རྩོམ་པ་པོ། གྲོག་མ། (ཆབ་མདོ)
ལེའུ་དང་པོ།
ཧོར་ཟླ་ལྔ་པའི་ཚེས་པ་ཉེར་གཅིག གཟའ་ལྷག་པ། ཕྱི་དྲོ་རི་རྩེ་ནས་གྲིབ་མ་ཅུང་ཟད་གུག་དུས་ཏག་ཏག་ངེད་གཉིས་ས་ཆ་འདིར་གསར་དུ་ཐོན་ཅིང་། ཐང་སྟོང་པ་འདི་རུ་མེ་བསྒོངས་སྟེ་ཇ་སྐོལ་བཞིན་ཡོད། མེ་ཏོག་དཀར་དམར་སྣ་ཚོགས་ཀྱི་ཕྲ་ཚོམ་བཀོད་པའི་སྤང་ཐང་འདིའི་མིང་ལ་རྡེའུ་ཐང་ཟེར་གྱིན་འདུག འོ་རེད་ལགས། བདག་གི་མིང་ལ་ཉི་འོད་ཅེས་ཟེར་ནས་འབོད་ཅིང་། ངའི་སྙིང་སྡུག་མའི་མིང་ལ་ཟླ་གཡང་ཟེར་བ་རེད། ཟླ་གཡང་གིས“ས་ཆ་འདི་ཅི་འདྲའི་སྐྱིད་པ་ལ་ཨང”ཞེས་རྡེའུ་ཐང་གི་མཚར་སྡུག་ལ་སྨོན་པ་བྱེད་ཞོར་དུ། མོས་པུས་མགོ་གཉིས་སར་བཙུགས་ཏེ་མགོ་སྒུར་སྒུར་དང་མཆུ་རུབ་རུབ་ཀྱིས་མེ་སྤུར་བ་དང་། ཐབ་ཀ་རུ་ཤིང་ཧྲུག་སྐམ་པོ་དག་ཡང་ཡང་བསྣན། རྡོ་རིལ་རིལ་གསུམ་ལས་གྲུབ་པའི་ཐབ་ཀ་ཆུང་ཆུང་ལས་དུ་བ་སྔོན་པོ་ཞིག་ལངས་ཏེ་ཐད་ཀར་བར་སྣང་དུ་འཕྱུར་བ་དང་། དེ་ནས་སྐྱ་ཐུལ་ཐུལ་གྱིས་ཁ་འཐོར་དུ་འགྲོ་བཞིན་འདུག “ཨོ་ལེ། ངོ་མ་ས་ཆ་འདི་སྐྱིད་པོ་ཞིག་འདུག འུ་གཉིས་ས་འདིར་གནས་བཅས་ནས་བསྡད་ནའང་ཡག་པོ་འདུག་ཨང” ངས་དེ་སྐད་ཅེས་ལན་བཏབ་ཅིང་། རྩྭ་ལྗང་མཐུག་པོའི་སྟེང་དུ་སྤྲོ་སྣང་གིས་འགྲེ་ལྡོག་ཅིག་བརྒྱབས་ཏེ་མིང་མི་ཤེས་པའི་མེ་ཏོག་དམར་ཆུང་ཞིག་བཏུས། “ངས་ཕ་ཡུལ་ནས་མེ་ཏོག་འདི་འདྲ་ཞིག་མཐོང་མ་མྱོང་བ་འདྲ། ཁྱོད་ཀྱིས་མཐོང་མྱོང་ངམ”ཞེས་འདྲི་བཞིན། ང་ཡར་ལངས་ཏེ་མེ་ཏོག་དེ་སྙིང་སྡུག་མ་ཟླ་གཡང་གི་གནག་ཅིང་སྣུམ་པའི་སྐྲ་ཡི་ལན་བུའི་བར་དུ་དྲངས། ཟླ་གཡང་གིས་འཛུམ་ཙམ་བྱེད་བཞིན“ངས་ཀྱང་མཐོང་མ་མྱོང” ཞེས་ཟེར་ཞིང་མོས་ལན་བུ་སྔུན་དུ་བླངས་ཏེ“མེ་ཏོག་སྙིང་རྗེ་པོ་ཞིག་འདུག འདི་ལ་མིང་ཞིག་ཐོགས་དང” ཟེར་ནས་ང་ལ་བལྟས་བྱུང་བས། མོའི་གསལ་ལ་དྭངས་བའི་མིག་ཟུང་གི་ཆུ་མིག་ལས་ཀུ་རེ་ཡང་ཡིན་ལ་ངོ་མ་ཡང་ཡིན་པ་འདྲ་བའི་ཡིད་འོང་གི་འོད་ཅིག་འཚེར་འདུག ངས་ཀྱང“མེ་ཏོག་ཟླ་གཡང་ཞེས་བཏགས་ན་འདྲ་པོ་འདུག” ཅེས་ཀྱལ་ཀ་བརྩེས་ཤིང་དགོད་ཙམ་བྱས་པ་དང་། ཟླ་གཡང་གི་ཕྲག་པ་བརྒྱུད་དེ་ཕར་ཙམ་བལྟས་པས། ཕ་གིའི་ཉེ་ཟུར་གྱི་རི་གདོང་གཞོལ་པོ་གན་ནས་རྨས་སྐྱོན་ཆེ་ཙམ་ཕོག་ཡོད་པར་འདྲ་བའི་ཤ་བ་འཐེང་པོ་ཞིག་འགྲོ་གིན་འདུག་པ་མཐོང་བྱུང་། ངས“ཟླ་གཡང་ཕར་ལྟོས་དང་། ཤ་བ་རྨས་མ་ཞིག་འདུག ཕ་གི་བསད་དེ་འུ་གཉིས་ཀྱིས་དོ་དགོང་ཤ་གསར་པ་ཞིག་ཟ་དགོས” ཞེས་སྐད་གདངས་ཅུང་དམའ་མོས་བཤད་ཅིང་། ཧམ་སེམས་དང་སྤོབས་པ་ཆེན་པོ་ཞིག་འཁྲུངས་བྱུང་། ཟླ་གཡང་གིས་ཚུར་ཅི་ཞིག་ལབ་རྩིས་བྱེད་པ་མཐོང་བས། ངས་གཡོན་ལག་གི་མཛུབ་མོ་རང་གི་མཆུར་སྦྱར་ཏེ་ཟླ་གཡང་ལ་ཁ་གྲག་མི་རུང་བའི་བརྡ་ཞིག་བསྟན། དེ་ནས་མྱུར་སྟབས་ཀྱིས་ལག་གཡས་པས་ཐང་ནས་རྡོ་ཞིག་བླངས་ཏེ་ཤ་བ་དེའི་ཕྱོགས་སུ་རྒྱུག་ཤར་ཀློད་པ་ཡིན། རྐང་པ་ཡང་ཟོར་དང་ལྡན་པའི་སྒོ་ནས་རྡོག་སྒྲ་སྦེད་ཐབས་བྱས་ཤིང་སྐེད་པ་སྒུར་སྒུར་གྱིས་འཇབ་རྒྱུག་བྱས་མོད། ཤ་བ་དེས་མི་ཞིག་རང་གི་ཕྱོགས་སུ་གཟས་ཏེ་བརྒྱུགས་ཡོང་བ་མཐོང་སོང་བས་གྱོལ་མ་འཐེང་གིས་ཕར་ཕར་བྲོས་བྱོལ་གྱི་ཚུགས་ཀ་བྱས། ཚུགས་ཀ་ཙམ་བྱས་པ་ལས། ཤ་བ་འདིའི་རི་དྭགས་ཀྱི་བདེ་མྱུར་ངོ་མ་དེ་སྤྱང་ཀི་འམ་ཡང་ན་རྔོན་པ་ཞིག་ལ་ཤོར་ཚར་འདུག གནས་བབས་དེ་མཐོང་བས་ངའི་སྤོབས་སེམས་ཀྱང་ཇེ་ཆེར་གྱུར་ཏེ་མུ་མཐུད་མདུན་ཐད་དུ་ཤུགས་ཀྱིས་བརྒྱུགས། རྐང་ལག་བདེ་ཐང་ཅན་གྱི་མི་ཞིག་གིས་ཤ་བ་རྨས་མ་དེ་ཡུད་ཙམ་གྱིས་རྗེས་ཟིན་ཚར་བའི་ཚོད་ན་སླེབས་སོང་། ངས་རང་གི་ནུས་ཤུགས་ཡོད་ཚད་ཕྱུངས་ཏེ་རྡོ་དེ་ཤ་བ་རྨས་མའི་ལུས་ལ་གཟས་ཏེ་གཞུས། “སྦག” སྲ་ཞིང་མཁྲེགས་པའི་རྡོ་བ་བཙན་པོ་དེ་ནེམ་ཤ་དང་ལྡན་པའི་རི་དྭགས་ཀྱི་འཕོངས་མགོ་གཉོམ་པོར་ཁེལ་བའི་སྒྲ་ཞིག་གྲགས་བྱུང་། ཡིན་ནའང་ལག་རྡོ་དེས་ཤ་བ་རྨས་མར་རྔོ་ཅི་ཡང་མ་ཐོགས། རང་གི་དྲན་ཚོད་ལྟར་ན་རྡོ་དེས་ཤ་བ་རྨས་མ་སྡིག་སྒྲ་དང་བཅས་ཐང་ལ་བསྒྱེལ་འགྲོ་བར་འདོད་ཀྱང་། དེ་ལྟ་བུའི་ནུས་པ་གང་ཡང་མ་ཐོན། ཚུལ་དེ་མཐོང་བས་ངའི་ལུས་སེམས་གཉིས་ཀ་ངལ་དུབ་ཀྱིས་བཟུང་འདུག ལག་པ་གཉིས་ཀྱིས་རང་གི་པུས་མོར་བརྟེན་ཏེ་དབུགས་ཧལ་ཧལ་གྱིས་ངལ་ཞིག་གསོས་མོད། ཤ་བ་རྨས་མ་ནི་སྔར་བཞིན་མདུན་ནས་མདུན་དུ་གྱོལ་འཐེང་བྱེད་ཀྱིན་འདུག་ལ་ང་དང་ཤ་བ་གཉིས་ཀྱི་བར་ཐག་དེའང་ཚད་ངེས་ཅན་གྱིས་ཇེ་རིང་དུ་བུད་སོང་།
ད་ནི་ཤ་བ་འདི་གསོད་ཐུབ་མ་སོང་ཟེར་ནས་བསྐྱུར་དགོས་ན། ཤྭ་ཤ་གསར་པ་ཟ་བར་འདི་ལྟ་བུའི་གོ་སྐབས་ཤིག་རྙེད་མི་ཐུབ་པ་ཤེས་ཡོང་ལ། ཤ་བ་འདི་ངེས་པར་དུ་བསད་དེ་ཟ་དགོས་ཟེར་ནའང་དེ་འདྲའི་ལས་སླ་པོ་ཞིག་རེད་མི་འདུག ། དེ་དུས་ངས་རྟབ་རྟབ་པོར་ཕྱིར་ལྟས་ཤིག་བྱས་པ་ན། དུ་བ་སྔོ་ལོང་ལོང་བྱེད་ཀྱིན་པའི་ཐབ་ཀའི་ཟུར་ནས་ན་ཆུང་གི་བུ་མོ་ཡིད་དུ་འོང་བ་ཞིག་ཡར་ལངས་ཏེ་རང་ཉིད་ལ་རེ་སྒུག་བྱས་འདུག་པ་མཐོང་ལ། མདའ་རྒྱང་ཙམ་གྱི་བར་ཐག་དེས་ངེད་གཉིས་ལ་དྲི་བ་ཞིག་ཀྱང་གཏོང་གིན་འདུག
གང་ལྟར་ཀྱང་ངས་ཤ་བ་རྨས་མ་འདི་བློས་གཏོང་མ་བྲ་བར་ཕར་ཕར་རྗེས་འདེད་བྱས་པ་ཡིན། ད་ལྟ་ངས་སྐེད་པའི་གྲི་ཐུང་ཤུབ་ནས་ཕྱུང་ཡོད་པས་གྲི་ལྕགས་སྟེང་དུ་གནམ་གྱི་འོད་ཕོག་སྟེ་ལག་པའི་ནང་ནས་སྐྱ་ལམ་ལམ་བྱེད། འུ་ཐུག་པའི་ཤ་བ་འདིས་ཀྱང་ད་དུང་འཇིག་རྟེན་འདིར་དབུགས་གཏོང་ལེན་ཁ་ཤས་བྱེད་པར་འདོད་དེ་ཨུ་ཚུགས་ཆེན་པོས་རང་སྲུང་གི་འབད་པ་བསྟེན། ནུས་པ་ཡོད་ཚད་བཏོན་ཏེ་གྱོལ་འཐེང་ལིང་ལིང་བྱས། རི་དྭགས་གཅིག་ཀྱང་གསོད་མ་མྱོང་བའི་རྔོན་པ་ངས་ངལ་གསོ་དུས་ཤ་བས་ཀྱང་གོ་སྐབས་དེ་དམ་དུ་བཟུང་ནས་ཀྲོང་ངེར་འགྲེང་སྟེ་ངལ་གསོ། ལག་ཏུ་གྲི་བཟུང་མཁན་ཞིག་ཚུར་ཚུར་གཅར་ཡོང་བ་མཐོང་དུས་ཤ་བ་རྨས་མ་ཡང་ཕར་ཕར་གྱོལ་ཞིང་འཐེང་།
དེ་ལྟ་དེ་ལྟར་ཤ་བ་དང་རྗེས་འདེད་གཏོང་མཁན་གཉིས་ཀ་རྒྱུས་མེད་ཀྱི་ནགས་ཚལ་སྟུག་པོ་ཞིག་གི་ནང་དུ་རིམ་གྱིས་ཚུད་སོང་། ནགས་ཁྲོད་ཀྱི་བྱ་དང་བྱིའུ་དག་གིས་རང་རང་དང་འཚམ་པའི་སྡོང་པོའི་ཡལ་ག་རེ་བདག་པོ་བརྒྱབས་ཏེ། ད་ནི་མུན་རུབ་རྩིས་རེད་ཟེར་བའི་སྐད་བརྡ“ཙ་ཙ་ཙ། ཙིར་ཙིར་ཙིར”ཞེས་སྒྲོག་གིན་འདུག ཏག་ཏག་ནགས་ཚལ་གྱི་ཕྱོགས་ཐམས་ཅད་ནས་རིམ་གྱིས་མུན་པས་གཡོགས་བྱུང་བས་དུས་ཐུང་གི་ནང་དུ་མཐོང་ལམ་ཡོད་ཚད་ཡོལ་བ་ནག་པོ་ཞིག་གིས་རབ་རིབ་བཟོས་ཏེ་བསྒྲིབས་པར་གྱུར། ཤ་བ་འཐེང་པོ་དེ་ནགས་ཚལ་རྫུབས་པོ་དང་མུན་པ་མཐུག་པོའི་གསེབ་ནས་ག་སོང་ཆ་མེད་དུ་གྱུར་སོང་། “སག་སག་སག ……” ཤིང་གི་ཡལ་ག་དང་ལྕུག་ཕྲན་འགུལ་བའི་སྒྲ་ཞིག་ཀྱང་ག་ལེར་ཐག་རིང་ནས་ཐག་རིང་དུ་ཡལ་སོང་། ང་ནི་ཅི་བྱ་གཏོལ་བྲལ་གྱི་ངང་། ནགས་ཁྲོད་དུ་བསླངས་པའི་ཐོ་ཡོར་ཞིག་དང་འདྲ་བར་ནག་ཐོ་སེར་ལུས། ནགས་ཚལ་ཆེན་པོ་དེ་ནི་གློ་བུར་དུ་གློག་ཆད་པའི་གྲོང་ཁྱེར་ཞིག་དང་འདྲ་ལ། ནགས་ཀྱི་སྲོག་ཆགས་ཚང་མས་མ་བགྲོས་གཅིག་མཐུན་གྱིས་ངག་སྒོ་བསྡམས་ཏེ། “མི”ཞེས་པའི་བློ་གྲོས་དང་ལྡན་པའི་སྲོག་ཆགས་ཤིག་གི་འགྲོ་སྡོད་ལ་གཟབ་ཉན་བྱས་འདུག
རྔོན་རྒྱག་པར་ཆ་རྒྱུས་ཅི་ཡང་མེད་ཅིང་མིང་ལ་རྨ་བྱ་ཉི་འོད་ཟེར་བའི་ན་གཞོན་ང་ལག་སྟོང་མཆན་ལ་བཅུག་ནས། རང་གི་མཛའ་མོས་སྒུག་བསྡད་ཡོད་པའི་སྤང་ཐང་དེའི་ཕྱོགས་སུ་ཕྱིར་ལོག་མི་བྱེད་ཀ་མེད་བྱུང་སོང་། ཕྱིར་ལོག་བྱེད་ཟེར་ནའང་ངས་ད་ལྟ་ཕྱིར་ལོག་ས་དེ་གང་ན་ཡིན་པ་གསལ་ཐག་ཆོད་པ་ཞིག་ཤེས་མ་བྱུང་། སོམ་ཉིའི་དྲྭ་བར་ཚུད་པའི་ངའི་མིག་གཉིས་ཀྱིས་གཡས་གཡོན་མདུན་རྒྱབ་ཀུན་ཏུ་ནན་གྱིས་བལྟས་ཀྱང་། འགྲོ་སའི་ལམ་སྣེ་ཞིག་མཐོང་རྒྱུ་ལྟ་ཞོག ཐ་ན་མིག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་དངོས་གཟུགས་སྲིན་འབུ་མེ་ཁྱེར་ཙམ་ཞིག་ཀྱང་མི་སྣང་། དེ་ནི་གློ་རྡེག་ལ་སུ་ཞིག་གིས་ངའི་མགོ་བོའི་སྟེང་དུ་རས་ནག་གི་ཁུག་མ་ཞིག་བསྐོན་སོང་བ་དང་གཉིས་སུ་མེད། གཉིས་སུ་མེད་ན་ཡང་ཐབས་ཤེས་གཞན་གང་ཡང་མི་འདུག་པས། འལ་འོལ་ཚོད་ཚོད་ཙམ་གྱི་སྒོ་ནས་ཕྱིར་ལོག་བྱས།
ང་རང་ད་ལྟ་སྨག་རུམ་གྱིས་བཟུང་བའི་ནགས་ཁྲོད་ནས་འོལ་ཚོད་ཙམ་གྱིས་ཕྱིར་ལོག་བཞིན་ཡོད། མཚམས་མཚམས་སུ། མཚན་མོའི་སྤྲིན་ནག་གི་འོག་ནས་གློག་གི་ཞགས་པ་རེ་དམར་འཚུབས་སེར་གཡུགས་འོངས་མོད། འོད་ཕྲ་མོ་དེ་ནི་སྐད་ཅིག་ཙམ་གྱིས་མུན་པ་ནག་པོ་འདིས་ཚགས་དམ་པོར་བསྡམ་འགྲོ། ངས་རང་གི་སྙིང་སྡུག་དེས་སྤང་ཐང་ག་གེ་མོ་ཞིག་ནས་མེ་བསྒོངས་ཏེ་རང་ཉིད་ལ་སྒུག་བསྡད་ཡོད་པར་ཡིད་ལ་དྲན་བཞིན་ཕྱིར་ལོག་གིན་ཡོད། ལོག་ཡོང་གིན་ཡོད་མོད། ངས་མཚན་གང་པོར་ནགས་ཚལ་དེ་བརྒལ་མ་ཐུབ་ཅིང་། ནམ་ཡོངས་སུ་གསལ་བྱུང་ཡང་ང་རང་ད་དུང་ནགས་ཚལ་སྟུག་པོ་དེའི་ཁྲོད་དུ་ལུས་འདུག ན་གཞོན་ངའི་སེམས་ཁམས་ཅུང་ཟད་འཚུབ་ཆ་ལང་ཞིང་ལུས་ལ་བྲེད་ཤ་ཐོན་གྱིན་ཡོད་ཀྱང་དེས་ཅི་ཡང་མི་ཕན། ངས་རང་ཉིད་ཕྱོགས་གང་ཞིག་ནས་ཚུར་ཡོང་བ་གཏན་ནས་མི་ཤེས་ཤིང་། གཡས་གཡོན་གང་དུ་འགྲོ་འོས་པའང་རྩ་བ་ནས་ཧ་གོ་ཡིན་མི་འདུག ཡིན་ནའང་ང་རང་ངེས་པར་དུ་ཕྱིར་ལོག་དགོས་ཡོད། ངས་རང་གི་གོམ་འགྲོས་ཇེ་མགྱོགས་སུ་བཏང་སྟེ་རྒྱུག་མ་འདུར་གྱིས་ནགས་ཚལ་གྱི་མུ་མཐའ་རུ་ཐོན་པར་བྱས་ཀྱང་། ས་ཆ་དེ་ནི་ཤིན་ཏུ་ཆ་མེད་པའི་ཐང་སྟོང་ཞིག་རེད་འདུག་པས། རང་ཉིད་ཀྱི་སྙིང་གི་ལྡང་ཚད་ཀྱི་འགྲོས་དང་མཐུན་པར་མུ་མཐུད་དེ་བརྒྱུགས།
“མིག་རྒྱང་ཙམ་གྱི་ས་ཆ་ཞིག་གམ་ཡང་ན་སྤང་ཐང་ག་གེ་མོ་ཞིག་ནས་དུ་བ་སྔོ་ལོང་ལོང་བྱེད་ཀྱིན་པ་མཐོང་ཡོང་ན་ཅི་མ་རུང”ངས་དེ་ལྟར་སྙམ་ཞིང་། བསམ་ཚུལ་དེས་ངའི་བློ་སྒོ་ཅུང་ཟད་ཕྱེས་སོང་བས་མིང་མི་ཤེས་པའི་བྲག་རི་ཤིན་ཏུ་མཐོན་པོ་ཞིག་གི་མགོར་འཛེགས། དེ་ནས་རེ་བཞག་ཆེན་པོས་རྒྱང་ལྟ་བྱས་པ་ཡིན། འོན་ཀྱང་རྒྱང་རིང་གི་རི་དང་རྒྱང་རིང་གི་ཐང་། རྒྱང་རིང་གི་ཤིང་སྡོང་དང་རྒྱང་རིང་གི་སྤྲིན་པ་སོགས་མཐོང་བ་ལས། རྒྱང་རིང་གི་ཟླ་གཡང་མཐོང་རྒྱུ་ལྟ་ཞོག མི་ཙམ་པོ་བ་ཞིག་དང་དུ་བ་ཙམ་པོ་བ་ཞིག་ཀྱང་མིག་གིས་མཐོང་རྒྱུ་མ་བྱུང་། དེའི་དུས་ངའི་སྙིང་གསོན་པོ་འདི་རྔ་རྡུང་བ་བཞིན་དྲག་ཏུ་ལྡིང་བར་བྱེད། སྙིང་གིས་འཕག་འཚག་བྱེད་སྟངས་འདིས། ད་ནི་ཁྱོད་རང་ཉེན་ཁ་ཤིན་ཏུ་ཆེ་ཞེས་པའི་བརྡ་ཞིག་སྟོན་གྱིན་པ་དང་འདྲ་བྱུང་། ཉི་མ་འདིའི་དུས་ཚོད་ཀྱང་ཧ་ལམ་དེ་ཙམ་གྱིས་ཟད་སོང་སྟེ། ང་རང་བྲག་རི་མཐོན་པོ་ལས་ཐང་ལ་མར་བབས་ཚར་དུས་རི་ལུང་ཡོད་ཚད་མུན་ནག་གི་གཞན་དབང་དུ་གྱུར་ཟིན་ཅིང་། མུན་པ་ཟེར་བའི་གོས་ལྭ་ནག་པོ་གྱོན་མཁན་འདིས་ང་ལ་ཅི་ཞིག་སྟོན་ཙམ་དང་སྦེད་ཙམ་གྱི་ཆོ་མེད་པའི་ཀུ་རེ་དེ་མུ་མཐུད་ནས་བརྩེས་བྱུང་།
“མཚན་མོར་རྒྱང་ལྟ་བྱས་ན་ཐག་རིང་གི་མེ་འོད་དམར་ལམ་ལམ་བྱེད་ཀྱིན་པ་མཐོང་སྲིད” ངས་དེ་ལྟར་སྙམ་བཞིན་གཡས་ཕྱོགས་ཀྱི་རྫ་རི་མཐོན་པོ་ནག་ངམ་མེ་བ་དེའི་ངོས་ནས་ཡར་ཡར་འཛེགས་ཤིང་། ནམ་ཕྱེད་ཙམ་གྱི་དུས་སུ་རྫ་རིའི་རྩེ་མོར་སླེབས་ཐུབ་སོང་། དེ་དུས་ཤར་ཕྱོགས་ཀྱི་རི་རྩེ་ནས་ཟླ་བ་ཁེར་རྐྱང་དེ་ཚེས་བྱུང་། སྨག་རུམ་གྱི་ཁྲོད་ནས་ཤ་ཐང་ཆད་པའི་ངའི་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཟླ་འོད་ཀྱིས་བྲན་པར་བྱས། ཡིན་ན་ཡང་བདག་ལ་ངལ་སོས་པའི་ཚོར་བ་ཅི་ཡང་མ་བྱུང་། མགོ་བོ་དགྱེ་ནས་གནམ་ལ་བལྟས་ན་དཀར་འོད་ལམ་ལམ་གྱི་ཟླ་བ་ཁེར་རྐྱང་དེ་སྐྱོ་དུང་ངེར་མཐོང་ཐུབ་པ་ཙམ་ལས། ས་གཞི་ཆེན་པོའི་བློ་རིག་གི་གསལ་ཆ་དེ་སྐྱ་ཐུལ་ཐུལ་གྱི་སྨུག་པའི་འོག་ཏུ་འཐུམས་འདུག་པས། ཐག་རིང་གི་མེ་འོད་ལ་རྒྱང་ལྟ་བྱེད་ཐབས་བྲལ། ང་ནི་ཡང་བསྐྱར་ཅི་བྱ་གཏོལ་བྲལ་དུ་གྱུར་ཅིང་། རྫ་མགོ་མཐོན་པོར་བརྩེགས་པའི་ལ་བཙེས་ཤིག་དང་འདྲ་བར་ནག་ཐོ་སེར་ལུས་སོང་།
…དེ་ནས་ང་རང་ཐབས་ཟད་ཅིང་འུ་ཐུག་པར་གྱུར། “ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།། འགལ་རྐྱེན་བར་ཆད་མི་འབྱུང་ཞིང་།།……” སེམས་ནང་དུ་གོ་རིམ་ཅི་ཡང་མེད་པའི་ལྐོག་གྱུར་གྱི་སྐྱབས་ཡུལ་མང་པོ་ཞིག་ཤར་བྱུང་བ་དང་། ཁ་ནས་རང་དབང་མེད་པར་གསོལ་འདེབས་སྨོན་ལམ་རེ་བྱེད་བཞིན་ཁ་ཕྱོགས་ཅི་ཡང་མེད་པར་འདུར་རྒྱུག་བྱས། ཇི་ཙམ་འདུར་རྒྱུག་བྱས་པ་དེ་ཙམ་གྱིས་རང་གི་སྙིང་ཁོང་ནས་དྲན་བཞིན་པའི་སྙིང་སྡུག་དེ་དང་ཁ་ཐག་ཇེ་རིང་དུ་གཏོང་བཞིན་པ་འདྲ། ཡང་སྙིང་ང་རང་ཤར་ལྷོ་ནུབ་བྱང་གང་དུ་འགྲོ་དགོས་པའང་གཏན་ནས་མི་ཤེས། འོན་ཀྱང་། ང་རང་གང་དུ་འགྲོ་དགོས་མི་ཤེས་ཟེར་ནས་འདུག་ས་ཞིག་ཀྱང་མེད་སོང་། དེའི་རྐྱེན་གྱིས་ཉིན་མཚན་འདི་དག་གི་ལུས་སེམས་གཉིས་ཀྱི་ངལ་བ་ཡོད་ཚད་སྟོང་པར་ཟད་སོང་བ་འདྲ།
དེ་ལྟར་ཟས་སྐོམ་གཅིག་ཀྱང་སྤྱོད་རྒྱུ་མ་བྱུང་བར་ཉིན་མཚན་བདུན་ཙམ་གྱི་དུས་ཚོད་སྐད་ཅིག་ཙམ་གྱིས་ཕར་འདས། སྨྱོན་པ་ཞིག་རི་ལ་ཤོར་བ་ནང་བཞིན་ཉིན་མཚན་འདི་དག་ལ་ལ་ལུང་མང་པོ་ཉུལ་ན་ཡང་། ད་དུང་ཅི་ཡང་རྙེད་མ་བྱུང་བས། ངའི་འཚོལ་སྙེག་དང་དྲན་གདུང་གི་སེམས་པ་དེ་ཅུང་ཟད་ཨ་ཐང་ཆད་བྱུང་། དེ་དང་མཉམ་དུ་ཕོ་བའི་ནང་ནས་ཀྱང་བཟོད་པར་དཀའ་བའི་ལྟོགས་སྐོམ་གྱི་ཚོར་བ་དེས་ཤུགས་ཆེན་པོས་འབོད་བརྡ་བཏང་བྱུང་ན་ཡང་། ད་དུང་ང་ནི་གཏད་སོ་གང་ཡང་མེད་པར་གནའ་བོའི་ལམ་ཆེན་ཞིག་གི་ནང་ནས་གོམ་པ་འཁྱར་འཁྱོར་ངང་འགྲོ་བཞིན་ཡོད་ཅིང་། བར་སྣང་ནས་རྣོ་ཁབ་བརྒྱ་སྟོང་མང་པོ་ཞིག་མར་འཕྱང་ཡོང་བ་ལྟ་བུའི་ཉི་མའི་འོད་ཟེར་དེ་དག་གིས། སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པར་ངའི་རོ་སྟོད་ཀྱི་རྒྱབ་ངོས་དང་ཀླད་པའི་སྟེང་ནས་ཡང་ཡང་ཁབ་གཙགས་བྱས་སོང་བས། ལམ་ཟུར་གྱི་རྡོ་ཕ་བོང་སྐྱ་བོ་ཞིག་གི་གྲིབ་མའི་ནང་དུ་ཨན་ཙམ་ངལ་གསོ་དགོས་བྱུང་སོང་། ང་ལ་ཅི་ཞིག་བྱུང་སོང་བ་ཡིན་ནམ། གློ་བུར་དུ་ངའི་རྣམ་ཤེས་རབ་རིབ་དང་ལུས་སྟོབས་ཉབ་ཉོབ་ཏུ་སོང་སྟེ་རྒྱབ་ཕ་བོང་དེར་བསྙེས་དགོས་བྱུང་། རང་གི་རྒྱབ་ངོས་རྡོ་ཕ་བོང་དེར་ཐུག་རེག་བྱུང་བའི་ཚོར་བ་འཁྱག་པ་མག་མོག་ཅིག་སྐྱེས་ཤིང་། དེ་མ་ཐག་རང་དབང་ཅི་ཡང་མེད་པར་དྲན་མེད་གཏིང་རིང་གི་མུན་དོང་ནག་པོ་ཞིག་ཏུ་ལྷུང་སོང་།
ལེའུ་གཉིས་པ།
❶
ཉི་འོད་ནི་དེ་ལྟར་རྡེའུ་རྒྱ་མཚོའི་ནང་དུ་གཡུགས་པ་ལྟར་ཕྱིར་ཡོང་མ་བྱུང་ཞིང་། བུ་མོ་ཟླ་གཡང་གིས་བཟོད་པར་དཀའ་བའི་ལུང་སྟོང་ཆེན་པོ་དང་སྨག་རུམ་ནག་པོའི་ཁྲོད་ནས་ངང་སྒུག་བྱས་ཏེ་བསྡད་འདུག སྨག་རུམ་གྱི་ནང་ནས་འཛི་ཆུ་ཞེས་པའི་གཙང་པོ་འདིས་ངུ་མ་དབྱངས་ཀྱིས“ཤུ་ཤུ་ཤུ་ཤུ—”ཟེར་བའི་ཆོ་མེད་པའི་ཤུ་སྒྲ་ཞིག་ཆད་མེད་དུ་སྒྲོག་པར་བྱེད་ལ། དེ་ལས་གཞན་པའི་སྐྱེ་དངོས་དང་སྲོག་ཆགས་རྣམས་ཀྱིས་གྲག་འགུལ་ཅི་ཡང་མེད་པར། ཡོད་ཚད་དབུགས་ཆད་ཟིན་པ་དང་མཚུངས། མོས་རྡོ་རིལ་རིལ་གསུམ་ལས་གྲུབ་པའི་ཐབ་རྡོ་དེ་དག་དང་གཏན་ནས་ཁ་འབྲལ་བར་མི་ཕོད་ཅིང་། འཇིག་རྟེན་ནི་ལུང་སྟོང་དང་། མུན་ནག་དང་། ཁེར་རྐྱང་དང་། རེ་སྒུག་དག་གིས་བཟུང་སོང་།
ནུབ་རིའི་རྩེ་ནས་ཉི་མ་ཐེངས་གཉིས་པ་དེ་རི་རྒྱབ་ཏུ་བཞུད། མོས་མེ་ཐོག་ཏུ་ཤིང་ཧྲུག་ཁ་ཤས་སྣོན་བཞིན་ཁོ་རང་མུ་མཐུད་དེ་བསྒུགས་ཀྱང་ད་རུང་མི་ཡོང་། ཡིད་དུ་འོང་བའི་རྡེའུ་ཐང་དེ་རིམ་བཞིན་ཆེས་ཡིད་དུ་མི་འོང་བའི་འབྲོག་དགོན་པ་ཞིག་ཏུ་གྱུར་འདུག ཉི་མ་ཐེངས་གསུམ་པ་དེའང་ནུབ་སོང་བས། བུ་མོ་འདིས“བཀྲ་ཤིས་བདེ་ལེགས”ཀྱི་ལྟག་སྤྲོད་དུ་གྱུར་པའི་རྟོག་འཆར་སྣ་ཚོགས་ཤིག་སྤྲོས་བྱུང་། “ཨ་ཙི། ཨ་ཙི། ད་ནི་ཉི་མ་གསུམ་ཡང་འདས་སོང་། ངས་འདི་ནས་ཇི་ཙམ་བསྒུགས་ཀྱང་ཉི་འོད་ཁྱོད་ནི་ཕྱིར་ཡོང་མི་འདུག ཁྱོད་རང་མཚན་མོ་དེར་རྐང་པ་རྡོ་ལ་ཐོགས་ཏེ་གཡང་ས་མཐོན་པོ་ཞིག་ནས་ལྷུང་སོང་ངམ། ཡང་ན་ཁྱོད་རང་ནགས་ཁྲོད་དུ་གཅན་ཟན་གཏུམ་པོ་ཞིག་དང་གདོང་ཐུག་བྱུང་ནས་གསོན་པོར་ཟོས་སོང་ངམ། འོ། གཅིག་བྱས་ན་ཤ་བ་རྨས་མ་དེ་ནི་གཞི་བདག་གི་ཆོ་འཕྲུལ་ཡིན་སྲིད་ཅིང་། ཉི་འོད་ཁྱོད་ཀྱི་བླ་སྲོག་རྣམ་ཤེས་དང་བཅས་པ་ཡུལ་ལྷ་གཞི་བདག་ཀྱིས་ཁྱེར་སོང་བ་ཡང་ཡིན་སྲིད། གང་ལྟར་ངས་འདི་ནས་ཇི་ཙམ་བསྒུགས་ཀྱང་ཁྱོད་རང་ནི་ཕྱིར་ཡོང་གཏན་ནས་མེད་པ་འདྲ” དེ་ལྟར་སྙམ་བཞིན་ཡར་མར་ལ་རྒྱང་ལྟ་བྱེད་དུས། དགོང་མོའི་གྲིབ་ཆེན་གྱི་ནང་དུ། ཤ་བ་རྨས་མ་དེ་ནི་སྔར་བཞིན་རི་གདོང་ཕ་གི་ནས་གྱོལ་འཐེང་ལིང་ལིང་བྱེད་ཀྱིན་པ་མཐོང་བྱུང་། མོ་རང་སེམས་གཏིང་ནས་ཡི་ཆད་པར་གྱུར་ཅིང་། ཤར་ལི་ཐང་གི་ཕྱོགས་ཀྱི་གནམ་མཐའི་སྤྲིན་པ་དེར་རིང་ལྟ་བྱས། སྤྲིན་པ་དམར་པོ་དེའི་འོག་ནས་ཁྲུང་ཁྲུང་ཆ་གཅིག་གཤོག་པ་གཡོབ་ཙམ་གཡོབ་ཙམ་བྱེད་བཞིན་འཕུར་གྱིན་པ་མཐོང་བྱུང་བས། ཁྲུང་ཁྲུང་གི་གཤོག་རྩལ་ལ་སེམས་གཏིང་ནས་སྨོན་པ་ཚད་མེད་པ་ཞིག་ཤོར། དེ་ནས་ལྕགས་རི་ཞིག་རལ་དུ་སོང་བའི་ཕ་ཡུལ་གྱི་ཞིང་གྲོང་ཆུང་ཆུང་དེ་དྲན་བཞིན་ཕྱིར་ལོག་གྲབ་བྱས་སོང་། ཡིན་ན་ཡང་དངོས་སུ་ཕྱིར་ལོག་བྱེད་པ་ནི་དེ་འདྲའི་བློ་བདེ་མོ་ཞིག་གཏན་ནས་མ་རེེད། དེ་བས། ཁོང་གཉིས་རང་ཡུལ་ལི་ཐང་ནས་ས་ཆ་འདིར་ཇི་ལྟར་བྲོས་བྱོལ་དུ་ཡོང་བའི་ཚུལ་ལ་འདི་ལྟར་ཕྱིར་དྲན་ཞིག་བྱས།
ཚེས་པ་བཅུའི་དགོང་མོ་དེར་ཕ་ཡུལ་གྱི་ན་གཞོན་ལོ་ཆུང་མང་པོ་ལྷན་དུ་འདུས་ཏེ། གྲོང་ཚོའི་ཉེ་ཟུར་གྱི་མཆོད་རྟེན་དང་ཚ་ཁང་བར་ན་དར་ལྕོག་ཐ་ཐོར་ཡོད་པའི་རྡོ་འབུམ་དེར་སྐོར་བ་རྒྱག་གིན་ཡོད་ཅིང་། ཉི་འོད་ངེད་གཉིས་ཀྱང་སྐོར་བ་བྱེད་དུ་འགྲོ་བར་ཁ་གཡར་ནས། རང་རང་གི་རྡོག་ཁྲེས་ཆུང་ཆུང་རྒྱབ་ལ་ཁུར་ཏེ། མཚན་མོའི་ཟླ་འོད་ཀྱི་ངོགས་ནས་སོ་སོའི་རྡོག་སྒྲ་ཐྲིག་ཐྲིག་ལས་ཅི་ཡང་ཐོས་རྒྱུ་མེད་པར། ལྐོག་ལྐོག་སུད་སུད་དུ་ཕ་ཡུལ་དང་ཁ་བྲལ་ཏེ་བྲོས་བྱོལ་བྱས། ཁ་ནུབ་ཕྱོགས་སུ་གཏད་དེ་འགྲོ་བཞིན་ཡོད་པ་ཙམ་ལས་ངེད་གཉིས་པོར་དམིགས་ཡུལ་ངེས་ཅན་གྱི་འགྲོ་ས་གང་ཡང་མེད། ཡིན་པ་ནི་ཕ་ཡུལ་གྱི་གཉེན་ཉེ་ཡིན་ཟེར་བའི་བཙན་པོ་དབང་ཡོད་བཤད་མཁན་དག་དང་རྒྱང་ཐག་རིང་དུ་བཀྱེད་རྒྱུ་དེ་ཙམ་ཡིན་ཨང་།
ཉིན་མཚན་མང་པོ་ཞིག་གི་དུས་ཡུན་དེ་ལྟར་འགྲུལ་བཞུད་ཀྱིས་འདས་ཤིང་། མུ་མཐུད་དེ་རང་གི་ཕ་ཡུལ་དང་རྒྱང་ཐག་རིང་པོར་བསྲིང་ཐུབ་པ་བྱུང་། རང་རང་གིས་གཅེས་སུ་འོས་པའི་བརྩེ་དུང་ཟབ་མོ་དེ་བདེ་འཇགས་དང་ལྡན་པའི་བས་མཐའ་ཞིག་ན་བསྐྱལ་ཐུབ་སོང་བའི་ཚོར་བ་བློ་བདེ་བ་ཞིག་ཀྱང་སྐྱེས་བྱུང་། སྤང་ལྗོངས་སྔོ་ཐིང་ཐིང་རེད། ཉི་འོད་དྲོ་ལམ་ལམ་རེད། ང་རང་ནི། རང་བྱུང་ཁམས་ཀྱི་རང་བབས་ལྷུན་གྱིས་གྲུབ་པའི་གཙང་པོ་ཞིག་གི་གྲུ་ཟུར་ནས་གཡེང་གིན་པའི། རང་བཞིན་གྱིས་ཞེ་མཐུན་ལྷན་དུ་འཛོམས་པའི་ངང་པ་ཁྱོ་ཤུག་གཉིས་པོར་རྒྱང་ལྟ་བྱས་ནས་བསྡད་ཡོད་ཅིང་། རང་ཉིད་ནི་གཏམ་སྨྲ་མི་ཤེས་པའི་སྙན་ངག་པ་ཞིག་ཏུ་གྱུར་ཏེ་བརྗོད་བྱ་དང་ལྡན་པའི་ཡིག་འབྲུ་ན་གཅིག་ཀྱང་ངག་སྒོ་ནས་འཕུད་མི་ཐུབ་པའི་ཚོར་སྣང་བྱུང་། ངའི་མིག་ཟུང་གིས་ཕ་གིའི་གཙང་པོའི་གྲུ་ཟུར་ནས་གཡེང་གིན་པའི་ངང་པ་ཁྱོ་ཤུག་གཉིས་པོར་རྒྱང་ལྟ་བྱས་ཏེ་དེ་ལྟར་ཡུན་རིང་བསྡད།
“ཟླ་གཡང” ཉི་འོད་ཀྱིས་སྐད་ཆ་བཤད་བྱུང་། “ཁྱིམ་བྱ་ཉོ་ཚོང་མཁན་གྱི་ཚོང་པ་ཞིག་གིས། བྱ་ཕོ་དང་བྱ་མོ་གཉིས་ཉོས་ཏེ་གཟེབ་དྲྭ་གཅིག་གི་ནང་དུ་བཙན་གྱིས་ཚེ་གཅིག་ལ་མཉམ་དུ་བཅུག་བཞག་པ་ཡིན་ན། ཁྱིམ་བྱ་ཕོ་མོ་གཉིས་ཀྱི་བརྩེ་དུང་ནི་ཅི་འདྲ་ཞིག་ཡིན་སྲིད་དམ”ཞེས་ཟེར་ཞིང་། ཉི་འོད་ཀྱིས་ཁོ་རང་ཉིད་བསམ་བློ་པ་ཞིག་ལོས་ཡིན་སྙམ་པའི་ཚུགས་ཀ་བསྟན་བྱུང་། ངས་ཀྱང་། ངེད་གཉིས་ཀྱིས་བྲོས་བྱོལ་བྱས་པ་ནི་ཤིན་ཏུ་རྒྱུ་མཚན་དང་ལྡན་པར་སྙམ་ནས་ཡིད་ཚིམ་པའི་སེམས་ཀྱིས་མགོ་ལྕོག་ལྡེམ་ཙམ་བྱས་པ་ལས། བཤད་འོས་པའི་གཏམ་ལན་ཅི་ཡང་སྨྲ་མ་ཤེས།
ཁ་གཞེས་ནིང་གི་ཕྱི་དྲོར། ངེད་གཉིས་ས་ཆ་འདིར་བདེ་བར་སླེབས། ངེད་གཉིས་སླེབས་དུས་སྤང་ཐང་འདིར་དབྱར་སྟོད་ཀྱི་མེ་ཏོག་སོ་མ་དག་ཁྲ་ལམ་མེར་བཞད་ཅིང་། འཚོ་དབུགས་ཀྱི་ནང་དུ་རྩྭ་སྔོན་སོས་པའི་དྲི་ཞིམ་གྱིས་ཡོངས་སུ་ཁྱབ་ནས་འདུག དེ་ནས་ཆུ་ལེན་ཤིང་འཐུ་བྱས་ཤིང་དགོང་ཇ་ཞིམ་པོ་ཞིག་སྐོལ་བའི་སྟ་གོན་ལ་མེ་བུས་ཏེ་དུ་བ་སྔོ་ལོང་ལོང་འཕྱུར་དུ་བཅུག སྐབས་དེར་ནུབ་རིའི་རྩེ་མོ་ནས་ཉི་མས་ཕྱིར་ལྟས་ཐེངས་ཤིག་བྱས་བྱུང་བ་དང་། དེ་མ་ཐག་བསིལ་ཁྱུག་ཁྱུག་གི་རླུང་བུ་ཞིག་གཡུགས་ཏེ་ཉི་མའི་འོད་མདངས་སྤྲིན་པ་མཐུག་པོ་ཞིག་གིས་ཕར་གཡོགས་སོང་། དེ་དུས་ཏག་ཏག་རི་གདོང་ཕ་གི་ནས་ཤ་བ་རྨས་མ་འདི་ད་ལྟ་ནང་བཞིན་མངོན་བྱུང་། ཤ་བ་རྨས་མ་འདི།
མོས་དེ་ལྟར་ཕྱིར་འདང་སྐྱུར་མོ་ཞིག་བརྒྱབས་ཤིང་། རང་གི་སྐྲ་ལོ་སྔུན་དུ་བླངས་ཏེ་ལན་བུའི་གསེང་གི་མེ་ཏོག་དམར་པོ་དེར་ལྟ་ཙམ་བྱས་པ་ན། མེ་ཏོག་དེ་ནི་རེ་བ་ཟད་ཅིང་ཁོ་ཐག་ཡོངས་སུ་ཆོད་དེ་གཉིད་ཁུག་འདུག ཟླ་གཡང་གི་ངོ་གདོང་ལས་སེམས་ཤིན་ཏུ་སྐྱོ་ལ་ཡིད་ཕམ་ཐག་ཆོད་པའི་རི་མོ་སྐྱ་བོ་ཞིག་མངོན་བྱུང་། མོའི་མཁུར་ཚོས་གཉིས་ནས་མར་ལྷུང་བཞིན་པའི་རླན་ཞིང་གཤེར་བའི་ཆ་ཤས་དེ་དག་འགོག་ཐབས་མ་བྱུང་བས། ལག་གཡོན་པས་ཕུ་དུང་གི་སྣེ་མོ་དེ་མིག་ཀོང་གི་ཕྱོགས་སུ་ཁྱེར། ཅི་ཞིག་ལྟར། མོའི་ཡིད་ལ་གྱང་རལ་གྲོང་ཚོའི་ནང་གི་ལྕང་སྡོང་རྒན་པོ་དེ་དྲན་བྱུང་། ལྕང་རྒན་འོག་ན་བཞུགས་རྒྱུར་དགའ་བའི་ཨ་ཕྱི་རྒད་མོའི་ཞལ་རས་དྲོན་མོ་དེའང་དྲན་བྱུང་། དྲན་གདུང་དེ་དག་གིས་བུ་མོ་ཟླ་གཡང་ཕྱིར་ཕ་ཡུལ་གྱི་ཕྱོགས་སུ་ཁྲིད་སོང་བས། རྡེའུ་ཐང་ནི་སླར་ཡང་སྤང་ཐང་སྟོང་པ་ཞིག་ཏུ་གྱུར་སོང་།
❷
འདི་ནས་གྱང་རལ་གྲོང་ཚོ་ཅུང་ཟད་གླེང་དགོས་སོང་། གྱང་ར་གྲོང་ཚོའི་མཐའ་སྐོར་གྱི་ལྕགས་རི་མཐོན་པོ་དེ་ཞིག་རལ་དུ་སོང་བས། དེང་སང་གི་མི་རྣམས་ཀྱིས“གྱང་ར་གྲོང་ཚོ”མི་ཟེར་བར“གྱང་རལ་གྲོང་ཚོ”ཞེས་མཚང་མིང་གིས་འབོད་པར་བྱེད། གྲོང་ཚོའི་ནང་དུ་ལྕང་སྡོང་རྒན་པོ་ཞིག་ཡོད་པ་འདིས་དུས་ཚིགས་བཞི་ཡི་རླུང་བུ་དང་བསྡེབས་སྟེ་གྲོང་མི་ཚོར་སྙན་ཚིག་གི་ལམ་ནས། མི་སེམས་ཀྱི་འགྱུར་བག་མཚོན་པའི་འཕྲིན་པ་ཡང་ཡང་སྐྱེལ་བར་བྱེད། གྲོང་ཚོ་འདིར་གྲོང་མི་ཅུང་མང་ཞིང་། གྲོང་མི་ཚོ་ས་ཆ་ཐག་རིང་ཐུང་གང་འདྲ་ཞིག་ལ་སོང་ཡང་ལྕང་རྒན་འདི་གཏན་ནས་བརྗེད་པར་མི་སྲིད་ཟེར།
ལྕང་སྡོང་རྒན་པོའི་འོག་གི་ཁྱིམ་ཚང་འདིའི་མིང་ལ་ཡུལ་མི་ཚོས་ལྕང་རྒན་ཚང་ཟེར་ནས་འབོད། ལྕང་རྒན་ཚང་གི་བུ་མོ་ཟླ་གཡང་དང་རྨ་བྱ་ཚང་གི་བུ་ཉི་འོད་གཉིས་བརྩེ་སེམས་མཐུན་པའི་ཆུང་འདྲིས་བྱམས་པ་ཡིན། འོན་ཏེ། ལྕང་རྒན་ཚང་དང་རྨ་བྱ་ཚང་ཟེར་བའི་ཁྱིམ་ཚང་གཉིས་ཀྱི་བར་ན་ལྷུང་བའི་ཁྱི་རོ་རུལ་བ་ལས་ཚུལ་མིན་གྱི་དྲི་མ་ངན་པ་ཞིག་འཐུལ་ཏེ། ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་ལྡུམ་རའི་ནང་དུ་མཐུན་རྐྱེན་གྱི་ཕྱེ་མ་ལེབ་མི་འཁོར་བར། ངོ་ཚ་མེད་པའི་སྐྱག་སྦྲང་དག་འཚངས་བྱུང་།
རྨ་བྱ་ཚང་ལ་བཙན་ཕྱུག་འཛོམས་པའི་དུས་སུ། མིང་ལ་རྨ་བྱ་ཟེར་བའི་རྟ་མཆོག་ཅིག་ཡོད་པས། གྲོང་མི་རྣམས་ཀྱིས་ཁྱིམ་ཚང་དེའི་མིང་ལའང་རྨ་བྱ་ཚང་ཟེར་ནས་བཏགས། ད་ལྟ་ནི་རྟ་མཆོག་དེ་ཤི་ནས་ཡུན་རིང་སོང་ཟིན་ཅིང་ཁྱིམ་ཚང་འདི་དབུལ་པོར་གྱུར་ཡོད་མོད། དབུལ་ཕྱུག་གི་གནས་ཚུལ་དེས། ན་གཞོན་ཁོང་གཉིས་བར་གྱི་མཛའ་གཅུགས་གསེར་གྱི་ཟམ་པ་ལ་ཤུགས་རྐྱེན་ཅི་ཡང་མ་ཐེབས། དེ་ལྟར་ན་ཡང་། མི་གཞན་གྱིས་འཛེམ་བག་མེད་པར་ཁོང་གཉིས་ཀྱི་མཛའ་མཐུན་ལ་འགས་གཏོར་གཏོང་བའི་བཀོད་འདོམས་དང་འཆར་གཞི་བསྒྲིགས་ཟིན་ཅིང་། འཆར་གཞི་ལ་བག་མེད་པར་དྲོད་ཚད་མཐོན་པོར་རྒྱས་ཏེ་སེ་དྲོད་ཏུའུ་བརྒྱར་བསླེབ་ལ་ཉེ། དེ་བས། ན་གཞོན་གྱི་བུ་དང་བུ་མོ་གཉིས་པོས་ཏུའུ་གྲངས་མཐོ་དྲགས་པའི་ཚ་དྲོད་ཆེན་པོ་དེར་ཕྱིར་ནུད་ཐེངས་ཤིག་བྱས་པ་ན། གྲོང་མི་རྣམས་ཀྱིས། ན་གཞོན་ཕོ་མོ་དེ་གཉིས་ཡུལ་གྱར་བྱས་ཤིང་ས་མཐར་འཁྱར་སོང་ཞེས་གླེང་ངོ་།།
ལེའུ་གསུམ་པ།
❶
གཞོན་ནུ་ཉི་འོད་ལུང་སྟོང་ནང་གི་རྡོ་ཕ་བོང་སྐྱ་བོ་ཞིག་གི་ཟུར་དུ་དྲན་པ་བརྒྱལ་སོང་ནའང་། སྐབས་ཁེལ་བ་ཞིག་ལ། ཁམས་ཀྱི་ཇ་རྟའི་གནའ་ལམ་བར་པ་བརྒྱུད་དེ་འགྲོ་བཞིན་པའི་ཚོང་དཔོན་ཞིག་དང་འཕྲད་དེ། ཚོང་དཔོན་དེས་ཉི་འོད་ཀྱི་འཆི་ལ་ཉེ་བའི་ཚེ་སྲོག་ཕྲ་མོ་དེ་བསྐྱབས་པར་བྱས།
ཚོང་དཔོན་འདི་ལ་ལག་དོ་བ་མང་བར་མ་ཟད་རྟ་དྲེལ་དེ་ལས་ཀྱང་མང་། རྒྱབ་ལ་མེ་མདའ་ཁུར་ཞིང་སྐེད་ལ་གྲི་རིང་འཛེར་བའི་ལག་དོ་བ་དག་གིས། དུས་ཚོས་ངེས་མེད་དུ་རྐུན་ཇག་དང་ཐུག་སྲིད་པའི་དོགས་ཟོན་དང་མི་འབྲལ་བར་བྱེད་ཀྱིན་འདུག་ལ། ཚོང་ཟོང་དོས་པོ་བཀལ་བའི་རྟ་དང་དྲེལ་རྣམས་ཀྱི་སྐེ་ཁུད་ནས་མཆེད་པའི “ཏང་ཏང་ཏང་། ཏིང་ཏིང་ཏིང” ཞེས་ལི་དང་ལྕགས་ཀྱི་སྐད་སྣ་ཚོགས་པ་ཞིག་རྒྱུན་ཆད་མེད་པར་ཐོས་ཡོང་ལ། ཁོང་ཚོ་ཚང་མས་ཉི་མ་ལྷ་ས་ཞེས་པའི་རྡོ་ཡི་གྲོང་ཁྱེར་ཞིག་དམིགས་ཡུལ་དུ་བཟུང་ཡོད། ཅི་བྱ་འདི་སྒྲུབ་དང་བྲལ་བར་གྱུར་ཅིང་གར་འགྲོ་གཏད་སོ་ཅི་ཡང་མེད་པའི་ན་གཞོན་འཁྱམ་པོ་འདིའང་དེ་ལྟར་ཚོང་དཔོན་འདིའི་ལག་དོ་བར་གྱུར། ཅི་ཞིག་བོར་སོང་བའི་ཉི་འོད་སྟེས་དབང་གིས་ཚོང་དཔོན་ཞིག་གི་ལག་དོ་བར་གྱུར་སོང་།
ལག་དོ་བ་ཉི་འོད་ནི་ལོ་ཟླ་འདི་དག(ལོ་གཅིག་ལྷག་ཙམ)གི་རིང་ལ་ཚོང་དཔོན་དང་མཉམ་དུ་དེ་སྔོན་སོང་མ་མྱོང་བའི་ཡུལ་ལུང་མང་པོ་ཞིག་སྐོར་བཞིན་ཡོད་ཅིང་། ཕར་བལྟས་ཚོད་ལ་ཉི་འོད་ཀྱིས་རྟ་དྲེལ་གྱི་སྒ་སྟོད་པ་དང་ཁལ་འགེལ་ཕོགས་བྱེད་པ་སོགས་ཀྱིས་དུས་འདའ་བཞིན་ཡོད་མོད། བརྩེ་དུང་ལྡན་པའི་ན་གཞོན་ཕོ་མོ་ཁོང་གཉིས་ཀྱི་སྟེང་དུ་བྱུང་བའི་རྐྱེན་ངན་ཆག་སྒོ་དེ་དག་གི་སྡུག་ཡུས་དང་སེམས་ཁྲལ་ལྕི་མོས། མུ་མཐུད་དེ་ཁོར་གཟུགས་མེད་སེམས་ཀྱི་མནར་གཅོད་ཚད་མེད་ཅིག་མྱོང་དགོས་བྱུང་།
ཁོས་ད་ལྟ་ནི་ཕ་ཡུལ་གྱི་ཕྱོགས་ནས་ཟླ་གཡང་དང་འབྲེལ་བའི་གཏམ་བཟང(ཟླ་གཡང་ཕྱིར་ཕ་ཡུལ་དུ་སླེབས་ཤིང་ཁྱིམ་ཚང་ག་གེ་མོར་མནའ་མར་བྱིན་ལྟ་བུ)རེ་གོ་ཐོས་ཡོང་སྲིད་པར་རེ་བ་བཅངས་ཡོད་ན་ཡང་། དོན་དངོས་སུ་དེ་ལས་ལྡོག་སྟེ། ཕ་ཡུལ་ཕྱོགས་ཀྱི་གནས་སྐོར་བ་ཞིག་གི་ཁ་ནས། ཟླ་གཡང་ཕྱིར་རང་ཡུལ་དུ་སླེབས་མེད་པའི་སྐད་ཆ་ཞིག་གོ་ཐོས་བྱུང་། དེ་ནས་བཟུང་ཉི་འོད་ཀྱི་གདོང་པར་སྨྲ་མི་ཤེས་པའི་གྲིབ་མ་ནག་པོ་ཞིག་གུག་ཅིང་། ཁོའི་ངོ་མདངས་མཐོང་བ་ཙམ་གྱིས། འཇིག་རྟེན་མི་ཡུལ་ཟེར་བ་འདི་ནི་བྲོ་བ་ཅི་ཡང་མེད་པའི་ཆུ་འཁྱག་པ་ཞིག་ཡིན་པའི་ཚོར་བ་སྟེར་ཡོང་། རིམ་བཞིན་མི་འདིའི་ལུས་སེམས་གཉིས་ཀར་ངོས་འཛིན་དཀའ་བའི་ནད་ངན་ཞིག་གིས་ཚང་བཅས་བྱུང་བས། ཚོང་དཔོན་དང་མཉམ་དུ་མུ་མཐུད་དེ་ཇ་རྟའི་ཚོང་ལམ་རིང་མོ་འགྲིམ་མི་ཐུབ་པར་གྱུར་སོང་། ཁོས་རང་གིས་རང་ལ། “ང་རང་ད་དུང་འཇིག་རྟེན་ན་གསོན་པོར་གནས་དགོས་དོན་ཅི་ཞིག་ཡིན་ནམ”ཞེས་དྲི་བ་དྲིས་ཤིང་། ཅི་ཡང་དང་ལེན་མི་བྱེད་ལ་གང་ཡང་གཅེས་སྤྲས་མེད་པའི་མི་ཞིག་ཏུ་གྱུར་སོང་།
ཉི་འོད་དང་ཟླ་གཡང་གྱེས་བྲལ་བྱུང་སྟེ་ཟླ་བ་བཅོ་བརྒྱད་ཙམ་གྱི་དུས་ཚོད་ཕར་ཕར་འདས་སོང་ལ། འདས་དོན་བརྗེད་པར་མི་ནུས་པའི་ཉི་འོད་ཀྱི་ངོ་གདོང་ལས་བྲོ་བ་ཅི་ཡང་མེད་པའི་ཉམས་ཤིག་མངོན་འདུག ད་ནི་མཚོན་པར་དཀའ་བའི་གདོང་རིས་དེའང་སྐྱ་ཐག་ཆོད་པ་ཞིག་ཏུ་གྱུར་ཏེ་ཉལ་ས་རུ་ལྷུང་འདུག སྨན་ཡང་མི་བསྟེན། ཟ་མ་ཡང་མི་ཟ། ཁོའི་སྣང་ངོར། སྨན་དང་ཟ་མ་ཟེར་བ་དེ་ཚོར་ཆོ་ཅི་ཡང་མི་འདུག ཆོ་ཅི་ཡང་མི་འདུག
❷
མཚན་མོ་འདིར་ཁོས་རྨི་ལམ་མམ། བར་དོའམ། འཁྲུལ་སྣང་སོགས་ཅི་ཡིན་མི་ཤེས་པའི་ལམ་ཁ་ཞིག་བརྒྱུད་དེ་བསམ་ཡུལ་ལས་འདས་པར་རྡེའུ་ཐང་དུ་ཕྱིར་ལོག་ཐུབ་པ་བྱུང་། རང་གི་ནད་སངས་དྲག་ཏུ་གྱུར་ཅིང་ལུས་ཡང་ཞིང་ཐོགས་པ་མེད་པར་སྣང་། ཁོ་རང་གང་ནས་ཡོང་དང་འདི་ནས་ཡོང་གི་ལམ་ཁ་ཞིག་སྨྲ་རྒྱུ་མེད་པར། ཡང་བསྐྱར་ཕྱི་དྲོ་ཞིག་ལ་རྡེའུ་ཐང་དུ་སླེབས་པར་གྱུར་མོད། ཁོའི་ངོ་གདོང་དུ་སྔར་བཞིན་བྲོ་བ་ཅི་ཡང་མེད་པའི་ཉམས་སྣང་དེ་ལྷག་འདུག
ད་ལྟ་རྡེའུ་ཐང་དུ་དགུན་གྱི་ཁ་བ་འབབ་བཞིན་འདུག་ལ་རི་ལུང་ཡོད་ཚད་སྐྱ་ཐེང་ངེར་གནས། ཁ་བའི་གསེང་གི་རྩྭ་ཐུར་སྐམ་ཧྲེང་རྣམས་ཀྱི་སྟེང་དུ་གྲང་རླུང་ཕོག་སྟེ། མིའི་རྣམ་ཤེས་ལ་འཁྱག་སྣང་སྟེར་བའི་ཤུ་གླུ་ཀྱུ་རུ་རུ་ལེན། ཉི་འོད་འདར་སིག་སིག་གིས་ལག་པ་རུམ་དུ་བཅུག་སྟེ་ཆིག་ལབ་བརྒྱབས། “ངས་ས་ཆ་འདི་ཡུན་རིང་བཙལ་བས་ད་ལྟ་གཞི་ནས་རྙེད་བྱུང་། ཟླ་གཡང་ཡ། ཁྱོད་རང་གང་ཞིག་ན་ཡོད་དམ” དེའི་དུས་ཉི་འོད་ཀྱིས་རང་གི་སྐད་མགོ་ཉམས་ཏེ་ཧ་ཅང་རྒྱུད་མེད་དུ་གྱུར་འདུག་པ་ཚོར།
སྔོན་ཁོང་གཉིས་ཀྱིས་རི་ཇ་བསྐོལ་བའི་ས་ཆ་དེར་ཐབ་རྡོ་དེ་དག་དང་མེ་བུས་པའི་ཤུལ་དོད་ཙམ་འདུག་པ་མཐོང་ལ། མ་ཟད་འདི་ནས་མི་ཞིག་འགྲོ་སྡོད་བྱས་པའི་རྗེས་ཤུལ་འདྲ་བ་རེ་ཡང་མག་མོག་གིས་སྣང་འདུག ཐབ་ཀའི་གཡས་གཡོན་གཉིས་སུ་སྔར་མེད་པའི་རྩྭ་ཕུང་ཆེན་པོ་རི་དེའུ་འདྲ་བ་གཉིས་སྤུངས་འདུག་པ་འདི་ནི་ཅི་ཞིག་ཡིན་པ་སུ་ཡིས་ཤེས། ཉེ་ཟུར་གྱི་ས་ཆ་གང་སར་མིག་ཉུལ་བྱས་ཀྱང་ཟླ་གཡང་ཟེར་བའི་རང་གི་སྙིང་སྡུག་དེ་མཐོང་ལམ་དུ་མངོན་མ་བྱུང་བས། ཉི་འོད་ཀྱི་སེམས་སུ་ཤིན་ཏུ་གྲང་ཞིང་འཁྱག་པའི་སྣང་བ་ཞིག་སྐྱེས་ཏེ་རྩྭ་ཕུང་ཆེན་པོ་ཅིག་ཤོས་དེའི་ནང་དུ་རང་དབང་མེད་པར་འཛུལ་དགོས་བྱུང་སོང་།
ཁོའི་ལུས་པོ་རྩྭ་ཕུང་དེའི་ནང་དུ་འཛུལ་ཞིང་མིག་གིས་རྒྱང་རིང་སར་བལྟས་བསྡད་ཡོད། སྙིང་སྡུག་མ་ཟླ་གཡང་ངེས་པར་དུ་ལོག་ཡོང་བའི་ཡིད་ཆེས་དང་བཅས་རེ་སྒུག་བྱས་ཏེ་ཡོད། ཁོས་ད་ལྟ་རང་ཉིད་ནི་གཤིན་པོའམ་ཡང་ན་གསོན་པོ་ཅི་ཞིག་ཡིན་པ་གཏན་ནས་ཤེས་ཀྱིན་མེད་ན་ཡང་། ཁོའི་མིག་ནང་ནས་རེ་བའི་འོད་མདངས་ཉག་མ་གཅིག་ཁོ་ན་མངོན་འདུག
རྡེའུ་ཐང་དུ་དགོང་མོའི་གྲིབ་ཆེན་གུག་སྟེ་རི་ཐང་ཡོངས་རྫོགས་ནག་ངམ་མེར་བཏང་། ཉི་འོད་ལ་རྩྭ་ཕུང་གི་ནང་ནས་དྲོད་སྣང་ཨེན་ཙམ་ཞིག་རྒྱས་བྱུང་། སྐབས་དེར་མིག་རྒྱང་ཙམ་གྱི་སྐྱ་ཐིང་ཐིང་གི་ཁ་བའི་ཁྲོད་ནས་བུད་མེད་ཅིག་རྩྭ་ཕུང་འདི་གཉིས་ལ་ཁ་གཏད་དེ་རྒྱུག་ཡོང་གིན་འདུག་པ་མཐོང་སྟེ། ཚུར་ཚུར་ཁ་ཐག་ཇེ་ཉེར་གྱུར་། མོས་རྩྭ་དང་ལྡུམ་བུ་སྐམ་པོ་སྙིམ་པ་གང་ཁྱེར་འདུག་པ་རིམ་བཞིན་གསལ། འདི་ནས་མོ་དང་མོས་ཟེར་བའི་ཐ་སྙད་སྤྱོད་བཞིན་ཡོད་པ་ཙམ་ལས། དོན་ངོ་མ་བཤད་ན། ཕ་གི་ནས་ཚུར་ཡོང་མཁན་འདི་སྐྱེས་པའམ་བུད་མེད་ཅི་ཞིག་ཡིན་པ་ཤེས་ཐབས་བྲལ་འདུག་སྟེ། དཔེར་ན་མེ་ཡིས་ཚིག་ཟིན་པའི་སྡོང་པོ་སྐམ་ཧྲུག་ཅིག་ལ་རྐང་ལག་ཐོགས་ཏེ་གོམ་པ་སྤོ་བཞིན་པ་དང་མཚུངས།
ཉི་འོད་ད་དུང་རྩྭ་ཕུང་གི་ནང་དུ་གབ་བསྡད་ཡོད། མོའི་ལུས་ལ་གྱོན་པ་ཧྲུལ་པོ་ཞིག་ཀྱང་གོན་མེད་པར་རྩྭ་ཕུང་གི་ཉེ་འགྲམ་དུ་ཚུར་ཐོན་ནས་བྱུང་། ཕར་བལྟས་ན་ཤིན་ཏུ་ལྟ་བཟོད་མི་བདེ་བ་ཞིག་ཡིན་ནའང་། མོའི་བྱེད་སྟངས་དང་སྒྲུབ་སྟངས་ཚང་མ་བྱང་ཆ་དང་ལྡན་པ་ཞིག་རེད། སྙིམ་པའི་ནང་གི་རྩྭ་ལྡུམ་དེ་དག་དུམ་བུ་གཉིས་སུ་བགོས་ཏེ་རྩྭ་ཕུང་ཆེན་པོ་གཉིས་ཀྱི་སྟེང་དུ་བསྣན་སོང་། “……” མོའི་ཁ་ནས་ཅི་ཞིག་ལྡ་བེ་ལྡིབ་བེར་ལབ་སོང་ཡང་ཉི་འོད་ཀྱིས་ཚིག་གི་འབྲས་བུ་ཅི་ཡང་མ་གོ མོ་རང་སྔར་ཉི་འོད་ཀྱིས་ཤ་བ་རྨས་མ་རྗེས་འདེད་བཏང་བའི་ཕྱོགས་སུ་ཁ་འཁོར་ཏེ། “ཀྭའི—ཉི་མ་འོད་ཟེར” དེ་ནས་ཡང་ཕྱོགས་གཞན་ཞིག་ལ་ཁ་འཁོར། “ཀྭའི—ཉི་འོད”ཡང་ཕྱོགས་གཞན་ཞིག་ལ“ཀྭའི—ཉི་མ་འོད་ཟེར” ཅེས་སྐད་ཤུགས་ཡོད་ཚད་ཀྱིས་རྒྱང་འབོད་བྱས། རྒྱང་འབོད་དྲག་པོ་བྱས། རྫོང་གནམ་བྲག་དཀར་གཙོར་བྱས་པའི་རི་ལུང་ཡོད་ཚད་ཀྱིས་མོ་དང་མཉམ་དུ་འབོད་རོགས་བྱས་སོང་། རི་དང་ལུང་པ་གཡོ་སྙམ་བྱེད་པའི་རྒྱང་འབོད་དེ་ཡུན་རིང་པོར་བྱས་སོང་བས་གནམ་གྱི་སྐར་ཚོགས་དག་ཀྱང་འདར་ལྷབ་ལྷབ།
ས་ཡོངས་སུ་རུབ་ཐག་ཆོད་སོང་། མོ་རང་སྐད་འགག་སྟེ་རྒྱང་འབོད་དྲག་པོ་བྱེད་ཐུབ་མ་སོང་། ཡིད་ཕམ་ཐག་ཆོད་སོང་། ཐབ་རྡོ་རིལ་རིལ་མ་གསུམ་གྱི་ཟུར་དུ་འཁུམ་མེར་བསྡད་ནས་སྐད་གདངས་ཙིར་ཙིར་གྱིས་ངུས་བྱུང་། མོའི་ལུས་ངག་གི་ཉམས་འགྱུར་དང་གསོན་ཤུགས་ཡོད་ཚད་ཉམས་ཆགས་སུ་སོང་ཟིན་འདུག མོའི་ངུ་སྐད་དེ་ག་ལེར་ག་ལེར་ཤིང་འབུ་མེ་ཡིས་འཚིག་པའི་སྒྲ་དབྱངས་ཤིག་ལ་གྱུར་སོང་། “ཙིར། ཙིར། ཙིར”
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1173
དཔྱད་མཆན་སྤེལ།