་བ་ཞིག་རེད་ལ་ཡང་ན་རང་ཉིད་ད་རུང་ཡང་སྔར་གྱི་བསམ་བློ་གང་དེའི་སོ་ན་གནས་པ་ལས་ནར་སོན་གྱི་མི་འདུག དེ་ནི་ཆེས་ཐོག་མར་ཁོ་བོས་བརྩམས་སྒྲུང་འདི་ལན་གཅིག་བཀླགས་རྗེས་ཀྱི་བསམ་བློ་ཐོག་མ་སྟེ་བརྩམས་སྒྲུང་འདི་ནི་ལོ་རྒྱུས་ཀྱི་དྲན་པ་གསོ་བའི་དོན་བྱེད་གཞན་ལས་ནུས་པར་སྙམ་ཞིང་། ཐེངས་འདིར་ཡང་དེ་ལྟར་བསམ། ད་རུང་ཁོས་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཀྱང་འདི་རེད་དེ་དེབ་འདི་འདྲ་ཀློག་པར་དགེ་མཚན་རབ་ཏུ་ལྡན་པར་འདོད་ཡོད། སྤྱིར་ན་སྒྱུ་རྩལ་རྩོམ་རིག་གི་དབུ་ལ་སྐྲ་མེད་སར་ལན་བུའི་ཁྲལ་བཞག་ནས་འདི་ལྟའི་འགན་འཁྲི་འཇོག་རུང་མིན་མི་ཤེས། ལ་ལས་གཏན་ནས་མི་རུང་ཟེར་ལ་དགའ་ཞིག་གིས་ངེས་པར་དགོས་ཀྱང་སྨྲ་མོད། ང་ལ་མཚོན་ན་སྐུ་དྲག་ཅིག་གིས་བཀའ་འབེབ་པ་བཞིན་གྱི་ཐག་གཅོད་དེ་གཉིས་ཀྱི་གང་ལ་ཡང་དགའ་བོ་མེད་དེ། ཡོད་ན་ཡང་ཉེས་པར་མི་འགྱུར་ལ་མེད་ཀྱང་སྐྱོན་དུ་མི་འགྲོ་སྙམ།

 ད་སྔ་ཡན་ཆོད་དུ་ལོ་རྒྱུས་ཀྱི་དྲན་པ་གསོ་བའི་བྱེད་ནུས་ཀུན་ལྡན་གྱི་བརྩམས་སྒྲུང་མང་བོ་ཡོད་དེ་དཔེར་ན«ཆུ་མིག་དགུ་སྒྲིལ»དང«བློས་བསླངས་དཀྱིལ་འཁོར» དེ་བཞིན་སྟག་འབུམ་རྒྱལ་གྱི«ལྷིང་འཇགས་ཀྱི་རྩྭ་ཐང» ཚེ་རིང་དོན་གྲུབ་ཀྱི«གཅེས་ཕྲུག»ལྟ་བུ་སོགས་སོ། ། དེ་ཚོ་སོ་སོས་ལོ་རྒྱུས་ཀྱི་དོན་བྱ་གང་ཞིག་བརྗོད་པའི་དུས་སྐབས་མི་འདྲ་བ་ཇི་བཞིན་གོ་རིམ་མི་འདྲ་ལ། མཇུག་འབྲས་ཀྱང་ལྷག་ཏུ་མི་འདྲ། འོན་ཀྱང་ཟུར་གཉིས་ཀྱི་སྒོ་ནས་ལྟ་བར་རུང་སྟེ་དཔེར་ན་མཇུག་འབྲས་ལ་ཆ་བཞག་ན་སྐྱོ་གར་དང་སྤྲོ་གར་གཉིས་ཀྱི་སྒོ་ནས་བསྡུས་པ་ལྟ་བུ་ཡིན། ཡང་གཅིག་བཤད་ན་བསམ་གཞིགས་ཆེས་ཆེར་བསྐྱེད་པའི་ནུས་པ་ཡང་མཇུག་འབྲས་ཀྱི་སྟེང་ནས་མངོན་པ་འདྲ། བརྩམས་ཆོས་འདི་ལ་མཚོན་ན་མཇུག་འབྲས་ནི་སྐྱོ་གར་གྱི་སྒོ་ནས་བསྡུས་པ་ཞིག་ཡིན། འོན་ཀྱང་སྐྱོ་གར་གྱི་མཇུག་འབྲས་གང་དེ་ང་ཚོའི་མཐོང་སྣང་དུ་མངོན་པ་ནས་བཟུང་ཀློག་མཁན་གྱི་འདང་རྒྱག་ཕྱོགས་ངམ་གྱིས་བརྩམས་ཆོས་འདིའི་ཁ་བྱང་གི་སྟེང་དུ་བུད་འགྲོ། ད་སྔ་ཁོ་བོས་བརྩམས་སྒྲུང་འདི་ལན་འགར་བལྟས་ཤིང་གྲོགས་པོ་འགའ་རེས་ཀྱང་ལྟ་བཞིན་པ་མཐོང་མོད། སུས་ཀྱང་འདིའི་ཁ་བྱང་ལ་གཏིང་ཟབ་པའི་བསམ་བློ་ཞིག་མ་བཏང་བ་འདྲ། མ་མཐའ་ཡང་རང་ཉིད་དེ་འདྲ་ཞིག་རེད། དེ་ནི་གཅིག་ཏུ་ན་བརྩམས་ཆོས་འདིའི་ཁ་བྱང་ཤིན་ཏུ་ལས་སླ་བོས་གོ་བ་ལེན་མི་ཐུབ་པས་ཡིན་ནམ་གཏིང་སྔོག་པར་ཅུང་ཟད་དཀའ་བའི་ཡིན། གཞན་དག་མི་ཤེས་མོད་ང་ནི་ཕྱི་མའི་རྐྱེན་གྱིས་སོ། །

༡——བརྩམས་ཆོས་འདིའི་ཁ་བྱང་ལ་བལྟ་བ།

 རགས་ཙམ་བལྟས་པས་བརྩམས་ཆོས་འདིའི་ཁ་བྱང་ལ་གོ་བ་མི་རྙེད་པ་ཅི་ཡང་མེད་པ་བཞིན་དུ་སྣང་ན་ཡང་། བློ་ཞིབ་མོས་ལན་གཅིག་བལྟས་ཚེ་བརྩམས་ཆོས་འདིའི་སྤྱི་རྡོག་གང་ཞིག་ནི་སྔར་བཞིན་བརྩམས་ཆོས་འདིའི་ཁ་བྱང་གི་སྟེང་དུ་གྲུབ་ཡོད་པ་འདྲ། གལ་ཏེ་ཤིན་ཏུ་སླ་བོའི་སྒོ་ནས་ཁ་བྱང་ལ་འགྲེལ་བ་ཞིག་བྱས་ཚེ་དེ་ནི་ཉམས་ཤིང་ཆག་པའི་དོན་སྟེ«དག་ཡིག་གསར་བསྒྲིགས»སུ་འདི་ལ་སྟོབས་ཤུགས་མར་ཆག་པའི་དོན་ཞེས་འགྲེལ་བ་བརྒྱབ་ཡོད། ད་དུང་དག་གསར་དུ་འདི་ལ་དར་བའི་ལྡོག་ཟླ་སྟེ་ཞེས་འགྲེལ་བ་ལྷག་མ་ཞིག་ཡོད་པ་ནི་ཐེངས་འདིར་ཁ་བྱང་ལ་བསམ་གཞིགས་གཏོང་བའི་དགེ་ཕན་དང་འབྲེལ་བ་ལྡན། དེ་ལྟར་ན་ང་ཚོའི་རྟོག་ངོར་རྒུད་པ་ཡོད་ཚེ་དར་བ་ནི་སྔོན་དུ་མ་སོང་ཐབས་མེད་ཀྱི་བློ་ཞིག་འཁྲུངས་སྲིད་ལ་རྒུད་པ་ནི་ལྟོས་མེད་དུ་རང་རྐྱ་ཐུབ་པར་གྲུབ་ཏུ་མེད། དེས་ན་བརྩམས་སྒྲུང་འདི་ལས་དར་བའི་དུས་སྐབས་གང་ཞིག་གི་ལས་དབང་སྔོན་ལ་སོང་བ་གཞིར་བཞག་གི་སྟེང་ནས་རྒུད་པའི་གོ་རིམ་དག་ནི་ཞིབ་པར་བརྗོད་པ་ཞིག་ཡིན། བརྩམས་སྒྲུང་ལས་དར་བའི་དུས་སྐབས་ཞིབ་བརྗོད་བྱས་པའི་ཆ་ནི་ཤིན་ཏུ་ཉུང་སྟེ་དེ་ནི་གླེང་གཞི་རུ་བཀོད་པའི«བཞུད་པའི་ལོ་ཟླ»ཞེས་པའི་ལེའུ་འདི་གཅིག་པུས་ཁོང་དུ་བསྡུས་ཡོད། དེ་ནི་དེབ་ཏུ་སྐུ་ལྷ་གཡག་རྒྱལ་གྱིས་རང་གི་བུ་གསུམ་གྱིས་མ་འོངས་པར་ས་ཟིན་མིན་གྱི་ཚོད་བགམ་པའི་ཆེད་དུ་ཚེས་སྐར་ཤིན་ཏུ་ཡག་པའི་ཉིན་ཞིག་ལ་ཁོ་ཚོ་གསུམ་པོ་ས་ཆ་གསུམ་དུ་མངགས་པ་དང་ལམ་བར་ནས་དངོས་པོ་ཅི་རྙེད་མཐའ་དག་རང་སར་འཁྱེར་ཡོང་དགོས་པའི་བཀའ་བགོས། བུ་གསུམ་གྱིས་ས་ཆ་སོ་སོ་རེ་ནས་བུ་ཆེ་བས་གསེར་གྱི་དྲིལ་བུ་ཞིག་དང་། བུ་འབྲིང་བས་སྙུག་མའི་གླིང་བུ་ཞིག བུ་ཆུང་བས་སྤྱང་མོའི་རྔ་མ་ཞིག་བཅས་རྙེད་དེ་ཡོང་བར་ཕ་རབ་ཏུ་དགའ་ནས་མ་འོངས་པར་ཁྱོད་གསུམ་གྱི་ཤུལ་དུ་གསེར་ཚ་གླིང་ཚ་སྤྱང་ཚ་གསུམ་ཞེས་ཚོ་བ་ཆེན་པོ་གསུམ་ཆགས་ངེས་ཤིང་། དེ་ལས་གསེར་ཚ་ལ་བླ་མ་བཟང་བོ་དང་གླིང་ཚ་སང་གི་སྙན་གྲགས་རྒྱས་པ། སྤྱང་ཚ་ཚང་གི་དྲག་པོའི་བུ་རྟ་ལ་ཁ་ཡ་མེད་པ་ཡོང་ངེས་ཡིན་སོགས་ཀྱི་ལུང་བསྟན་སྨྲས་ནས་སྐུ་གཤེགས་པར་གྱུར།

 ལོ་ངོ་མང་བོའི་རྗེས་སུ་བུ་གསུམ་གྱི་ཤུལ་དུ་དངོས་གནས་དེ་འདྲའི་ཚོ་བ་ཆེན་པོ་གསུམ་ཆགས་པར་གྱུར་བས་དར་བའི་དུས་སྐབས་ཀྱི་དབུ་ཡང་འདི་ནས་བསླངས་པ་སྟེ་བརྩམས་སྒྲུང་དུ་བྱུང་བའི་ཡི་གེ་དངོས་གནས་བ་བྲིས་ན“སྐྱིད་ལ་མཉམ་རོལ་དང་དགྲ་ལ་མཉམ་སྡང་བྱེད་བཞིན་ཚོ་བ་གསུམ་ག་ཞོ་ལྟར་ཆགས་པ་དང་། “སྤྱང་གླིང་གསེར་གསུམ”ཞེས་སྟོབས་དབང་ཤུགས་དང་ནོར་ལོངས་སྤྱོད་གཞན་ལས་ཆེ་བ་བྱུང་བས་དགྲ་གང་ཡིན་ཞིག་གིས་ཕོག་ཐུག་གཏོང་མི་ཕོད”ཅེས་པའོ། ། དེས་ན་བརྩམས་སྒྲུང་དུ་མངོན་པའི་རྒུད་ཀྱི་ལྡོག་ཟླར་ལངས་པའི་དར་གྱི་གནས་སྐབས་ནི་འདི་ལྟའི་སྐད་ཆ་ཉུང་ངུ་ཞིག་གིས་རྫོགས་པར་བྱས་ཤིང་བརྩམས་ཆོས་ཁོ་རང་གི་འགན་ནུས་དངོས་ནི་རྒུད་པའི་དུས་སྐབས་ཀྱི་བྱུང་བ་དག་ཞིབ་འབྲི་བརྗོད་པར་ཧུར་བླངས་ཡོད། དེས་ན་བརྩམས་ཆོས་ཀྱི་ཁ་བྱང་འདི་ལས་ང་ཚོས་ཐོག་མ་ནས་སུ་ཞིག་རྒུད་དང་ཇི་ལྟར་རྒུད། ཅིའི་ཕྱིར་རྒུད་སོགས་ཀྱི་འཕེལ་རིམ་ལ་ཉམས་འཇོག་དང་འདྲི་ཚིག་སྔོན་དུ་འཕེན་དགོས་པ་ཞིག་གོ །

༢——སུ་ཞིག“རྒུད། ”

  བརྩམས་སྒྲུང་འདིའི་ཁྲོད་དུ་རྒུད་པའི་ལམ་དུ་བཞུགས་པའི་ཚོ་སྡེ་གསུམ་བརྗོད་ཡོད་དེ་དེ་ནི་དར་བའི་ལམ་དུ་སོང་མྱོང་བའི་ཚོ་བ་གསུམ་ཡིན། དེ་ནི་གསེར་ཚ་དང་གླིང་ཚ་སྤྱང་ཚ་ཚོ་བ་གསུམ་མོ། ། ཡིན་ཡང་སྤྱི་ཁོག་ནས་ཞིབ་བརྗོད་ཀྱི་སྨྱུག་རྩེ་ཆེས་ཆེར་བཀོལ་ཡོད་པ་ནི་སྤྱང་ཚ་ཚོ་བ་ཡིན། དེབ་ཀྱི་ཁྲོད་ནས་སྤྱང་ཚའི་དཔོན་པོ་ཉི་བཟང་དང་ཁོང་གི་སྐུ་ལྕམ་གྱི་འགལ་འདུ་དེ་ཚོ་དང་། དཔོན་ཕྲུག་དང་ཚེ་ལོ། གཡོག་མོ་ཀུན་སྐྱིད་སོགས་ཀྱི་འགལ་འབྲེལ་དེ་ཚོ། ད་རུང་ཆེས་མཐའ་མར་དཔོན་པོ་གཡོ་འཚོང་བྱེད་མཁན་གྱི་མི་སྣ་དང་སྤྱང་ཚའི་གཉེར་བར་སྤྲུལ་སྐུ་འཁྲུངས་པ་སོགས་ཀྱི་ཞིབ་བརྗོད་ཀྱི་ཤུགས་ཆེས་ཆེ་བ་ནི་སྣེ་གཅིག་ཁོ་ནར་གཏོད་ཡོད་པ་ཞིག་རེད། འོན་ཀྱང་། བརྩམས་ཆོས་ཀྱི་ལེའུ་དང་བོ་དབུ་བསླངས་པ་ནས་དཔོན་པོ་ཉི་བཟང་གིས་མཚོན་ཆ་བསྡུས་ཏེ་གསེར་ཚ་ཚོ་བར་ཕར་རྒོལ་བྱེད་པའི་སྟ་གོན་བྱེད་ཀྱིན་པ་བྲིས་ཡོད་ལ། ཁོ་ཚོའི་སྔོན་གྱི་དགྲ་ལ་ཉམས་རྒོལ་དང་སྐྱིད་ལ་ཉམས་རོལ་གྱི་དུས་སྐབས་དེ་ཉིད་ཀྱང་དུས་འདི་ནས་ལོ་རྒྱུས་ཀྱི་ངོ་བོ་ཙམ་ཞིག་ལས་གང་ཡང་མ་ལྷག་པའི་གནས་ཚུལ་བརྗོད་པ་ལས་ང་ཚོས་སུ་ཞིག་རྒུད་པའི་ལམ་དུ་སོང་བའི་ཆོས་ཉིད་གསལ་རྟོགས་འབྱུང་ཐུབ། འོན་ཀྱང་འདི་ལྟར་ཚིག་ཉུང་སྟབས་བདེའི་སྒོ་ནས་བརྗོད་ན་བརྩམས་ཆོས་འདིའི་ཡོད་ཚད་ལ་སྤྱི་སྡོམ་བྱེད་པ་ཅུང་ཟད་མགྱོགས་དྲགས་པར་སྙམ་པས་ཁོ་བོས་བྱེ་བྲག་གིས་དབྱེ་ཞིབ་ཕྲན་ཙམ་ཨེ་ཐུབ་ལྟ་བར་བྱ། བརྩམས་ཆོས་འདིའི་ཁྲོད་དུ་མགོ་ནས་མཇུག་བར་དུ་ཡང་ནས་བསྐྱར་དུ་མངོན་པའི་མི་སྣ་འགའ་ཞིག་བྱུང་ཡོད་དེ་དེ་དག་སོ་སོར་རང་གི་གནས་བབས་ཀྱི་ཐད་ནས་མ་འདྲ་བ་དང་ཐོབ་ཐང་མི་མཚུངས་པ། དེ་བཞིན་བརྩམས་ཆོས་སུ་མངོན་པའི་གཏམ་རྒྱུད་ཀྱི་གོ་ཐོབ་ཀྱང་མཆོག་དམན་གཉིས་སུ་ངེས། དེ་ལས་གོ་གནས་ཆེས་ཟབ་པ་ནི་ཚེ་ལོ་དང་ཁེ་པ་མཱ་ནེ་གཉིས་སོ། ། སྐབས་འདིར་ང་ཚོས་ཚེ་ལོ་སྟབས་བདེའི་སྒོ་ནས་ལྟ་བར་བྱ། ཁོ་ནི་སྤྱིར་ན་དཔོན་པོ་ཉི་བཟང་ཚང་གི་ལུག་རྫི་གཡོག་ཕྲུག་ཅིག་ལས་གང་ཡང་མིན་ན་ཡང་དཔོན་ཚང་གི་ཕྱི་སྒོར་འཁྱམ་དུ་མི་རུང་བའི་གསང་བ་འགའ་ཞིག་གི་རྐྱེན་ལས་བྱས་ཏེ་ཁོ་ནི་དཔོན་པོའི་སྐུ་སྲས་ངོ་མར་གྱུར་ཡོད། འོན་ཀྱང་དེ་ནི་བརྩམས་ཆོས་སུ་མངོན་པའི་བརྗོད་དོན་དང་འབྲེལ་ཡོད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་མ་རེད། རྒྱུ་རྐྱེན་ཆེས་གཙོ་བོ་ནི་ཁོའི་དཔའ་བོའི་གཤིས་ཀའི་སྟེང་དུ་གྲུབ་ཡོད། ཁོ་ནི་ཚོགས་སྡེ་དང་དཔོན་པོར་བློ་དཀར་ལ། བློ་རིག་སྐྱེན་ཞིང་རྟུལ་ཕོད་ལྡན་པ་ཞིག་རེད། དེ་བས་ཁོ་དཔོན་པོའི་ཡིད་ལ་ཆེས་འཐད་པའི་མི་རུ་གྱུར་ཡོད། འོན་ཀྱང་འཛུབ་མོ་གཅིག་གིས་གནམ་མི་ཐེགས་ཅེས་པའི་བོད་ཀྱི་ཁ་དཔེ་བཞིན་ཁོ་ཆེས་མཐའ་མར་ཁེར་རྐྱང་དུ་གྱུར་ལ་ཁོས་ཇི་ལྟར་ཤི་རེ་བྱས་ཀྱང་དཔོན་ཚང་གིས་མཚོན་པའི་མི་རབས་ཤིག་རྒུད་པའི་ལམ་དུ་འགྲོ་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་མ་ཐུབ། དེ་ནི་ཁོའི་བསམ་པ་སྤྱི་ཆས་ལ་བསམ་ཀྱང་ནང་མི་ཡུལ་སྡེ་དག་གིས་ཁོ་ལ་ཡིད་རྟོན་མ་བྱས་པའམ་ནག་ཉེས་ཡོད་ཚད་ཁོའི་སྟེང་དུ་བཀལ་ནས་ཁོ་རང་ཁེར་རྐྱང་དུ་ཕུད་པའི་དབང་གིས་རེད།

  ཡིན་ཡང་ཁེ་པ་མཱ་ནེ་ནི་དཔོན་ཚང་དང་འབྲེལ་བ་རྦད་དེ་མེད་པའི་རྒྱ་སོག་མགྲོན་པོ་ཞིག་རེད། ཁོ་ནི་དཔོན་པོ་ཉི་བཟང་གིས་ཟི་ལིང་ཀྲོས་ཞིའི་ངོ་མ་ལྡོག་པར་ཁོའི་རྗེས་སུ་ཁྲིད་འོང་བ་ལས་ཁོ་རང་ཡིད་འཐད་གཏན་ནས་བྱུང་མེད་ལ་ཡང་གཅིག་བཤད་ན་ཉིན་འགའི་རྗེས་སུ་ཕྱིར་བུད་འགྲོ་བར་བསམ་ན་ཡང་ཁེ་པ་མཱ་ནེ་དེ་འདྲ་ཞིག་གཏན་ནས་མིན། ཁོས་སྐད་ཆ་འདྲ་མིན་བཤད་ནས་དཔོན་མོའི་སེམས་བསླུས་པ་དང་། གསེར་ཚ་ཚོ་བ་དང་སྤྱང་ཚ་གཉིས་ཀྱི་བར་དུ་དབྱེན་དཀྲུག་ཀྱང་བྱས། ད་རུང་ཧམ་པ་ཆེན་པོས་བུད་མེད་མང་དུ་བསླངས་པ་དང་ཀུན་སྐྱིད་དང་དཔོན་པོའི་ངོ་ལ་བལྟས་ནས་ཁ་བཙོག་བཤད། དེ་བས་དཔོན་པོ་ཁོ་ལ་གཏིང་ནས་ཡིད་བསུན་ཞིང་ལྐོག་ནས་ཁོ་མེད་པར་གཏོང་བའི་བསམ་བློ་ཡང་བཏང་། འོན་ཀྱང་ཆེས་མཐའ་མར་ཁོས་དཔོན་མོ་ཡང་ཁྲིད་ནས་བྲོས་སོང་མོད་ཚེ་ལོས་རྗེས་འདེད་བྱས་ནས་དཔོན་མོ་ཕྱིར་ཁྲིད་འོང་བ་དང་ཁོ་རང་ལུས་རྗེན་དུ་མངགས། འོན་ཀྱང་རྗེས་སུ་ཁོ་གསེར་ཚ་ཚོ་བའི་གཅེས་ཕྲུག་ཏུ་གྱུར་ལ་རྒྱ་དཔོན་ཞིག་ཏུ་ཡང་གྱུར། སྐབས་དེར་ད་གཟོད་ཁོས་ཁ་གཡོར་ས་སྣ་ཚོགས་ཀྱི་སྒོ་ནས་སྤྱང་ཚ་ཚོ་བའི་དཔོན་པོ་ལ་ངན་བྱེད་འགོ་བརྩམས་ཤིང་ཆེས་མཐའ་མར་དཔོན་པོ་ཉི་བཟང་དངོས་སུ་མེད་པར་བརྫངས། ཡིན་ཡང་ཁོས་གསེར་ཚ་ཚོ་བ་དང་གླིང་ཚ་ཚོ་བ་གཉིས་ལ་ཡང་བདེ་སྐྱིད་ཅིག་རྦད་དེ་སྦྱིན་མེད་ལ་དཔོན་པོ་ངོ་ལོག་བྱས་ནས་སྤྲུལ་སྐུ་ཟི་ལིང་ཀྲོས་ཞི་ལ་སྟེར་འདོད་མཁན་གྱི་གཉེར་བ་ཡང་ཁོས་རྐང་འོག་གི་གྲོག་མ་བཞིན་གཅུར་བར་བྱས། དེ་ལྟར་ན་ཁོ་ནི་བརྩམས་སྒྲུང་འདིིའི་ཁྲོད་ཀྱི་ཆེས་གལ་འགངས་ཅན་གྱི་མི་ཞིག་ཡིན་ལ་སུ་ཞིག་རྒུད་པའི་ལམ་དུ་འཁྲིད་མཁན་གྱི་གཏེ་བོ་ཡང་ཡིན།བརྩམས་སྒྲུང་འདི་ལན་གཅིག་བཀླགས་རྗེས་ང་ཚོའི་སེམས་ནས་ཀྱང་དཔོན་པོ་ཉི་བཟང་གིས་བརྗོད་པ་བཞིན་དེང་ཐོག་ཁོ་མ་བསད་པ་ནི་ཆེས་འགྱོད་པ་སྐྱེ་བའི་བྱ་བ་ཞིག་རེད་ཨང་བསམ་ཡོང་ངེས། དེ་བས་སུ་ཞིག་རྒུད་པའི་ལམ་དུ་སོང་བའི་བྱ་བའི་འཕེལ་རིམ་ལ་ཆ་འཇོག་བྱེད་དུས་ཁོ་ནི་ངེས་པར་དུ་ཡིད་འཇོག་བྱེད་དགོས་ལ། ཁོ་དང་འབྲེལ་ཡོད་ཀྱི་ཚོ་སྡེ་དེ་ཚོ་ཡང་ཡིད་འཇོག་བྱེད་དགོས། དེ་ལྟར་ན་ལན་འདི་ནི་རྙེད་དཀའ་བོ་ཞིག་མ་རེད་སྙམ།

༢——ཇི་ལྟར“རྒུད།”

  སྐབས་འདིར་ང་ཚོས་སུ་ཞིག་རྒུད་པའི་ཨ་ལན་ནི་རྙེད་ཡོད་དེ་དེ་ནི་སྤྱང་གླིང་གསེར་གསུམ་གྱི་ཚོ་བ་སྟོབས་ཆེན་དེ་དག་རེད། ད་ནི་ང་ཚོས་ཇི་ལྟར་རྒུད་པའི་ཨ་ལན་དེ་དབྱེ་ཞིབ་གཏོང་དགོས། བརྩམས་སྒྲུང་འདིིའི་གོང་དུ་རྩོམ་པ་པོས་བོད་ཀྱི་གཏམ་དཔེ”ལུག་ཕོ་གཉིས་ཀྱིས་གདོང་གཏུགས་ན། ། མགོ་ཁྲག་ཨ་ཅེ་ཝ་མོས་ལྡག”ཅེས་པའི་ཚིག་དེ་དྲངས་ཡོད། གཏམ་དཔེ་འདིས་བརྩམས་སྒྲུང་འདིའི་བྱུང་རིམ་དང་འབྲེལ་ཏེ་ཇི་ལྟར་རྒུད་དང་ཅིའི་ཕྱིར་རྒུད་པའི་ཨ་ལན་དེ་ང་ཚོར་བསྩལ་ཡོད། ཡིན་ཡང་སྐབས་འདིར་ང་ཚོས་ཉམས་འཇོག་གཏོང་དགོས་པ་ནི་ཚིག་རྐང་གོང་བ་དེ་ཡིན། དེས་ན་ཤིན་ཏུ་ཁ་གསལ་གྱིས་བརྗོད་ན་ལུག་ཕོ་གཉིས་ཀྱིས་ཕན་ཚུན་གདོང་གཏུགས་པས་ཁོང་གཉིས་ཀྱི་སྟོབས་ཤུགས་རྒུད་པའི་ལམ་དུ་སོང་བ་རེད་ཅེས་པའོ། ། དེས་ན་ཇི་ལྟར་རྒུད་པའི་ལམ་ཨ་ལན་ནི་སྔར་བཞིན་སླ་བོའི་སྒོ་ནས་རྙེད་བཏུབ།

  བརྩམས་སྒྲུང་སྤྱི་ལ་དབྱེ་ཞིབ་གཏོང་དུས་ང་ཚོས་ཐོག་མར་སྤྱང་ཚ་གསེར་ཚ་གཉིས་ཀྱི་བར་དུ་ཤ་འཁོན་གྱི་དགྲ་གྱོད་ལུས་ཡོད་པ་གསལ་ལེར་རྟོགས་ཐུབ། དེས་སྟེང་དུ་ཚེ་ལོའི་གཉེན་སྟོན་གྱི་སྐབས་སུ་གསེར་ཚ་ཚོ་བས་སྤྱང་ཚ་ཚོ་བའི་ལུག་ཁྱུ་འདེད་འཕྲོགས་བྱས་པ་དང་དེའི་ར་མདར་ཚེ་ལོ་སོགས་སོང་ནས་ཕར་ལ་མི་གསོད་བྱས། ཡིན་ཡང་ཚེ་ལོ་ཕྱིར་མངགས་རྗེས་ཁོ་ཚོས་སླར་ཡང་ཁེ་པ་མཱ་ནེ་དང་དཔོན་ཕྲུག་གི་དཔའ་གཏམ་ལ་ཡིད་ཆེས་ནས་ཕར་རྒོལ་བྱས་ཏེ་གསེར་ཚ་ཚོ་བ་མིང་གི་ལྷག་མ་ཙམ་དུ་གཏོང་བར་འདོད་པའི་ཧམ་སེམས་ཀྱིས་དཔོན་པོ་ཉི་བཟང་གི་སྲས་ཀྱང་དགྲ་ལག་ཏུ་ཤོར། སྐབས་འདི་ནས་བརྩམས་སྒྲུང་གི་འཕེལ་རིམ་ཡང་ཆེས་ཆེར་འཕགས་ཡོད། སླར་ཡང་ཐེངས་འདིའི་གྱོད་བཤད་ཀྱི་གཟུ་བ་གླིང་ཚའི་དཔོན་པོ་འོངས་ནས་ཐག་གཅོད་བྱས་ན་ཡང་དགོས་དོན་མེད་པར་ཟི་ལིང་ཀྲོས་ཞིས་ཀྱིས་མངགས་པའི་གཟུ་བ་སྐོར་ཚོ་ཞིག་ཀྱང་དམག་སྒར་དང་བཅས་ཏེ་ཁོ་ཚོའི་ཡུལ་དུ་སླེབས། གནས་ལུགས་ཀྱི་ངོས་ནས་བཤད་ན་ནི་ཁོ་ཚོ་དངོས་གནས་ཐེངས་འདིའི་གྱོད་དོན་དང་འབྲེལ་བ་རྦད་ནས་མེད་དེ་རྩོམ་པ་པོས་ལེའུ་འདིའི་ཁ་བྱང་ལ༼མ་བོས་མགྲོན་པོ༽ཞེས་བཏགས་པ་བཞིན་ཡིན། ཡིན་ཡང་ཁོས་གཟུ་གྱོད་བཤད་པ་ནས་ཐོག་མའི་ཆ་རྐྱེན་ནི་དཔོན་པོ་ཚོ་སྐོར་གཉིས་ཀྱིས་མ་ཀྲོས་ཞི་ལ་དངུལ་སྲང་ལྔ་སྟོང་རེ་དང་། བོའུ་རིང་ཉི་ཤུ་རེ། ལ་ལོ་ལྔ་བཅུ་རེ། ནོར་བརྒྱ་རེ་བཅས་ཀྱི་ཆད་པ་དང་ལེན་དགོས་པའི་བཀའ་ཕབ། ཡིན་ཡང་ཕྱོགས་འདི་དག་གི་ཁ་གཏད་དུ་སྤྱང་ཚའི་དཔོན་པོ་ཉི་བཟང་ལས་ཚོ་བ་གཞན་གཉིས་ཀྱིས་གཉའ་ཞིམ་ནས་བསྡད་པ་དང་སླར་ཡང་ཧམ་པ་ཆེ་བོས་དཔོན་པོ་དག་ཁྲིད་ནས་རང་གི་ཚོ་བར་སོང་སྟེ་བུད་མེད་ལ་བརྙས་བཅོས་བྱེད་དུ་བཅུག་པ་ཇ་དང་ལུག་ཤས་མགྲོན་སྟོན་བྱས། ཁོ་ཚོས་སྤྱང་ཚའི་མ་འོངས་པའི་མཇུག་འབྲས་དང་ལྷན་དུ་རང་ཉིད་ཀྱང་རྨེག་མེད་དུ་འགྲོ་བར་སེམས་ཁུར་མ་བྱས། དེ་ནི་ཏན་ཏན་ལུག་ཕོ་གཉིས་ཀྱིས་ཕན་ཚུན་ལ་གདོང་གཏུགས་པའི་འབྲས་བུ་ཁོ་ནར་བསམ་བློ་གཏོང་བ་ལས། རང་གི་མགོ་ཁྲག་ཨ་ཅེ་ཝ་མོས་ལྡག་པ་དང་ལུས་ཟུངས་ཟད་པའི་རྗེས་ནས་ཝ་མོས་རང་ཉིད་དང་བཅས་པ་བཟའ་བར་བྱེད་པའི་གནས་ལུགས་ལ་བསམ་གཞིགས་མ་བྱས་པ་ཇི་བཞིན་ནོ། ། འདི་ལྟར་བལྟས་ན་ཚོ་སྡེ་གསུམ་ག་ཇི་ལྟར་རྒུད་པའི་ལམ་དུ་སོང་བའི་འགན་འཁྲི་ཆེ་བ་དེ་སྤྱང་ཚ་ལས་གཞན་གྱི་ཚོ་བ་གཉིས་ལ་བདོག་པ་འདྲ་ཡང་ཁོ་བོས་བལྟས་ཕྱོགས་ལ་བརྒྱ་ཆའི་བདུན་ཅུ་ཙམ་ནི་དེ་གཉིས་ལ་ཡོད་པ་སྙམ།

༣——ཅིའི་ཕྱིར“རྒུད།

 སྤྱང་གླིང་གསེར་གསུམ་གྱི་ཚོ་བ་གསུམ་པོས་རྒུད་པའི་རྒྱུ་འབྲས་རེ་རེ་ནས་རེ་རེ་བསགས་ཏེ་ད་ནི་ང་ཚོས་ཅིའི་ཕྱིར་རྒུད་པའི་ཨ་ལན་འཚོལ་བའི་སྐབས་སུ་ཁེལ། སྐབས་འདིར་ང་ཚོས་སྟབས་བདེའི་སྒོ་ནས་ཨ་ལན་ཞིག་བྱིན་པ་ཡིན་ན་ལུག་ཕོ་གཉིས་ཀྱིས་ཕན་ཚུན་གདོང་གཏུགས་དྲག་ཏུ་བྱས་པས་མགོ་ཁྲག་བུད་ཅིང་དེ་ཡང་ཨ་ཅེ་ཝ་མོར་ལོངས་སུ་སྤྱོད་པའི་གོ་སྐབས་ཐོབ། དེ་བས་ཕྱོགས་གཉིས་ཀ་ཝ་མོས་ཁ་ཟས་སུ་གྱུར་སོང་བ་རེད་ཅེས་ན་ཆོག ཡིན་ཡང་སྐབས་འདིར་གཏམ་དཔེ་དང་སྦྱར་ནས་བསམ་བློ་གཞན་ཞིག་བཏང་ན་སྤྱིར་ཝ་མོ་ལ་ནི་ལུག་ཕོ་གཉིས་ཟ་བའི་སྟོབས་ཤུགས་མེད། ཁོ་ནི་དབྱར་ཁ་དང་སོས་ཀའི་དུས་སུ་ལུག་ཁྱུའི་ཁྲོད་ཀྱི་ལུ་གུ་དང་ནོར་ཁྱུའི་ཁྲོད་ཀྱི་བེའུ་རྐུ་བྱེད་པའི་ནུས་པ་ཆུང་ངུ་ཞིག་ལས་མེད་མོད། ལུག་ཕོ་གཉིས་ཀྱིས་ཕན་ཚུན་གདོང་གཏུགས་བྱས་ནས་སྟོབས་ཤུགས་ཡོངས་སུ་ཟད་པའི་རྗེས་ནས་ཆེས་ནུས་མེད་ཀྱི་ཝ་མོ་ལ་ཡང་ཁོ་རང་ཟ་བའི་སྟོབས་ཤུགས་ལྡན། གནས་ལུགས་ནི་འདི་དང་འདྲ།

 ཅིའི་ཕྱིར་རྒུད་པའི་ལན་འཚོལ་བར་ང་ཚོ་ཕྱིར་ལོག་ནས་དར་བའི་དུས་ཀྱི་གནས་སྐབས་ཤིག་ལ་ལན་གཅིག་ལྟ། སྤྱང་གླིང་གསེར་གསུམ་གྱི་ཚོ་བ་གསུམ་པོ་ཤིན་ཏུ་སྟོབས་ཤུགས་དང་ལྡན་པའི་སྒོ་ནས་འཚོ་བའི་གནས་སྐབས་སུ་རྒྱ་ནག་གོང་མ་ཞིག་གི་གཡོ་ཇུས་ཀྱི་ལག་པ་ཁོ་ཚོའི་ཕྱོགས་སུ་བསྲིངས་པ་སྟེ་སྐབས་དེར་ཚོ་བ་གསུམ་ལ་འདྲ་མཉམ་གཅིག་མཚུངས་ཀྱི་སྟོང་དཔོན་གྱི་ཆོ་ལོ་གནངས་ཤིང་ཚོ་བ་རེ་རེ་ས་མཚམས་ཆུ་མཚམས་ཀྱི་དབྱེ་བ་བྱས་ནས་དོན་དག་ཡོད་ཚད་ཟི་ལིང་ཀྲོས་ཞིས་ཀྱིས་ཐག་གཅོད་དགོས་པའི་བཀའ་ཕབ། རྩོམ་པ་བོས་བརྗོད་པ་བཞིན”དེ་ནི་ཞི་བཀྭའ་དུམ་བུར་བྱས་རྗེས་ཟ་བདེ་བའི་གནས་ལུགས་དང་མཚུངས།” སྤྱིར་ན་ཁོ་གསུམ་གྱི་གཟི་བརྗིད་དང་སྟོབས་ཤུགས་འདྲ་ན་ཡང་ཁོ་ཚོ་གསུམ་པའི་ཐོབ་ཐང་འདྲ་མཚུངས་སུ་འཇོག་དཀའ། སྐད་ཆ་འདི་ལ་གོ་བ་ཅུང་ཟད་ལོན་དཀའ་ཡང་དངོས་གནས་དེ་འདྲ་ཞིག་ཡིན་པར་སྙམ་སྟེ། རྒྱུ་མཚན་གླིང་ཚ་སང་ནི་སྙན་གྲགས་ཆེས་ཆེར་རྒྱས་པ་ཞིག་ཡིན་ལ་གསེར་ཚ་ཚང་ནི་བླ་མ་བླ་ཆེན་མང་དུ་འཁྲུངས་ས་ཞིག་ཡིན། དེ་བཞིན་སྤྱང་ཚ་ཡང་སྟོབས་དང་མི་ཤུགས་འཕེལ་བའི་ཚོ་བ་ཞིག་རེད། སྤྱིའི་ཆ་ནས་ཁོ་ཚོ་མ་འདྲ་བ་མེད་ན་ཡང་ཕན་ཚུན་ལ་ཐུན་མིན་དུ་བདོག་པའི་དགེ་མཚན་རེ་རེ་སྔར་ནས་ལྡན། དེ་བས་སྔར་གྱི་དུས་སུ་ཁོ་ཚོ་སུས་ཀྱང་སུ་ཞིག་ཕན་ཚུན་འདྲ་མཉམ་དགོས་པའི་ཧམ་པ་དེ་འདྲ་འབྱུང་བར་ཁག

  འོན་ཀྱང་ལོ་རྒྱུས་ཀྱི་བུ་མོ་ཀུ་རེ་ལ་དགའ་བ་འདིས་ཁོ་ཚོ་སྟོབས་དང་ལྡན་པའི་དཔུང་ཁག་གསུམ་གྱི་དབུ་ལ་ཞྭ་མོ་ཆེ་ཞིག་བཀབ་པ་སྟེ་དེ་ནི་འདྲ་མཚུངས་ཀྱི་སྟོང་དཔོན་གྱི་ཆོ་ལོ་ཞིག་བསྩལ་བ་དང་ད་དུང་ཕན་ཚུན་ལ་འདྲ་མཉམ་གྱི་ས་མཚམས་ཆུ་མཚམས་བགོས། དེ་བས། དུས་དེ་ནས་བཟུང་སྟེ་ལུག་ཕོ་གཉིས་ཀྱིས་ཕན་ཚུན་ལ་གདོང་གཏུགས་ཁོ་ན་བྱས་ནས་བསྡད་ཅིང་མགོ་སྐྲག་ཝ་མོས་ལྡག་པས་ལུག་ཕོ་གཉིས་ཀྱི་སྟོབས་ཤུགས་ཉམས་ཤིང་ཝ་མོ་སྟོབས་དང་ལྡན་པར་གྱུར་ནས་མཐའ་མར་ལུག་ཕོ་གཉིས་ཀ་གཡོ་སྒྱུ་ཆེ་བའི་ཝ་མོའི་ཁ་ཟས་བྱས། དེས་ན་ཅིའི་ཕྱིར“རྒུད”པའི་ལན་ནི་ང་ཚོས་ཡིད་ལ་ངང་གིས་འཁྲུངས་ཐུབ།

༤—— མཇུག་གཏམ།

   སྤྱིར་ན་བརྩམས་སྒྲུང་ནི་ཤོང་འདུས་ཀྱི་ཚད་ཆེས་ཆེ་བོ་ལྡན་པའི་རྩོམ་ལུས་སུ་གཏོགས་པ་བཞིན་ཐེངས་འདིའི་བརྩམས་སྒྲུང«རྒུད»ལ་ཡང་མཐོང་སྣང་མང་བོ་ཞིག་གི་སྒོ་ནས་ལྟ་ཆོག དཔེར་ན་ལས་དབང་དམན་པའི་བོད་ཀྱི་བུད་མེད་ཀྱི་མཚོན་བྱེད་ལྟ་བུའི་ལྷ་མོ་སྒྲོལ་མ་དང་། དམིགས་རྒྱང་ཐུང་ཞིང་རོགས་ཟླའི་བསམ་དཀར་ལ་བློ་མི་རྟོན་པའི་སྟོང་དཔོན་ཉི་བཟང་གི་གཉེར་བ། ད་དུང་དེ་ལས་གཞན་གྱི་མི་སྣ་མང་བོ་ཞིག་ལས་ང་ཚོར་བསམ་གཞིགས་ཀྱི་བར་སྟོང་མང་དུ་སྦྱིན་ན་ཡང་ཐེངས་འདིར་གཙོ་ཆེར་བརྩམས་སྒྲུང་འདིའི་བརྗོད་དོན་སྤྱི་ལ་བལྟས་ཏེ་དབྱེ་ཞིབ་ཕྲན་ཙམ་བྱས་པ་ཡིན་ལ། ལོ་རྒྱུས་ཀྱི་དྲན་པ་གསོ་བའི་བྱེད་ནུས་ཆེས་ཆེ་བ་དེ་ཡང་བརྩམས་སྒྲུང་འདིའི་ཁྲོད་ཀྱི་ཟི་ལིང་ཀྲོས་ཞིས་ཀྱི་དམག་སྡེས་བོད་ཀྱི་ཚོ་བ་དག་གི་བུད་མེད་ལ་ཐུབ་ཚོད་དང་སྡེ་ཚོ་བཅོམ་བརླག་ལྟ་བུའི་ཆེས་འབུར་དོད་ཀྱི་མཐོང་སྣང་ཁོ་ནས་སྟེང་དུ་མེད་པར་ཁ་བྱང་དང་འབྲེལ་ཡོད་ཀྱི་བསམ་གཞིགས་ཀྱི་ཆ་འདི་དག་ལ་བདོག་པར་སྙམ། ཡིན་ཡང་འདི་ཡོད་ཚད་ཁོ་བོས་བསམ་ཚུལ་ཙམ་མོ། །

                     ༢༠༢༠-༣-༡༦-༡༧བར་དུ་གྲུབ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1197