ཆང་གཞོན་ནུ། [མཚོ་ལྷོ]
 
ཆུ་འཛིན་དཀར་པོ་འཁྲིགས་པའི་གུར་ཁང་དུ། ། 
ཟླ་སྟོང་འཛུམ་པའི་མདངས་ལ་འགྲན་བདོ་བའི། ། 
དཀར་གསལ་ཆ་ཤས་རབ་རྫོགས་ཞལ་ཁྱིམ་ཅན། ། 
རེ་ཞིག་མགྲིན་པའི་རྫིང་དུ་ལན་གཅིག་ཕེབས། ། 
མཉེན་ལྕུག་ཕྱག་གི་སོར་མའི་འདུ་བྱེད་ལས། ། 
རྒྱུད་སྐུད་འདར་བའི་དབྱངས་ཀྱི་གྲུ་ཆར་འཇོ། །
སྲིད་ཞིའི་ཁམས་སུ་ངག་རིག་འབྱུང་བའི་མ། །
ལྷ་ཚོགས་དགྱེས་པའི་ཡོན་ཆབ་འབུལ་ལ་རེངས། །
ལྷ་མིན་དབྱངས་ཀྱི་མཚོ་ལ་བྱིངས་པའི་འཕྲུལ། །
སྒྱུ་འཕྲུལ་དྲ་བའི་འཕགས་མ་ངག་གི་ཡུམ། །
ལུས་ཀྱི་ས་འཛིན་ཟོམ་དུ་ཐེངས་ཤིག་བྱོན། །
མགྲིན་པའི་སྦུབས་སུ་ངག་རིག་བདུད་རྩི་ཡི། །
བུམ་ཆུའི་ཆ་ལས་བདག་གི་བགོ་སྐལ་དུ། །
རྩྭ་ཕྲན་ཟིལ་བའི་ཐིགས་ཙམ་གནང་བར་ཞུ། །
 
 
             ངག་གི་མར་མེ་རྐོང་གཅིག་ཁྱེད་ལ་བསྒྲོན། 
 
སྡང་བའི་དགྲ་ཡིས་རལ་གྲི་གདེང་བ་ལ། །
བྱམས་པའི་བུམ་ཆུང་མེ་ཏོག་ལན་དུ་ཕུལ། །  
ཁྲོ་བའི་སྡང་མིག་ཧར་གྱིས་བགྲད་པ་ལ། ། 
ཞི་བའི་བདུད་རྩིའི་ཡོན་ཆབ་ལན་དུ་སྦྱིན། ། 
ཉོན་མོངས་དུག་གི་ཧ་ལོའི་མེ་ཏོག་ཚོགས། །
ཤེ་རབ་མེ་འབར་འོད་ཀྱིས་སྲེག་པར་བྱས། །
བརྩོན་པའི་གྲི་ཡིས་རྩ་བ་བྲེགས་ནས་ནི། །
བྱམས་པའི་མདའ་ཡིས་ལོ་འདབ་ལྷུང་བར་བྱས། ། 
སྙིགས་མའི་ལོག་ལྟ་མཁྲེགས་པའི་བྲག་རྡོ་ལ། །
རིགས་པའི་སྤྲིན་གྱི་ཟེར་མ་ལན་གཅིག་འཕེན། ། 
སྒྲིབ་པའི་སྨག་ལ་བྱིངས་པའི་འགྲོ་བ་ཀུན། ། 
སྙིང་རྗེའི་འོད་ཀྱི་ཆར་བས་གསལ་བར་མཛད། ། 
ཞི་བའི་ཐུགས་ནི་འགྲོ་བའི་དོན་གྱི་སླད། ། 
རྟག་ཏུ་མྱ་ངན་མཆི་མས་བཀང་མཛད་པ། ། 
དཔལ་ལྡན་ས་གསུམ་འགྲོ་བའི་ཡབ་ཆེན་པོ། ། 
ངག་གི་མར་མེ་རྐོང་གཅིག་ཁྱེད་ལ་བསྒྲོན། ། 
སྙན་གྱི་དབང་བོ་དར་ཅིག་གཡོར་བར་ཞུ། ། 
 
           གངས་རིའི་ཕ་མཐའི་ཁྱེད་རང་རྟག་ཏུ་དྲན། 
 
ལུགས་གཉིས་ཟུང་གི་འཁོར་ལོ་བསྒྱུར་བ་ཆེ། ། 
འཁོར་བར་བྱོན་པའི་ཐུགས་རྗེ་ཆེན་པོ་ལགས། ། 
མཐའ་ལ་མ་ལྷུང་དབུ་མའི་ལམ་སྲོལ་ཆེ། ། 
རྟག་ཏུ་དྲན་ནོ་མི་ཡུལ་སེམས་དཔའ་ལགས། ། 
ཚེ་སྔོན་རྣམ་དཀར་དགེ་བའི་འབྲས་བཟང་དུ། ། 
ལས་ཀྱི་སྨོན་ལམ་གངས་ཀྱི་ལུང་བར་ཐེབས། །
བསོད་ནམས་ཆེ་བས་ཡིད་བཞིན་ནོར་བུ་ཡི། ། 
འབངས་སུ་འགྱུར་བའི་ལས་སྐལ་བདག་ལ་སྨིན། ། 
སྲིད་པའི་བར་ཆར་བདུད་ཀྱི་ཆོ་འཕྲུལ་ལས། ། 
རང་ཅག་གངས་ཀྱི་ཕར་དང་ཚུར་ལ་གྱེས། ། 
དེ་ལྟ་ན་ཡང་སེམས་དཔའ་ཆེན་པོ་ནི། །
ཐུགས་ཀྱི་གདེང་ལ་ཞུམ་པའི་དུས་མ་ཡོད། །
རྟག་ཏུ་བརྩེ་བའི་འཛུམ་དང་བྱམས་པའི་གསུང་། །
བདུད་རྩིའི་ཆར་དུ་སྨིན་པ་བསོད་ནམས་ཆེ། ། 
གོ་ལའི་ཁྱོན་བསྒྱུར་འགྲོ་བའི་མགོན་པ་རུ། ། 
རྒྱུ་བའི་བརྟུལ་ཞུགས་སྲིད་ཞིའི་རྒྱན་དུ་ཆེ། ། 
གཞིས་ཀྱི་མྱ་ངན་རབ་ཏུ་ལྕི་ན་འང་། ། 
སྲིད་འདིར་བཞུགས་པ་སྙིང་གི་དྲོད་ཐིག་གོ ། 
 
                   ཐོལ་མགུར་རྣལ་འབྱོར་དགྱེས་གླུ། 
 
སྤྲིན་གྱི་གུར་ནས་སྟངས་སྟབས་བསྒྱུར་བའོ། ། 
འོད་ཀྱི་འཇའ་དང་འོད་ཀྱིས་གཤེགས་པའོ། ། 
ཚུལ་ཁྲིམས་ལྕགས་རིའི་མུ་ཁྱུད་བརྟན་པའོ། ། 
ཏིང་འཛིན་ཞི་བའི་རྣམ་རོལ་རྣལ་འབྱོར་ཆེ། ། 
བརྩོན་པའི་ཀླུང་རྒྱུན་འགག་མེད་བཞུར་བའོ། ། 
བཟོད་པའི་མི་ཕྱེད་ཕ་ལམ་མཁྲེགས་པའོ། ། 
ཤེས་རབ་རལ་གྲི་སྨྱུ་གུར་བྱས་ནས་ནི། །
བདེན་རྫུན་རྗེན་པའི་རི་མོ་ཁོང་གིས་འབྲི། ། 
ཡིན་མིན་ཁོ་ཐག་ཁོང་གིས་གཅོད་པའོ། ། 
མདོ་སྔགས་གཉིས་ནི་ཁལ་མའི་ཁུར་བཞིན་དུ། ། 
ཡང་ལྕི་མེད་པར་ཁོང་གིས་འཁུར་བའོ། ། 
ད་དུང་འགལ་བ་མེད་པའི་འོ་ཆུ་བཞིན། །
རྒྱལ་བསྟན་དག་མའི་འོ་ཇ་ཁོང་གིས་བསྐོལ། ། 
 
                       མི་ཕྱེད་པའི་ཕྱག་བྱས་པ། 
 
བདེན་རྫུན་རེས་སུ་འཁོར་བའི་འཁོར་བ་རུ། ། 
བཙན་པོའི་བཀའ་ཡང་བཟློག་པར་ཕོད་པ་དང་། ། 
ལུགས་མིན་སྲིད་ལ་རྒོལ་བར་སྤོབས་པ་དང་། ། 
བདེན་མིན་ཚུལ་འཆོས་ལྐོག་མར་འབྱིན་ནུས་པའི། ། 
གདེང་ལྡན་དམ་པར་མི་ཕྱེད་ཕྱག་བྱ་འོ། ། 
ཤོབ་ཀྱི་ངུ་ཟུག་འདོན་པའི་ནགས་ཀླུང་དུ། ། 
བདེན་པའི་སེང་ཆེན་ང་རོ་སྒྲོག་ནུས་པའི། །
འཇིགས་མེད་རིག་པའི་དཔའ་བོར་ཕྱག་བྱའོ། ། 
ལེགས་ཉེས་འགལ་འདུ་འཁྲུགས་པའི་མདུད་པའི་རྒྱ།  ། 
བཀྲོལ་བར་བྱེད་པའི་བཤེས་ལ་ཕྱག་བྱའོ། ། 
རིག་པའི་གནས་ལ་རྨོངས་པའི་མུན་འཐིབས་པ། ། 
ཤེས་རབ་ཉིན་མོར་བྱེད་པས་གསལ་མཛད་པ། ། 
མཁས་པའི་ཁྱུ་མཆོག་རྣམས་ལ་ཕྱག་བྱའོ། །
མདོར་ན་རིགས་ཀྱི་ལས་དོན་དཀའ་བའི་ཁུར། ། 
ཕྲག་པར་ལེན་ལ་དཔའ་སྤོབས་མི་ཞུམ་པའི། ། 
མཛངས་པའི་མི་ལ་མི་ཕྱེད་ཕྱག་བྱའོ། ། 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1165