དཔེ་ཆའི་མཚན། ནཱ་ལནྡཱ་ཞིབ་འཇུག
རྩོམ་པ་པོ། སྐྱེས་སར་ཀླུ་སྒྲུབ།
ཤོག་ངོས། ༢༦༠

དཔེ་ཆ་འདི་ཉོས་ནས་ཟླ་བ་ཁ་ཤས་འགོར་རུང་ལེ་ལོས་ཕྱི་འགྱང་དུ་སོང་ནས་ད་བར་དུ་བཀླག་རྒྱུ་རེད་མ་སོང་། དེ་བས་ཏོག་གསར་ནད་དུག་གིས་ཁྱིམ་དུ་འཚིར་བའི་དུས་འདིར་བཀླག་འདུན་ཆེ་བའི་དེབ་འདི་ཉིད་ལ་འཇུག་པར་བྱས་པ་ཡིན། དེབ་འདིར་གཙོ་བོར་དཔལ་ནཱལནྡའི་བྱུང་རབ་དང་། དེའི་འཇིག་རྐྱེན། པཎ་གྲུབ་བཅུ་བདུན་གྱི་བྱུང་བ་རྣམས་བརྗོད་འདུགཔས །བོད་རྒྱུད་ནང་བསྟན་གྱི་ཆོས་སྒོར་ཞུགས་པའི་ཆོས་པ་ཞིག་ལ་མཚོན་ན་དེ་དག་ལ་ཆ་ཡོད་རེ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་སྟེ་མི་བརྗེད་པར་དྲན་ངོར་ཅུང་ཙམ་བརྟན་ཕྱིར་ཟིན་ཐོ་ཉུང་ངུ་ཞིག་ཀྱང་འབྲི་འདུན་སྐྱེས་སོང་།

བརྗོད་བྱ་སྙིང་བསྡུས།
ནཱལནྡཱའི་འཕེལ་འགྲིབ།

དེབ་འདིའི་ནང་དུ་འཁོད་གསལ་ལྟར་ན་ཕྱི་ལོ་དུས་རབས་ལྔ་པའི་དཀྱིལ་སྟོད་ཙམ་སྟེ་༤༡༦-༤༥༥བར་བྱོན་པའི་གུབྟའི་རྒྱལ་པོ་ཀམཱར་གུབྟས་སྦྱིན་བདག་བྱས་ནས་བཞེངས་པར་བཤད་འདུག་པས་རང་རེའི་ཡིག་རྙིང་རྣམས་དང་ཧེ་བག་ཧ་ཅང་ཆེན་པོ་འདུག། དེ་ཡང་ཏཱ་ར་ན་ཐའི་《རྒྱ་གར་ཆོས་འབྱུང་》ལས། དེ་ལྟར་ན་ནཱ་ལེནྡྲཱའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བ་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པར་སྒྲ་ཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ།། ཞེས་འཁོད་པས། ཆོས་རྒྱལ་མྱ་ངན་མེད་ནི་ཕྱི་ལོའི་སྔོན་གྱི་དུས་རབ་དང་པོའི་ནང་བྱོན་པ་བཤད་པས་འདོད་ཚུལ་དེ་གཉིས་བར་དུ་ཧ་ལམ་མི་ལོ་ལྔ་བརྒྱ་ཙམ་གྱི་ཁྱད་པར་བྱུང་འདུག །དེབ་འདིར་འདོད་ཚུལ་ཕྱི་མར་མི་འཐད་པའི་ཐལ་བ་བཞི་ཙམ་འཕངས་འདུག་པ་ནི། ༡ཕྱི་ལོ་དུས་རབས་བཞི་པའི་སྨད་དང་ལྔ་པའི་སྟོད་ནས་བྱོན་པའི་ཀུ་མཱ་ར་ཇི་བས་’བརྩམས་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་,ནང་ནཱལནྡཱ་ཤིན་ཏུ་རྒྱས་པར་བྱས་པའི་ཚུལ་འཁོད་འོས་ཤིང་དེ་ལྟར་མེད་པའི་ཕྱིར་ཞེས་པ་དང་། ༢ཕྱི་ལོ་དུས་རབས་བཞི་པའི་འཇུག་༣༩༩ལོ་ཁྲང་ཨན་ནས་ཐོན་ཞིང་༤༠༥ཙམ་འཕགས་ཡུལ་དུ་འབྱོར་བའི་བན་ཆེན་མོའི་ལམ་ཡིག་ཏུ་ནཱལནྡཱ་ཞེས་པའི་དགོན་པ་ཞིག་ཡོད་པ་གཏན་ནས་མི་གསལ་བ་མ་ཟད་ནཱལནྡཱ་ཆགས་སའི་གནས་དེར་ནྭལནྡཱའི་གྲོང་རྡལ་ཞེས་གྲོང་རྡལ་ཞིག་ཏུ་ངོས་འཛིན་ཡོད་པའི་ཕྱིར་ཞེས་པ། ༣དིང་དུས་ལོ་རྒྱུས་སྨྲ་བ་རྣམས་ཀྱི་དུས་རབས་ལྔ་པའི་ནང་བཞེངས་པར་བཤད་པ་དེ་དང་ཐང་སན་གྱི་ལམ་ཡིག་ཧ་ཅང་མཐུན་པའི་ཕྱིར་ཞེས། ༤དགོན་ཤུལ་སྔོག་འདོན་སྐབས་གུབྟའི་རྒྱལ་རབས་ཡན་སྔོན་གྱི་དངོས་རྫས་གང་ཡང་རྙེད་རྒྱུ་མེད་པའི་ཕྱིར་ཞེས་པའོ། ། སྒྲུབ་བྱེད་དེ་དག་ནི་ཧ་ཅང་རྣོ་ངར་ཅན་དག་དག་སྣང་བས་ནཱལནྡཱ་ནི་ཕྱི་ལོ་དུས་རབ་ལྔ་པའི་སྟོད་ཙམ་ནས་ཤར་ཕྱོགས་རྒྱ་གར་གྱི་མངའ་ཁོང་བི་ཧར་མངའ་སྡེ་སྟེ། དིང་རབས་ས་ཁམས་རིག་པའི་གཏན་འབབ་ལྟར་ན་གྱེན་ཐིག་༨༣-༨༩བར་དང་། འཕྲེད་ཐིག་༢༥-༢༨བར་སྔོན་བན་ཆེན་མོ་རྒྱ་གར་དུ་འབྱོར་སྐབས་ནཱལནྡཱའི་གྲོང་རྡལ་ཞེས་མཆོད་རྟེན་འགའ་་ཡོད་ཚུལ་བྲིས་པའི་གནས་དེར་དབུ་བརྙེས་ནས་དུས་རབས་བདུན་པ་དང་བརྒྱད་པ་ཐང་སན་རྒྱ་གར་དུ་བཞུགས་དུས་དང་རྦ་གསལ་སྣང་སོགས་གནས་དེར་ཕེབས་སྐབས་ནི་ཉི་མའི་གུང་ལྟར་དར་བའི་རྩེར་སོན་པ་དང་། དུས་མཚུངས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སློབ་གླིང་དུ་གྱུར་པ་དང་། དུས་རབས་བཅུ་པ་ཙམ་ནས་རྒུད་པའི་མགོ་བརྩམས་ཏེ་མཐར་དུས་རབས་བཅུ་གཉིས་པའི་སྨད་ཙམ་ནས་དབྱི་སི་ལམ་དམག་གིས་གཏོར་བཅོམ་འོག་རྒུད་པའི་གནས་ནས་ཤུལ་མེད་དུ་གྱུར་པས། ད་ཆར་གནས་དེའི་ས་འོག་སྔོག་འདོན་བྱས་པར་རྒྱུད་མི་རྣམས་ཕངས་སེམས་སྐུལ་བའི་རྒྱུ་ཙམ་དུ་སོ་ཕག་ཞིག་རོའི་རྩིག་རྨང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བརྒྱ་ལྷག་ཡོད་པ་དེ་ཙམ་ཡིན། དེ་ལྟར་ནའང་གནས་དེའི་ཤེས་རིག་གི་ཉིང་ཁུ་ནི། དུས་རབས་ཉེར་ཅིག་ལ་ཐོན་པའི་དེ་རིང་ཡང་ས་མཐོའི་གངས་ལྗོངས་སུ་ལང་ཚོའི་སྒེག་དཔལ་ངོམ་བཞིན་གནས་ཡོད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མེད་པས། འདི་ནི་རང་རེ་གངས་ཅན་པས་འཛམ་གླིང་སྐྱེ་འགྲོ་ལ་ཕུལ་བའི་ཆེས་ལེགས་པའི་སྐྱེས་འབུལ་ཞིག་ཀྱང་ཅི་ལ་མིན། དེ་ལྟར་མི་ལོ་བརྒྱ་ཕྲག་དུ་མའི་རིང་ནཱལནྡཱའི་མཁན་རབས་རིམ་བྱོན་ནི། ༡སློབ་དཔོན་ཕྱོགས་གླང་། ༢སློབ་དཔོན་ཆོས་སྐྱོང་། ༣ཟླ་བ་གྲགས་པ། ༤རྒྱལ་བའི་ལྷ། ༥འདུལ་བ་བཟང་པོ། ༦སློབ་དཔོན་ཆོས་གྲགས། ༧ཞི་བ་མཚོ། ༨སངས་རྒྱས་ཡེ་ཤེས། ༩མར་མེ་མཛད་བཟང་པོ། ༡༠ལང་ག་རྒྱལ་བ་བཟང་པོ། ༡༡སློབ་དཔོན་དཔལ་འཛིན། ༡༢བྷ་ཝ་བྷ་ཌ། ༡༣སྐལ་ལྡན་གྲགས་པ། ༡༤ལི་ལ་བ་ཛར། ༡༥མི་ཐུབ་ཟླ་བ། ༡༦ནག་པོ་དམ་ཚིག་རྡོ་རྗེ། ༡༧ཏ་ཐཱ་ག་ཏ་རཀྵིཏ། ༡༨བོ་དྷི་བྷ་ཌ། ༡༩ཀ་མ་ལ་རཀྵིཏ། ༢༠སློབ་དཔོན་རཏ་ན་ཨཱ་ཀར་ཤཱནྟི། ༢༡ཤེས་རབ་འབྱུང་གནས། ༢༢སློབ་དཔོན་ངག་གི་དབང་ཕྱུག། ༢༣པཎ་ཆེན་ན་རོ་པ། ༢༤བྲམ་ཟེ་རིན་ཆེན་རྡོ་རྗེ། ༡༥ཛྙ་ཎ་ཤྲཱི་མི་ཏྲ། ༢༦དཱི་པཾ་ཀ་ར་ཤྲཱི་ཛྙ་ན། ༢༧རྡོ་རྗེ་གདན་པ་ཆེན་པོ། ༢༨ཀ་མ་ལ་ཀུ་ལི་ཤ། ༢༩ན་རེནྡྲ་ཤྲཱི་ཇཱ་ན། ༣༠དཱ་ན་རཀྵི་ཏ། ༣༡ཨ་བྷ་ཡཱ་ཀ་ར། ༣༢བུ་བྷ་ཡཱ་ཀ་ར་གུབ་ཏ། ༣༣ན་ཡ་ཀ་བ་ཤྲཱི། ༣༤ཆོས་འབྱུང་ཞི་བ། ༣༥ཤཱཀྱ་ཤྲཱི། སོགས་ཡིན་ཞེས་གཞུང་དུ་ཡང་མཚན་ཙམ་གསལ་བ་ལྟར་བཀོད་པར་ལགས་སོ།།

ནཱལནྡྲའི་འཇིག་རྐྱེན།

འཇིག་རྐྱེན་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོར་རིམ་འཕེལ་དུ་བྱུང་བའི་གཞི་རིམ་གྱི་རྒྱུ་རྐྱེན་དང་། འཕྲལ་རྐྱེན་ཞིག་ལས། དང་པོ་ནི། གཅིག་ནས་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་མང་ཚོགས་ཀྱི་ཁྲོད་དུ་ཆོས་ལུགས་ཀྱི་རིག་གནས་རྒྱ་ཁྱབ་དུ་མ་སོང་བ་དང་། གཉིས་པའི་ཆ་ནས་ལོ་རྒྱུས་ཀྱི་རྒྱུད་རིམ་རྣམས་སུ་ཆོས་ལུགས་ཀྱི་རྒྱབ་རྟེན་གཙོ་བོར་རྒྱལ་པོ་སོགས་ཆབ་སྲིད་ཀྱི་མི་སྣ་དག་ལ་བཅོལ་ཆེ་སོང་བ་དང་། གསུམ་ནི་ཆོས་ལུགས་པ་རང་ངོས་ནས་དཔལ་འབྱོར་གྱི་རྒྱས་སྤྲོས་ཅུང་ཆེ་བ་དང་གསང་སྔགས་ཀྱི་སྤྱོད་པ་རྒྱ་ཆེར་དུ་སྤེལ་བ། གཞི་རིམ་གྱི་མང་ཚོགས་དཔྱོད་ཤེས་ཀྱི་གོ་རྟོགས་དམན་པ་སོགས་ཞེས་གླེང་། གཉིས་པ་ནི་གོང་ནས་བཤད་པ་ལྟར། ཁ་ཆེའི་དྲག་དམག་གིས་རྐྱེན་པས་རྩ་མེད་དུ་སོང་བ་དེའོ།།

པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར།
༡དཔལ་མགོན་འཕགས་པ་ཀླུ་སྒྲུབ།

རྒྱ་གར་ལྷོ་ཕྱོགས་བཻདརྦྷའི་ཡུལ་དུ་ཡབ་ཏྲིག་ཏྲམ་དང་ཡུམ་བྲམ་ཟེ་མོ་གྷྲི་ཧི་དྷི་གཉིས་ཀྱི་སྲས་སུ་ཕྱི་ལོ་དུས་རབས་དང་པོའི་ཙམ་ནས་སྐུ་འཁྲུངས། དགུང་ལོ་བདུན་ནམ་ཉེར་ལྔ་ཙམ་ནས་སྒྲ་ཅན་འཛིན་བཟང་པོའི་མདུན་ནས་རབ་ཏུ་བྱུང་། དགུང་ལོ་ཆུང་དུས་ནས་ཐུན་མང་གི་རིག་གནས་རྣམས་བྱངས་ཆུབ་པར་བྱས། དེ་ནས་རྒྱ་གར་གྱི་ས་ཕྱོགས་གང་སར་སློབ་གཉེར་དུ་ཕེབས་ཏེ་ཐེག་ཆེན་གྱི་ཆོས་ལ་མཁས་པར་གྱུར། མཐར་དགུང་ལོ་བརྒྱ་ལྷག་སོན་སྐབས་གཞོན་ནུ་ནུས་ལྡན་ལ་དབུ་བྱིན་པས་སམ། ཐེག་དམན་གྱི་ཕྱོགས་འཛིན་མཁན་གྱིས་དུག་དྲངས་ནས་སྐུ་ཞི་བར་གཤེགས། སློབ་དཔོན་འདིས་གསུང་རྩོམ་མང་དུ་མཛད་ཅིང་གཞུང་ལུགས་སྟོང་ཕྲག་སྨྲ་བའི་དབང་བོར་གྲགས། འདི་བའི་གསུང་ལ་ཁོང་གིས་མཛད་པར་རྩོད་མེད་དུ་གྱུར་པར་《དབུ་མ་རྩ་བ་ཤེས་རབ》དང་《རིགས་པ་དྲུག་ཅུ་པ།》《སྟོང་ཉིད་བདུན་ཅུ་པ།》《རྩོད་ཟློག།》《ཞིབ་མོ་རྣམ་འཐག།》《རིན་ཆེན་ཕྲེང་བ།》《བཤེས་སྤྲེང་།》 《བསྟོད་པ་བཞི།》 སོགས་ཡིན་ལ། སློམ་མའི་གཙོ་བོར། སྲས་ཀྱི་ཐུ་བོ་བཞི་དང་། ཉེ་བའི་ཐུགས་སྲས་གསུམ་སོགས་ཡོད།

༢སློབ་དཔོན་འཕགས་པ་ལྷ།

ཁོང་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ཐུགས་སྲས་ཀུན་གྱི་གཙོ་བོ་ཞིག་ཡིན། དུས་རབས་དང་པོའི་སྨད་ཙམ་ནས་སིངྒ་ལའི་ཡུལ་དུ་སྐུ་འཁྲུངས། སྐུ་ཚེའི་སྨད་ནས་ཀླུ་སྒྲུབ་བླ་མར་བསྟེན་ནས་ཐེག་པ་ཆེན་པོའི་ཆོས་ལ་མཁས་པར་གྱུར། ཕྱི་རོལ་བ་ཚར་བཅད་པ་དང་། བུ་སློབ་སྐྱོང་བ། ཐེག་ཆེན་གྱི་གཞུང་རྩོམ་པ་སོགས་བསྟན་པ་ལ་སྨན་པའི་ཕྱག་ལས་རྒྱ་ཆེར་སྤེལ། མཐར་སློབ་དཔོན་སྐུ་རྐྱང་དུ་སྒོམ་ལ་བཞུགས་སྐབས་ཤིག། ཕྱི་རོལ་པའི་གཞོན་ནུ་ཞིག་གིས་གྲི་བསྣུན་ནས་ཞི་བར་གཤེགས། སློམ་དཔོན་འདིའི་གསུང་རྩོམ་ནི། 《དབུ་མ་བཞི་བརྒྱ་པ། 》《དབུ་མ་ལག་པའི་ཚད།》《གཏན་ཚིག་གྲུབ་པ།》《ཡེ་ཉེས་སྙིང་པོ་ཀུན་བཏུས།》《བསྡུས་པའི་སྒྲོན་མེ།》《སེམས་ཀྱི་སྒྲིབ་སྦྱོང་།》《རྡེ་རྗེ་གདན་བཞིའི་སྒྲུབ་ཐབས།》སོགས་ཡོད།

༣སངས་རྒྱས་བསྐྱངས།

དཔལ་མགོན་ཀླུ་སྒྲུབ་ཀྱི་སློབ་མ། རྒྱ་གར་ལྷོ་ཕྱོགས་སུ་དུས་རབས་གསུམ་པའི་ནང་སྐུ་འཁྲུངས། འཕགས་པ་འཇམ་དཔལ་གྱིས་ཞལ་གཟིགས་ཏེ། གྲུབ་པའི་གོ་འཕང་ཆེན་པོར་གཤེགས། རྩ་ཤེས་ཀྱི་འགྲེལ་པ་བུད་དྷ་པཱ་ལི་ཏ་སོགས་མཛད་ནས་ཐལ་འགྱུར་པའི་གྲུབ་མཐའ་རྒྱ་ཆེར་སྤེལ།

༤འཕགས་པ་ཐོག་མེད།

ཁོང་ནི་གནའ་རྒྱ་གར་གྱི་མངའ་ཁོངས་དིང་སྐབས་པ་ཀི་སི་ཐན་གྱི་ས་ཆ་ག་དྷཱ་རའམ་པིས་ཤ་ཝར་ཟེར་བའི་ཡུལ་དུ་དུས་རབས་བཞི་པའི་སྨད་ཙམ་ནས་རྒྱལ་རིགས་སུ་ཡུམ་གསལ་བའི་ངང་ཚུལ་མའི་སྲས་སུ་སྐུ་འཁྲུངས། རྗེ་བཙུན་བྱམས་པ་སོགས་བླ་མ་མང་དུ་བསྟན་ནས་སློབ་གཉེར་དང་སྒོམ་སྒྲུབ་རྒྱ་ཆེར་མཛད་པས་ས་ལམ་གྱི་གོ་འཕང་ཆེས་ཆེར་ཐོབ། སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས། སྐུ་ཚེའི་སྨད་ལ་ནཱལནྡཱའི་མཁན་པོར་མི་ལོ་བཅུ་གཉིས་ཙམ་བཞུགས། སློབ་མའི་གཙོ་བོ་སློབ་དཔོན་དབྱིག་གཉེན་སོགས་མང་དུ་མཆིས་ལ། གསུང་རྩོམ་ནི། 《ཉི་ཁྲི་དེ་ཉིད་རྣམ་ངེས》 དང་། 《ས་སྡེ་ལྔ།》《ཆོས་མངོན་པ་ཀུན་བཏུས།》 སོགས་ཡོད།

༥འཕགས་མཆོག་དབྱིག་གཉེན།

ཁོང་ནི་ག་དྷཱ་རའི་ཡུལ་དུ་དུས་རབས་བཞི་པའི་སྨད་ཙམ་ནས་ཡུམ་གསལ་བའི་ངང་ཚུལ་མར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཆུང་དུས་ནས་ཁ་ཆེ་འདུས་བཟང་གི་མདུན་ནས་གྲུབ་མཐའ་རིགས་མི་འདྲ་བ་བཅོ་བརྒྱད་དང་། ཕྱི་རོལ་བའི་ལྟ་བ་མི་འདྲ་བ་དྲུག་གི་རིག་པའི་གཞུང་ལུགས་རྣམས་ཁོང་དུ་ཆུད་པར་བྱས། དེ་ནས་སློབ་དཔོན་ཐོག་མེད་ཀྱི་མདུན་ནས་ཐེགས་ཆེན་གྱི་ཆོས་ཚུལ་མཐའ་དག་གསན་ནས་མཁས་པར་བྱས་ཤིང་ཐེག་པ་ཆེན་པོའི་ཆོས་གཞི་བརྒྱ་དང་བརྒྱད་ཙམ་གསར་དུ་བཙུགས། སློབ་མ་མཁས་པ་སྟོང་ཕྲག་དུ་མ་བསྐྱངས། རང་མཁས་ཀྱི་སློབ་མ་བཞི་སོགས་ཡོད་པའང་བཤད་སྲོལ་ཡོད། མཐར་དགེ་སློང་གི་ཆ་བྱད་མ་བོར་བར་ཞིང་རྨོད་བཞིན་པ་སོགས་མཐོང་བ་རྐྱེན་བྱས་ཏེ་རྒྱ་གར་ཡུལ་དབུས་ནས་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི། 《ཆོས་བཞི་པའི་མདོའི་རྣམ་པར་བཤད་པ།》《ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ།》《ས་བཅུ་པའི་མདོའི་རྣམ་པར་བཤད་པ།》《བློ་གྲོས་མི་ཟད་པའི་བསྟན་པའི་མདོའི་རྣམ་པར་བཤད་པ།》《བཟང་སྤྱོད་སྨོན་ལམ་གྱི་མདོའི་འགྲེལ་པ།》《མདོ་སྡེ་རྒྱན་གྱི་འགྲེལ་པ།》《དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ།》《ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ།》《སུམ་ཅུ་པའི་ཚིག་ལེའུ་བྱས་པ།》《ཉི་ཤུ་པའི་ཚིག་ལེའུ་བྱས་པ།》《ཉི་ཤུ་པའི་རང་འགྲེལ།》《ཕུང་པོ་ལྔའི་རབ་ཏུ་བྱེད་པ།》《རྣམ་བཤད་རིག་པ།》《ལས་གྲུབ་པའི་རབ་བྱེད།》《ཆོས་མངོན་པ་མཛོད།》《མཛོད་རང་འགྲེལ།》སོགས་ཡོད།༦ཕྱོགས་གླང་།
ཁོང་ནི་དུས་རབས་དྲུག་པའི་ནང་བྱོན་པའི་སློབ་དཔོན་ཞིག་ཡིན། གསུང་རྩོམ་ལ། 《ཚད་མ་ཀུན་བཏུས》དང་།《ཀུན་བཏུས་རང་འགྲེལ།》《དམིགས་པ་བརྟག་པ།》《གམིགས་བརྟག་རང་འགྲེལ།》《དུས་གསུམ་བརྟག་པ།》《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུགས་པ།》《ཕྱོགས་ཆོས་འཁོར་ལོ་དགུ་པ།》《གནད་ཀྱི་སྒྲོན་མེ།》《ཡོན་ཏན་མཐའ་ཡས་པ་བསྟོད་པའི་འགྲེལ་པ།》སོགས་ཡོད།

༦ཕྱོགས་གླང་།

ཁོང་ནི་དུས་རབས་དྲུག་པའི་ནང་བྱོན་པའི་སློབ་དཔོན་ཞིག་ཡིན། གསུང་རྩོམ་ལ། 《ཚད་མ་ཀུན་བཏུས》དང་།《ཀུན་བཏུས་རང་འགྲེལ།》《དམིགས་པ་བརྟག་པ།》《གམིགས་བརྟག་རང་འགྲེལ།》《དུས་གསུམ་བརྟག་པ།》《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུགས་པ།》《ཕྱོགས་ཆོས་འཁོར་ལོ་དགུ་པ།》《གནད་ཀྱི་སྒྲོན་མེ།》《ཡོན་ཏན་མཐའ་ཡས་པ་བསྟོད་པའི་འགྲེལ་པ།》སོགས་ཡོད།

༧ལེགས་ལྡན་འབྱེད།

ཁོང་ནི་རྒྱ་གར་ལྷོ་ཕྱོགས་མ་ལ་ཡ་ཞེས་པའི་གནས་སུ་དུས་རབས་དྲུག་པའི་ནང་རྒྱལ་རིགས་སུ་སྐུ་འཁྲུངས། བསྟན་བཅོས་ཤེས་རབ་སྒྲོན་མེ་སོགས་མཛད་དེ་དབུ་མ་རང་རྒྱུད་པའི་གྲུབ་མཐའ་རྒྱ་ཆེར་སྤེལ།

༨ཡོན་ཏན་འོད།

སློབ་དཔོན་ཁོང་ནི་འཕགས་མཆོག་དབྱིག་གཉེན་གྱི་སློམ་མ་དང་། ཆོས་འདུལ་བའི་ཕྱོགས་ལ་ཧ་ཅང་མཁས་པ་ཞིག་ཡིན། ཁོང་དུས་རབས་ལྔ་པའི་སྟོད་ཙམ་ནས་འཁྲུངས་ཤིང་སྐབས་དེའི་དགེ་འདུན་པའི་སྤྱོད་ལམ་གྱི་ཕྱོགས་ལ་བྱས་པ་ཆེ་ཞེས་གླེང་། གསུང་རྩོམ་ནི། 《འདུལ་བ་མདོ་རྩ་》དང་ 《མདོ་རྩ་རང་འགྲེལ་》སོགས་མང་ཙམ་མཆིས།

༩ཟླ་བ་གྲགས་པ།

ཁོང་ནི་དུས་རབས་བདུན་པའི་ནང་རྒྱ་གར་ལྷོ་ཕྱོགས་མན་ལྡ་ཞེས་པའི་ཡུལ་དུ་སྐུ་འཁྲུངས་གནས་དེར་རབ་ཏུ་བྱུང་ཞིང་ཕྱིས་སུ་ནཱལནྡཱར་ཕེབས་ཏེ་མཁན་པོ་མཛད། དབུ་མ་ཐར་འགྱུར་པའི་སྲོལ་ཕྱེས། གསུང་རྩོམ་ལ། 《ཚིག་གསལ་》དང་། 《དབུ་མ་འཇུག་པ་》《འཇུག་པ་རང་འགྲེལ་》《དབུ་མ་ཤེས་རབ་ལ་འཇུག་པ་》《རིག་པ་དྲུག་ཅུ་པའི་འགྲེལ་པ་》《བཞི་བརྒྱ་པའི་འགྲེལ་པ་》《དབུ་མ་ཕུང་པོ་ལྔ་པ།》གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་《སྒྲོན་གསལ》སོགས་ཡོད།

༡༠ཞི་བ་ལྷ།

རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི། དུས་རབས་བརྒྱད་པ་ཙམ་ནས་འཁོར་མོ་བཟང་ཞེས་བྱ་བའི་ཡུལ་དུ་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་སྐུ་འཁྲུངས། ཡབ་འདས་རྗེས་སང་ཉིན་རྒྱལ་སྲིད་ལ་དབང་བསྐུར་ཞེས་པའི་ནུབ་མོར་བྲོས་ཏེ་ནཱ་ལནྡཱར་ཕེབས་ནས་རྒྱལ་བའི་ལྷའི་མདུན་ནས་རབ་ཏུ་བྱུང་། མཁན་པོའི་མདུན་ནས་སྡེ་སྣོད་གསུམ་ལ་མཐར་ཕྱིན་པར་སྦྱངས་ནས་《སྤྱོད་འཇུག་》དང་། 《བསླབ་བཏུས་》བརྩམས། ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ཤིང་གནས་དེར་སྐུ་ཞི་བར་གཤེགས།

༡༡འཕགས་གྲོལ།

ཁོང་ནི་དུས་རབས་བཞི་པའི་ནང་བྱོན་པའི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་ལ་ཤིན་ཏུ་མཁས་པ་ཞིག་ཡིན། གསུང་རྩོམ་ལ། ཉི་ཁྲི་སྣང་བ་སོགས་ཡོད།

༡༢ཤྭཀྱ་འོད།

ཁོང་ནི་སློབ་དཔོན་གྲགས་པ་དང་ཞི་བའི་འོད་གཉིས་ཀྱི་སློབ་མ་ཆོས་འདུལ་བ་ལ་ཤིན་ཏུ་མཁས་པ་ཞིག་ཡིན། བོད་འགྱུར་གསུང་རྩོམ་ནི། 《འདུལ་བ་སུམ་བརྒྱ་པ》དང་། 《འདུལ་བ་སུམ་བརྒྱ་པའི་རང་འགྲེལ་》ཡིན

༡༣དཔལ་ལྡན་ཆོས་ཀྱི་གྲགས་པ།

ཁོང་ནི་དུས་རབས་བདུན་པའི་ནང་དུ་བྲམ་ཟེའི་རིགས་ཕྱི་རོལ་པའི་ཆོས་བྱེད་མཁན་ཞིག་གི་ཁྱིམ་དུ་འཁྲུངས། ཆུང་དུས་ནས་རིག་གནས་ལྔ་དང་ཕྱི་རོལ་པའི་ཆོས་ལ་མཁས་པ་བྱས། རྗེས་སུ་སངས་རྒྱས་པའི་གྲུབ་མཐར་ཞུགས་ཏེ་སློབ་དཔོན་དབང་ཕྱུག་སྡེ་སོགས་བླ་མར་བསྟེན་ཏེ་ཚད་མ་ཀུན་བཏུས་སོགས་ལ་སློབ་གཉེར་མཐར་ཕྱིན་མཛད་དེ་རྒྱ་གར་ཡུལ་གང་སར་ཕྱིན་ནས་ཕྱི་རོལ་པ་དང་རྩོད་པས་ཕྱི་རོལ་པ་གང་མང་ཕམ་པར་བྱས་ཤིང་། སངས་རྒྱས་པའི་ཆོས་གཞི་དང་ལྷ་ཁང་བརྒྱ་ལྷག་བསར་བསྐྲུན་གནང་། གསུང་རྩོམ་ལ། 《གཏན་ཚིགས་ཐིགས་པ་》དང་།《འགྲེལ་བ་བརྟགས་པ་》《རྒྱུད་གཞན་སྒྲུབ་པ་》《རྩོད་པའི་རིགས་པ་》《རྣམ་འགྲེལ་》《རྣ་ངེས་》《རིགས་པའི་ཐིགས་པ་》སོགས་ཡོད།

༡༤མཁན་ཆེན་ཞི་འཚོ།

ཁོང་ནི་དུས་རབས་བརྒྱད་པའི་ནང་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཟ་ཧོར་གྱི་གྲོང་དུ་ཡབ་རྒྱལ་པོ་གཙུག་ལག་འཛིན་པའི་སྲས་ཉིས་ཚིགས་སུ་སྐུ་འཁྲུངས། ནར་སོན་པ་ནས་ནཱལནྡཱར་ཕེབས་ཏེ་གནས་དེ་དང་བིཀརྨ་ཤཱ་ལ་སོགས་ནས་སློབ་གཉེར་གནང་སྟེ་ནཱལནྡཱའི་མཁན་པོ་མཛད། ཕྱི་ལོ་༧༦༡ལོར་བོད་དུ་གདེན་དྲངས་ཤིང་། སྐབས་དེར་རྐྱེན་སྣ་ཚོགས་པར་བརྟེན་ནས་དུས་ཡུན་རིང་པོར་མ་བཞུགས་པར་བལ་ཡུལ་དུ་ཕེབས། དེ་རྗེས་ཨོ་རྒྱན་ཆེན་པོ་དང་ལྷན་དུ་གདན་དྲངས་ཤིང་བོད་ཀྱི་སད་མི་མི་བདུན་སོགས་རབ་ཏུ་བྱུང་པའི་མཁན་པོ་མཛད་པ་སོགས་འགྲོ་དོན་རྒྱ་ཆེར་སྤེལ་མཐར་རྟས་ཕྲ་བརྒྱབ་ཏེ་བོད་ནས་སྐུ་གཤེགས།

༡༥སློབ་དཔོན་སེང་གེ་བཟང་པོ།

ཁོང་ནི་སློབ་དཔོན་ཞི་བ་འཚོའི་སློབ་མ་ཤེར་ཕྱིན་ལ་ཤིན་ཏུ་མཁས་པ་ཞིག་ཡིན། དུས་རབས་བརྒྱད་པའི་ནང་རྒྱལ་རིགས་སུ་སྐུ་འཁྲུངས། རྨི་ལམ་དུ་རྒྱལ་བ་བྱམས་པས་རྒྱན་གྱི་དགོངས་བཀྲལ་བར་བསྐུལ་ལྟར། 《འགྲེལ་ཆུང་དོན་གསལ་》དང་། 《འགྲེལ་ཆེན་རྒྱན་སྣང་》《ལེ་བརྒྱད་མ་》སོགས་བསྟན་བཅོས་མང་དུ་མཛད།

༡༦པདྨའི་ངང་ཚུལ།

ཁོང་ནི་མཁན་ཆེན་ཞི་འཚོའི་དངོས་སློབ་ཞིག་ཡིན་ལ་རྒྱ་གར་ནཱ་ལནྡཱ་དང་བིཀརྨ་ལ་ཤི་སོགས་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་མཐར་བལ་ཡུལ་དུ་བསྟན་པ་སྤེལ་དུ་ཕེབས་སྐབས་བོད་དུ་གདན་འདྲེན་ཞུས། བོད་ཀྱིས་ཇི་ལྟར་གསོལ་བ་ལྟར་བོད་དུ་ཕེབས་ནས་ཧ་ཤང་རྣམས་ཕམ་པར་བྱས། ཆོས་རྒྱལ་གྱི་དྲིས་ལན་གྱི་ཚུལ་དུ་སྒོམ་རིམ་ཐོག་མཐའ་བར་གསུམ་སོགས་མཛད་ནས་བོད་དུ་སྐུ་གཤེགས་སྐད་ཀྱང་ཡོད།

༡༧ཇོ་བོ་རྗེ་ཨ་ཏི་ཤ།

ཁོང་ནི་བྷང་གྷ་ལའི་ཡུལ་དུ་མཁན་ཆེན་ཞི་འཚོ་དང་གདུང་རྒྱུད་ཅིག་པའི་རྒྱལ་རིགས་སུ་ཕྱི་ལོ་༩༨༣ལོར་སྐུ་འཁྲུངས། དགུང་ལོ་བཅུའི་བར་ཡི་གེའི་སྦྱོར་ཀློག་དང་ཐུན་མང་རིགས་གནས་ཀྱི་རྨང་གཞི་རྣམས་བསླབས། དེ་ནས་དགུང་གྲངས་ཉི་ཤུའི་བར་ཕྱི་ནང་གི་སྒྲ་ཚད་སོགས་དཔྱིས་ཕྱིན་པར་བསླབས། དེ་ནས་དགུང་ལོ་ཉེར་དགུའི་ཐོག་ཤཱི་ལ་རཀྵ་ཏའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ལ་དཱི་པཾ་ཀ་ཤྲཱི་ཛྙཱ་ན་ཞེས་གསོལ། རབ་ཏུ་བྱུང་རྗེས་ཀྱང་གསེར་གླིང་པ་ཆོས་ཀྱི་གྲགས་པ་སོགས་བླ་མར་བསྟེན་ནས་ནང་བསྟན་མཚན་ཉིད་རིགས་པ་གཙོའི་གཞུང་ལུགས་རྣམས་རྒྱ་ཆེ་སྦྱང་། མཐར་བི་ཀརྨ་ལར་ཕེབས་ནས་མཁན་པོ་དང་གནས་བསྟན་གྱི་བྱ་བ་ཡུན་རིང་མཛད། དགུང་གྲངས་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག་ལོར་བལ་ཡུལ་རྒྱུད་ནས་མངའ་རིས་སུ་ཕེབས། དེ་ནས་བོད་དབུས་གཙང་གཉིས་སུ་འགྲོ་དོན་རྒྱ་ཆེར་མཛད་མཐར་༡༠༥༤ལོར་སྙེ་ཐང་དུ་སྐུ་གཤེགས།

མྱོང་ཚོར།

དེབ་འདིར་གསལ་བའི་སྐད་ཆ་ཞིག་ལ། མཁན་ཆེན་ཞི་འཚོ་བོད་དུ་ཐོག་མར་ཕེབས་སྐབས་བོད་ཀྱི་བློན་པོ་ཚོས་ཁྱོད་ཀྱིས་ཆོས་ཅི་ཞིག་བྱེད་ཅེས་དྲིས་པའི་ལན་དུ། ཁོང་གིས་ཆོས་ལུགས་ནི་རིག་པས་བརྟགས་ནས་གང་འཐད་པ་དེ་བྱེད་ལ། མི་འཐད་པ་ནི་མི་བྱེད་ཅེས་གསུངས་ཞེས་གསལ། སྐད་ཆ་འདི་ལས་འཕགས་ཡུལ་གྱི་པཎ་གྲུབ་རྣམ་པའི་དཔྱོད་ཤེས་ཀྱི་འཚོལ་སྙེག་མཐོང་ཡོང་ལ། རིག་གནས་ཀྱི་སྙིང་སྟོབས་ཡང་གསལ་གསལ་དུ་མངོན་ཡོང་གི་འདུག །ཁོང་ཚོ་ནི་རང་གི་རྣམ་དཔྱོད་དང་ཤེས་རབ་ལ་ཡིད་རྟོན་པ་ལས་ཐམས་ཅད་ལུང་ཚིག་ཙམ་གྱི་བཀའ་འོག་ཏུ་འདུག་མཁན་ཞིག་གཏན་ནས་མིན་ལ། དེ་བཞིན་དུ་གནས་ལུགས་དང་དོན་དངོས་ལ་དད་ཅིང་འཇུག་པ་ལས་ཞེན་ཕྱོགས་ཙམ་འཛིན་ནས་འདུག་མཁན་ཞིག་ཀྱང་གཏན་ནས་མ་རེད། དེ་བས་ཁོང་ཚོའི་ནང་དུ་སློབ་དཔོན་ཆོས་གྲགས་དང་དབྱིག་གཉེན་ལྟ་བུ་ཐོག་མར་ཕྱི་རོལ་པར་ཞུགས་ཤིང་། དེ་ནས་ནང་པའི་ཐེག་དམན་གྱི་ཆོས་སྒོར་ཞུགས་ཏེ་གྲུབ་མཐའ་འོག་མ་འོག་མ་རྣམས་རེ་རེ་བཞིན་རིགས་པ་དང་རྣམ་དཔྱོད་ཁོ་ནས་སུན་ཕྱུང་སྟེ་གོང་མར་གོང་མར་སྙེག་པའི་སྐྱེས་བུ་རླབས་པོ་ཆེ་གང་མང་ཞིག་བྱུང་བ་རེད་ཨང་།

རབ་གནས་ལྕགས་བྱི་ལོའི་མཆུ་ཟླའི་ཉེར་དགུ་ཉིན་ཁམས་པ་སྙེ་ལོས་བྲིས།
2020. 3. 22.

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1194