__ཕྲན་གྱི་ཟིན་བྲིས་འདི་ཡང་དེབ་ཀློག་སྐབས་ཀྱི་འཕྲལ་བྱུང་གི་སེམས་ཚོར་རམ་མ་རྩོམ་གྱི་མཛེས་པ་འགའ་ཞིག་རང་རྒྱུས་ཆེ་བ་སོགས་ཀྱི་རྐྱེན་དུ་འགྱུར་བར་གང་བྱུང་དུ་བྲིས་པའམ། འབྱུང་འགྱུར་ཕྱིར་མིག་གི་ལམ་ནས་ནར་སོན་པའི་རྐང་རྗེས་དང་དེབ་བཀླགས་ཚད་ཀྱི་རྡོ་རིང་ལྟ་བུ་ཞིག་ཏུ་འགྱུར་སླད་རང་གི་ཤེས་རྨོངས་ཀྱི་བློ་གྲོས་དབང་བཙན་པར་བྱས་ནས་གང་བྱུང་དུ་སྦྱར་བ་ཞིག་གོ །
ངས་སྙན་ངག་དང་ཡང་ན་སྙན་དེབ་ཅིག་ཀློག་པའི་དགོས་འབྲས་དང་དམིགས་པ་དངོས་ནི་སྙན་ངག་གི་ཁམས་བྱ་བའི་རི་ཀློང་ནགས་ཚུལ་གྱི་ཞིང་བཀོད་དེ་དག་ཏུ་བག་ཡངས་པོས་ལན་གཅིག་རྒྱུ་བའི་ཆེད་དམ། ཡང་ན་འཚོ་ཚིས་དང་དངོས་ཡོད་ཀྱི་མི་སྡུག་པའི་བཟོ་ལྟ་དང་རྣམ་འགྱུར་དེ་དག་ལ་ལན་གཅིག་གཡེང་བའམ། དེ་ཡི་ཕར་ནང་དུ་བརྒལ་ནས་ཡིད་ཀྱི་ཞི་བ་དང་ལྷོད་ཆགས་ཀྱི་དུས་ཚོད་དེ་གནས་སྐབས་གཅིག་ཙམ་གྱི་རིང་དུ་ཡང་སེམས་ཀྱིས་ལོངས་སྤྱོད་དུ་ཡོང་བར་རེ་བ་ཁོ་ནས་བྱས་པས་སོ། ། ཕྲན་གྱིས་བསམ་ན་སྙན་ངག་དངོས་གནས་ལ་ནི་ཏན་ཏན་དེ་འདྲའི་ལྷད་མ་འདྲེས་པའི་སྟོབས་དང་ལང་ཚོའི་རྟུལ་ཕོད་ཀྱིས་ཕྱུག་པ་སྟེ་དེ་ལྟ་མིན་ན་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་ཀྱང“ཡིད་ཀྱི་ངལ་དུབ་གསོ་བའི་བསིལ་ཡབ་མཁན”ནམ། སྐྱེ་དངོས་རིག་པའི་མཁས་དབང་དར་ཝུན་གྱིས་ཀྱང་“རང་ལ་ད་དུང་མི་ཚེ་གཅིག་གི་དུས་ཚོད་མཆིས་ཚེ་སྙན་ངག་ཀློག་པའི་གོ་སྐབས་ཆེད་དམིགས་ཀྱིས་བཀོད་སྒྲིག་གནང་གི་ཡིན”ཞེས་པའི་ཆོད་སེམས་དང་རེ་མོས་དེ་ཙམ་ཤུགས་དྲགས་པོས་ཡོད་མི་སྲིད་སྙམ། ཡིན་ཡང་། སྙན་ངག་ལ་དེ་འདྲའི་མི་སེམས་ཀྱི་ཞི་བའི་སེམས་ཉིད་བསྐྱར་དུ་རྙེད་ནུས་པའི་སྟོབས་དང་འདྲེན་ཤུགས་མངའ་བ་ལས་གཞན་དུ་སེམས་ཀྱི་བརྗེད་ངེས་ལ་འདྲིས་པའི་ཕྱིར་དྲན་རིགས་ཤིག་གི་རྨ་ཁ་སྔོག་པའི་ནུས་པའམ། འཁོར་བའི་ཟང་ཟིང་དང་རྨི་ལམ་བསླུ་བྲིད་ཀྱིས་བསྡུས་པའི་སྡུག་བསྔལ་གྱི་རིགས་དག་གསལ་དུ་ཡིད་ལ་འཕོ་བར་བྱས་ནས་སེམས་ཀྱི་རྫ་རྒན་ལ་སྐྱོ་དུབ་ཀྱི་སྨུག་པ་འདྲེན་པའི་དབང་ཐང་ཡང་ངང་གིས་མཆིས་ཏེ། དེ་ཡང་སྙན་ངག་པའི་ནང་སེམས་བརྒྱུད་ཀྱི་ངོ་བོ་གཙང་ཞིང་གྲ་དག་པ་ཞིག་ལས་སྐྱེ་དངོས་སམ་སྲོག་ལྡན་ཀུན་གྱི་ཆ་སྙོམ་མིན་པའི་ལས་དབང་གི་བགྲོད་ལམ་ལ་སེམས་གཙང་མའི་མིག་ཆུ་འདོན་པ་ཞིག་གོ ། དེ་བས་སྙན་ངག་ཁོ་རང་ངོས་ཀྱི་མཛེས་པ་དང་གཙང་བ་སོགས་ཀྱི་ཆ་ནི་སྔར་བཞིན་ཡིད་དུ་འོང་བ་ཡིན་པས་སྐབས་རེར་སྡུག་བསྔལ་ཡང་བདེ་བ་ལྟ་བུ་ཞིག་སྟེ་དེ་ལྟའི་རིག་པ་གསལ་ཐག་གི་བརྡ་ཆད་ལྟ་བུ་ནི་སྙན་ངག་གི་བྱིན་རླབས་དང་རང་དུ་གྱེས་པའི་ཚོགས་ལ་གོ་བརྡ་སྤྲོད་པའི་འོས་མ་ཡིན་ནོ། །དེ་བཞིན། དུས་ཀྱི་རྦ་རླབས་ཀྱི་ཁུགས་སོ་རེ་རེ་ནས་རེ་རེ་བརྒྱུད་དེ་མིའི་སེམས་ཉིད་ཀྱི་འགྱུར་བ་ཡང་དུས་ཚོད་ཀྱི་ལྕགས་ཐག་རིང་མོའི་དེའི་རྗེས་སུ་འགྲོ་འོང་བྱེད་ཀྱིན་པའི་དུས་ནས། སྙན་ངག་ཀྱང་མི་སོ་སོའི་སེམས་ཉིད་ཀྱི་དགའ་སྡུག་དང་འགྲོགས་ཏེ་ཉམས་འགྱུར་སྣ་ཚོགས་དང་འགྲོགས་ནས་འགྲེ་ལྡོག་སྣ་ཚོགས་བྱེད་ཀྱིན་པ་ཞིག་སྟེ། དེ་མིན་ན་བཟའ་བྱ་ཡིན་ཚེ་རྩམ་པའམ་བཏུང་བ་ཡོད་ཚད་འོ་མ་རུ་འགྱུར་དགོས་པའི་གནས་ལུགས་མགོ་མཁྲེགས་ཤིག་གི་གོ་ར་རུ་ཚུད་ནས། སྙན་ངག་ཅེས་པ་དེ་ཡང་མཐར་དེད་ཚེ་གཞུང་ལུགས་གང་ཞིག་གི་སྒེར་སྡོམ་དུ་ཚུད་པའི་རྒྱུགས་སྤྲོད་མ་ལག་ཅིག་ཏུ་འགྱུར་བར་ཇི་ལྟར་མི་སྲིད་དམ། དེ་ལྟར་ན་བོད་མཁས་ཀྱིས་གསུང་བ་བཞིན”ཡིད་ཀྱི་ངལ་དུབ་སེལ་བའི་བསིལ་ཡབ་མཁན”ཞིག་ཏུ་འགྱུར་བར་ཡང་ག་ལ་སྲིད་དེ་གཞན་གྱི་ས་ཆོད་ལས་ལོགས་སུ་མི་དབྱེ་བའི་བཙན་དང་སྟོབས་ཀྱི་གནམ་འོག་ཏུ་འཚོ་བ་ནི་མྱ་ངན་གྱི་བྱེད་ལས་ཤིག་གོ །
ཇི་ལྟ་བུར། བསམ་པའི་ཀུན་རྟོག་གི་ངོ་བོ་སྣ་ཚོགས་ཀྱིས་བཞེངས་པའི་སྙན་ངག་སྣ་ཚོགས་ལ་ཡང་སྐྱེ་བོ་སོ་སོའི་རོལ་མྱོང་གི་མངར་ཆ་ཡང་སོ་སོ་རུ་སྣང་བས་ན། སྙན་ངག་ལ་མཐའ་གཅིག་ཆོད་དུ་མཚན་ཉིད་འདིའོ་ཞེས་པ་ཞིག་འཇོག་ཏུ་མེད་ཅེས་བརྗོད་པའི་རྒྱུ་མཚན་ཡང་དེ་འདྲ་ཞིག་ཅི་བས་མིན་ནམ་སྙམ། དེ་བས། ཕྲན་གྱིས་རེ་འདོད་ལ་སྙན་ངག་གང་ཞིག་ལ་རོལ་ཞིང་མྱོང་བའི་འོས་ཐོབ་འདི་ཡང་ཚ་བའི་གདུངས་ཚེ་བསིལ་བའི་སྡོང་འགྲམ་དུ་སྙེག་པ་བཞིན་འགྲོ་བ་སོ་སོར་ཡོངས་ཁྱབ་ཏུ་མངའ་བའི་ཐོབ་ཐང་ཞིག་ལེགས་པས། འདོད་མོས་གང་ཞིག་གམ་རིགས་པ་ཅི་ཞིག གཏན་ཚིགས་དེ་ཚོགས་ཀྱིས་ཁ་ལོས་དབང་དུ་མི་བསྒྱུར་བར་སོ་སོ་རང་ལ་བུ་ཡིས་ཨ་མ་འཚོལ་བ་བཞིན་གྱི་གུ་ཡངས་ཀྱི་ལམ་བུ་ཞིག་སྙེག་ཏུ་འཇུག་པར་གསོལ་བ་ཅི་ནུས་ཀྱིས་འདེབས་པར་ཐལ། གཞན་ཡང་། མང་བོ་ཞིག་གི་སེམས་སུ་སྙན་ངག་ནི་སྟེང་གི་ཁྱབ་ཁོངས་སུ་གཏོགས་པའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་སྙན་ངག་ཁོ་རང་གི་ཕྱི་ནང་གསང་བ་གསུམ་གྱི་མཛེས་སྐུའི་ངོ་བོ་དང་འགྱུར་བ་རེ་རེ་སྙན་ངག་གི་རྟོགས་པ་མཐོ་བོར་སོན་པའམ། འཇིག་རྟེན་གྱི་རིག་པ་གཞན་དག་དབང་དུ་གྱུར་བའི་སྐྱེ་བོ་མཐོ་རིམ་པ་ཚོས་སྤྱོད་ཡུལ་ཡིན་པས། སྙན་ངག་ལ་བླ་ན་མེད་པའི་སྒྱུ་རྩལ་གྱི་གབ་ཚིག་ཅིག་མེད་ན་མི་རིགས་ཞེས་བརྗོད་པ་ནི་ཤིན་ཏུ་མི་འཐད་དེ། དེ་ལྟ་ན་རི་གླུའི་ཚིག་སྦྱོར་དང་མི་ལའི་མགུར་འབུམ་ལྟ་བུའི་ཆུ་དྭངས་མོའི་འོག་གི་རྡོ་མཛེས་མོ་ལྟ་བུ་དག་ཀྱང་སྙན་ངག་ཏུ་མི་འགྱུར་བར་མི་གྲང་ངམ། སྙན་ངག་གི་འཕྲིན་ལས་ཀྱང་ཆབ་སྲིད་ཀྱི་དབང་ཆ་བཞིན་མཐོ་རིམ་པ་འགའ་ཤས་ཀྱི་ལོངས་སྤྱོད་ཁོ་ནར་འགྱུར་བས་སོ། །
དེ་བས། ཕྲན་གྱིས་སྙན་ངག་ཀློག་འབྲི་བྱེད་པ་ནི་འགྲོ་བ་ཐམས་ཅད་ཀྱི་སླད་དུ་མིན་ལ”དམ་པའི་ཆོས་གསལ་བར་བྱ་བའི་ཕྱིར”ཡང་མིན་པར་མདོར་བསྡུས་ན་རང་ཉིད་ཁོ་ནའི་སླད་དུ་ཡིན་པས། ངས་སྙན་ངག་ཀློག་འབྲི་ཡོད་ཚད་ཀུན་སྙན་ངག་གི་ཡིད་འགྱུར་གྱི་རྗེས་སུ་འགྲོ་ལྡོག་བྱེད་པའམ་རང་སེམས་ཀྱི་ན་ཚ་གཟེར་ཟུག་གི་རྗེས་སུ་འགྲོ་འོང་བྱེད་ཀྱིན་པ་ལས་ཕྱི་དར་དང་སྲོལ་རྒྱུན་གྱི་གཞུང་ལུགས་སོགས་གང་གི་དབང་དུ་མ་འགྱུར་བར་གཏོང་བ་ནི་རྩ་བའི་དམ་ཚིག་གཅིག་ཏུ་བལྟས་ཡོད། འོན་ཀྱང་ཕྲན་ལ་སྙན་ངག་འབྲི་བར་གཞུང་ལུགས་ཀྱི་འཛུབ་སྟོན་རྦད་དེ་མི་དགོས་པའི་ལོག་རྟོགས་དེ་འདྲ་བྱུང་མྱོང་མེད་ལ་འབྱུང་ཡང་མི་སྲིད་དོ། །
ད་ནི་ཞར་བྱུང་དུ་ཐལ་བའི་ལབ་བརྡོལ་རིང་མོ་དེ་རིང་བོར་གཡུགས་ནས་དངོས་གཞི་ལ་འཇུག་པར་བྱ་བ་ནི་ཉིན་འདི་ཚོའི་བརྩེ་དུང་དང་རེ་ཆད། དམིགས་མེད་ཁེར་རྐྱང་གི་འཚོ་བའི་སྐྱོར་མར་གྱུར་བའི་རྒན་ཧོར་གཙང་འཇིགས་མེད་ལགས་ཀྱི་སྙན་དེབ༼བདེན་དོན་གྱི་བཟི་ཁ༽ཞེས་བྱ་བ་དེའོ། ། དེ་ཡང་སེམས་ཀྱིས་སྤྱོད་ཡུལ་དུ་ཆགས་པའི་སྙན་དེབ་འདི་ཀློག་སྐབས་ཀྱི་ཡིད་འགྱུར་གྱི་རྗེས་དང་འགྲོགས་ནས་སྐབས་ཀྱི་སེམས་ཚོར་སོགས་ཟིན་བྲིས་སུ་བཏབ་པའི་ཚིག་ངག་འགའ་ལས་འདི་ལ་ཕྲན་གྱི་དཔྱད་བརྗོད་ལྟ་བའི་པྲོག་ཞུ་མཛེས་ལ་ཡག་པ་ཞིག་བསྐོན་ནས་ཆེ་ཚུགས་དོད་པར་རྦད་དེ་མི་ཕོད་ཅིང་། དེ་བཞིན་གྱི་དོགས་སེམས་དང་འཇིགས་སྐྲག་ཀྱང་ཡལ་བར་དོར་ཡོད་དོ། །
དེས་ན། སྙན་དེབ་འདི་ནི་སྙན་རྩོམ་སོ་དྲུག་གིས་གྲུབ་ཅིང་རྩོམ་ལུས་ཚིགས་སུ་བཅད་པ་ཁོ་ནའི་ལུས་སུ་གཏོགས་པ་ཞིག་སྟེ་ཕྲན་གྱིས་སྤྱོད་ཡུལ་དུ་གྱུར་བ་ནི་འཕྲུལ་དེབ་ཀྱི་ལམ་ནས་ཡིན། སྙན་དེབ་འདིའི་རྩོམ་ཡིག་མང་ཆེ་བ་ཚེག་བར་དགུ་བ་དང་བརྒྱད་པ་བཅོ་ལྔ་སོགས་ཀྱིས་གྲུབ་ལ། དབྱངས་ཀྱི་གདེགས་འཇོག་དང་ཉམས་ཀྱི་ང་རོ་འབྱིན་པ་ཁྱད་དུ་འཕགས་པས་ཀློག་མཁན་ལ་ངུ་འདོད་དང་སྡང་འདོད། ཞེན་ཆགས་དང་ན་ཚ། མངར་ཆ་དང་སྐྱུག་མེར་བའི་འགྱུར་བ་ཡང་ངང་གིས་སྦྱིན་པ་ཞིག་ཡིན། སྙན་རྩོམ་འདིའི་བརྗོད་དོན་གྱི་ཆ་ནས་ཁྱད་ཆོས་མངོན་པར་གསལ་བ་ཞིག་ནི་བོད་ཀྱི་ཡིག་རྩོམ་འབྲི་མཁན་བྱིངས་དང་འདྲ་བར་ན་ཚ་མེད་པ་ལ་ངུ་འབོད་སྒྲོག་པ་ཙམ་མིན་པར་དངོས་ཡོད་ཀྱི་སྡུག་བསྔལ་རིགས་ཤིག་ལ་གསལ་ཐག་གིས་ཡིད་ཀྱི་མྱོང་ངོར་འཕོས་ཤིང་། དེ་ལས་གདུངས་པའི་ངུ་སྐད་འབྱིན་པ་ཞིག་སྟེ་དཔེར་ན་ཁོང་གི་སྙན་ངག«རྟ་མཆོག»ཅེས་པ་ལས། དཔའ་རྩལ་འགྲན་ཟླ་བྲལ་བ་ཕ་རྒན་གྱི་མཆན་ལ། ། གསེར་དང་དངུལ་གྱི་འུར་རྡོ་ལྕི་མོ་ཡིས་ཕོག་པས། ། ལོ་རབས་བརྒྱ་ལ་སོས་མེད་འཆི་བདག་གི་ནད་རྙིང་། ། བུ་བརྒྱུད་ཕྱི་མར་བཞག་པས་དེ་རིང་ལ་ཐུག་སོང་། ། ཞེས་པ་ལྟར་འདས་ཟླའི་ལོ་རྒྱུས་ཀྱི་རྨ་ཤུལ་ལས་ན་ཚ་གཟེར་ཟུག་རྙེད་པ་དང་། ཡང«རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ»ལས། ང་ཡི་ལྟེ་ཁྲག་འཐོར་སའི་ཕ་ཡུལ་གྱི་ཕྱོགས་ནས། ། ཕྱུག་པོའི་བུ་ཞིག་མིན་ན་མིག་ལམ་ལ་མི་འཇོག ། དཔོན་པོའི་བརྒྱུད་ཅིག་མིན་ན་སྐད་ཆ་ལ་གོང་མེད། ། བླ་མའི་ཚོའུ་ཞིག་མིན་ན་རུ་སྡེ་ལ་འདང་མེད། ། ཅེས་སྐད་ཆ་གོ་སླ་བ་བོད་སྐད་ཀྱི་བརྗོད་སྟངས་དངོས་གནས་བ་དང་འགྲོགས་ནས་རང་རེའི་རྨོངས་འཐོམ་དང་རྗེས་ལུས་ཀྱི་ངོ་བོར་མཆིལ་ཞགས་འཕངས་པའམ་ཕངས་སེམས་བསྟན་པ་དང་། གཞན་ཡང་སྙན་རྩོམ«རེ་སྒུག་གི་མཐའ་མལ»ཞེས་པ་ལས། མྱ་ངམ་གནས་འདིར་སྡོད་འདོད་མེད་ལ་རང་གི་ཁྱིམ་དུ་ལོག་འདོད་མེད། ། སྐྱེ་དུས་ནོར་ནས་དུས་རབས་ཉི་ཤུར་གདོང་དམར་བོད་པའི་ལུས་འདི་ཐོབ། ། གནས་ཡུལ་འཕྱུག་ནས་བོད་པའི་ཁྲོད་དུ་སྐྱིད་སྡུག་འཚོ་བའི་གཞི་རྟེན་བཅོལ། ། ཕྱི་དགྲ་མི་ཐུབ་ནང་ཁྱིམ་དཀྲུག་པའི་ལྟད་མོ་དེ་ལ་ལྟ་འདོད་མེད། ། ཅེས་པ་དང་། དེ་བཞིན«གྲོགས་པོ་ལགས། བོད་ཀྱི་རིག་གནས་མ་བསླབ»ཅེས་པ་སོགས་ལས་རྩོམ་པ་བོ་རང་ཉིད་སྐྱེ་དུས་འདིར་བོད་ཀྱི་ཡུལ་སྡེ་གཞན་ཤོར་མི་ནོར་སྲིད་དང་བཅས་པ་གཞན་གྱི་བདག་ཐོབ་ཏུ་སོང་ཞིང་། རང་གི་རིག་གནས་ཀྱི་བདག་ཐོབ་ཏུ་གཞན་གྱི་རིག་གནས་ཀྱི་རླུང་རྟ་དར་བ་ལྟ་བུ་སོགས་ལ་རང་ཉིད་འགྱུར་བ་གཏོང་བའི་ནུས་ཤུགས་དང་བྲལ་བ་དང་། དེ་ལྟའི་སྐབས་སུ་ཁེལ་བའི་སྐྱོ་སྡུག་ཀྱང་མི་བཟོད་པས་སྙན་ངག་གི་སྲོག་ཏུ་འཕོས་པ་སྟེ་ཏན་ཏན་ང་ཚོར་བདག་ཉིད་བཤུམ་ཚེ་གཞན་ཡང་བཤུམ་པའམ་བདག་ཉིད་དགོད་ཚེ་གཞན་ཡང་དགོད་པར་བྱེད་པའི་ཉམས་འགྱུར་སྟོབས་ཤུགས་འགྲན་པའི་ཟླ་དང་བྲལ་བར་མཆིས་པ་ཞིག་མིག་གི་ལོངས་སྤྱོད་དུ་བསྟབས་ཡོད་དོ། ། དེ་བཞིན་ཁོང་གི་སྙན་ངག་མང་ཤོས་ཤིག་གི་བརྗོད་དོན་ནི་བོད་ཀྱི་གནས་བབས་སྤྱིའི་ངོ་བོ་སྟེ་རྒྱལ་ཁབ་ཤོར་བ། བདག་དབང་ཉམས་པ། བླ་མ་དྲན་པ། མི་རིགས་རང་ལ་མདུན་སྐྱོད་ཀྱི་ཟུངས་ཤུགས་མེད་པ། ན་ཚ་བརྗེད་པ། ཤེས་རྨོངས་དང་ནང་འཁྲུག་ལ་མགོ་འཁོར་བ་སོགས་ཀྱི་ཆ་ལ་སྡུག་སྨྲེང་འདོན་པའི་ང་རོ་སྙན་ངག་གི་ཉམས་སུ་འཕོས་པ་ཞིག་སྟེ«གཟུགས་མེད་ཀྱི་དར་སྐུད་ལས་མྱངས་པའི་ཁྱོད»ཅེས་པ་སོགས་ཤིན་ཏུ་མང་།
གཞན་དུ་ཁོང་གི་སྙན་རྩོམ་གྱི་སྒྱུ་རྩལ་ཆ་ནས་ནི་ཚིག་ངོས་གསལ་དག་གི་སྒོ་ནས་བྲིས་པས་བརྗོད་དན་མོག་པར་མ་བྱས་པར་བོད་མི་ཡི་གེ་མཁྱེན་པ་ཕལ་གྱིས་སྤྱོད་ཡུལ་དུ་ཆགས་པ། གནད་ལ་གཟུ་ཞིང་དཔེར་བཀོད་པ་འདྲ་ཆགས་སུ་སོང་བ། དབྱངས་ཀྱི་གདེངས་འཇོག་གསལ་བས་སོར་མོས་རྩལ་གྱི་པི་ཝང་གི་སྐུད་པ་རེ་རེ་རྩལ་དང་ལྡན་པའི་སྒོ་ནས་འཁྲོལ་བ་བཞིན་སྙན་པ་ཞིག་གོ ། མདོར་ན་ཁོང་གི་སྙན་དེབ་འདིས་ང་ལ་བརྗེད་ངེས་ཀྱི་ལོ་རྒྱུས་སྙིང་ལ་བསྐུལ་བྱུང་། ན་ཚ་དང་འཐོར་གྱེས་ཀྱི་ངོ་བོ་བསྟན་བྱུང་། རྒྱང་རིང་དུ་བཞུད་པའི་མེས་པོ་གང་ཞིག་གི་ཁེར་རྐྱང་དང་སྐུ་ངལ་བརྗོད་བྱུང་བས་ནག་ཅན་བདུད་འདྲེ་འགོས་བོས་ཐབས་དང་གཡོ་འཕྲུལ་དུ་མས་ཡོད་ཚད་ཀྱི་ཤེས་རབ་ཁྱུར་མིད་དུ་གཏོང་བར་བྲེལ་བའི་སྐབས་འདིར་སྙན་རྩོམ་འདི་འདྲ་རྙེད་པ་ནི་བསོད་ནམས་སུ་ལྟའོ། ། མཐར་ཞེ་ནས་དད་པའི་བོད་མི་མཁས་པ་རྒན་པོ་ཁོང་ལ་ཕྱག་སོར་ཐལ་མོ་དང་བཅས་གུས་འདུད་ལན་གསུམ་ཞུས་པའི་སྒོ་ནས་ཚེ་རིང་བའི་སྨོན་ལམ་ཞུ་བའོ། །
༢༠༢༠.༢.༡༦ཉིན་འབྲོག་ཚེ་བྷ་རུ་འབོད་པས་གྲུབ་ཅིང་། མཐར་བོད་ཀྱི་མཁས་དབང་རྒན་པ་ཁོང་གི་ཚེ་བསོད་རླུང་རྟ་དར་ནས་གསར་རྩོམ་མང་བོ་ཞིག་སྤྱོད་པའི་ཡུལ་དུ་གྱུར་བའི་དགེ་ལེགས་འཕེལ་བར་ཤོག་ཅིག་གུ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1184
དཔྱད་མཆན་སྤེལ།