མཛེས་རྟོག་གི་རིམ་པ་ནས་ར་ལོའི་མི་གཤིས་ཀྱི་མཛེས་པ་གླེང་བ།
འཕགས་པ་འབྲོང་།
[ནང་དོན་གནད་བཤུས]«ར་ལོ»དང་ར་ལོ་ལ་བོད་ཀྱི་རྩོམ་སྟེགས་ཀྱིས་དོ་སྣང་དང་ཞིབ་འཇུག་བྱས་པ་ཅུང་མང་བར་སྣང།ཡིན་ཡང་ཕལ་ཆེ་བས་མི་ཆོས་ཀུན་སྤྱོད་དང་འདུ་ཤེས་འཛིན་སྟངས།རིག་གནས་མཐའ་དཔྱོད་སོགས་ཀྱི་ངོས་ནས་དཔྱད་པ་བཏང་ཡོད།རྩོམ་འདིར་རྩོམ་རིག་གི་མཐོང་སྣེ་དང་མཛེས་དཔྱོད་ཀྱི་མྱོང་རྟོགས་འོག་ནས་ར་ལོའི་མི་གཤིས་ཀྱི་མཛེས་པ་དང་ཚེ་སྲོག་གི་དྭངས་ཤ་ལ་འཚོལ་དཔྱོད་བྱས་ཡོད།
[ཐ་སྙད་གཙོ་བོ] མཛེས་རྟོག ར་ལོ། མི་གཤིས། མཛེས་པ།
གླེང་གཞི།
«ར་ལོ»དང་ར་ལོ་ལ་བོད་ཀྱི་རྩོམ་སྟེགས་ཀྱིས་དོ་སྣང་དང་ཞིབ་འཇུག་བྱས་པ་ཅུང་མང་བར་སྣང།ཡིན་ཡང་ཕལ་ཆེ་བས་བརྗོད་བཞིན་པ་ནི་ཀུན་སྤྱོད་ཚད་གཞི་དང་དངོས་སྤྱོད་རིན་ཐང་གི་ལྟ་ཚུལ་རེད།དཔེར་ན”ང་ཚོའི་སྣང་ངོར་ར་ལོ་འདི་མི་ཆེས་ཡ་མཚན་པ།དགོད་བྲོ་བ།ཡི་མུག་པ།གླ་ན་གླེན་ནེ།དྲ་ང་དྲང་ངེ་ཞིག་རེད”[1]ཟེར་མཁན་ཡོད་ལ།”དོན་དངོས་ཐོག་ར་ལོ་ནི་མདོ་མེད་ཆོ་མེད།གཉོམ་ཆུང་ནུས་མེད།བླུན་རྨོངས་ཨུ་ཚུགས།དགོད་བྲོ་ཡིད་མུག་གི་རང་གཤིས་ལྡན་པ་དང་།བདག་འཛིན་གྱི་འདུ་ཤེས་མེད་ལ་རང་ལ་དམིགས་འབེན་གསལ་བོ་ཡོད་པ་ཞིག་ཀྱང་མིན་ཞིང་།རང་ཚུགས་ཐུབ་པའི་བསམ་བློ་མེད་ལ་གནད་འགག་གི་མདུན་དུ་ཨུ་ཚུགས་མཐར་སྐྱེལ་བྱེད་པའི་སྙིང་སྟོབས་ལྡན་པ་ཞིག་ཀྱང་མིན”[2]ཞེས་ནང་འགལ་ཅན་གྱི་གདེང་འཇོག་བྱེད་མཁན་ཡང་ཡོད།ད་དུང་ར་ལོ་ནི”ཁེར་རྐྱང་དང་ཉམ་ཆུང་།རྨོངས་རྟུལ”[3]གྱི་གཟུགས་བརྙན་ཞིག་ཏུ་བཤད་མཁན་ཡོད་པ་མ་ཟད།ཁོ་ནི”གཞུང་དྲང་སེམས་བཟང་།གཉོམ་ཆུང་ནུས་མེད།བླུན་རྨོངས་ཨུ་ཚུགས།རྙིང་ཞེན་བག་འཁུམ།གཤིས་སྤྱོད་བཙོག་པོ་ཡོད་པའི་ཁྱི་ལྡོམ་ལྟ་བུར”[4]འདོད་མཁན་ཡང་ཡོད།རྩོམ་རིག་དཔྱད་བརྗོད་པ་མང་བོ་ཞིག་གིས་མི་ཆོས་ཀུན་སྤྱོད་དང་འདུ་ཤེས་འཛིན་སྟངས།རིག་གནས་མཐའ་དཔྱོད་སོགས་ཚད་ཤིང་དུ་འཛིན་པ་ལས།རྩོམ་རིག་གི་མཐོང་སྣེ་དང་མཛེས་དཔྱོད་ཀྱི་མྱོང་རྟོགས་འོག་ནས་བརྩམས་ཆོས་ལ་དབྱེ་ཞིབ་བྱེད་མཁན་ཧ་ཅང་དཀོན།དེ་ཚོའི་གྲས་ཀྱི་མང་ཆེ་བའི་ལྟ་ཚུལ་ནི་བདུད་ལྷ་རྒྱལ་ལགས་ཀྱི་དཔྱད་བརྗོད་བསྐྱར་ཟློས་བྱས་པ་ཙམ་རེད།ར་ལོ་ནི་ཚེ་སྲོག་ཡན་གར་བ་ཞིག་གམ་མི་བུ་སྒེར་བ་ཞིག་ཡིན་པ་སྣང་མེད་དུ་བཞག་ནས་ཁོའི་མགོར་ཡོང་བའི་དཀའ་སྡུག”ཐམས་ཅད་ཀྱི་རྒྱུ་རྐྱེན་ནི་སྐབས་དེའི་སྤྱི་ཚོགས་ལྟ་བུ་ལ་ཁག་དཀྲི་བའང་མི་རུང་བར་ཐམས་ཅད་ཀྱི་རྩ་བ་ར་ལོ་རང་ཉིད་དང་རང་ཉིད་ཀྱི་གཤིས་སྤྱོད་ལ་རག་ལས་པ་ཁོ་ན་ཡིན”[5]པར་བཤད།ཐ་ན་ར་ལོས་ཡི་གེ་མ་ཤེས་པ་དེའང”ཁོའི་ལྷན་སྐྱེས་ཀྱི་རིག་པ་ལ་རག་ལས་པས”[6]ཕྱི་རྐྱེན་བཙལ་རྒྱུ་མེད་པ་ལྟ་བུར་བརྗོད།མདོར་ན་ར་ལོ་ནི་སྤྱི་ཚོགས་དང་ཚོགས་པ་གང་ཞིག་གི་ཉེས་པ་དང་ངན་མཚང་འཁུར་མཁན་ཞིག་ཏུ་བསྒྱུར་ཡོད།དཔེར་ན”རང་གི་འཛིན་པ་མེད་པའི་བོད་མི་རིགས་ཀྱི་བསྡུས་གཟུགས”[7]ནི་ར་ལོ་རེད་ལ།”བག་ལ་ཞ་བའི་མི་རིགས་འདིའི་ཐུན་མོང་གི་སེམས་གཟུགས་སམ་སྤྱི་གཟུགས”[8]ཀྱང་ར་ལོ་རེད།ད་དུང”བོད་ཀྱི་འབྲོག་ཁུལ་གྱི་སྤྱི་ཚོགས་དམར་རྗེན་དུ་མཚོན”[9]བྱེད་ནི་ར་ལོ་ཡིན་ལ།”བོད་མི་རིགས་ཀྱི་ཁྲོད་ལས་བསམ་བློ་རྗེས་ལུས་ཅན་རྣམས་ཀྱི་བསྡུས་གཟུགས”[10]ཀྱང་ར་ལོ་རེད།
འདི་ལྟར་ར་ལོ་ནི”སྐྱོན་ཀུན་འཛོམས་དང་ཡོན་ཏན་ཀུན་ཟད་ཀྱི་མི་ཐ་མ”ཞིག་ཏུ་བཙན་གྱིས་བསྒྱུར་ཡོད།ཁོའི་བསམ་བློ་དགོད་བྲོ་ཚུལ་དང་ནུས་མེད་ཉམ་ཆུང་ཡིན་ཚུལ།སྒྱིད་ལུག་ཆེ་རབས་དང་ཆ་ལུགས་བཙོག་རབས་སོགས་བརྗོད་དེ་ར་ལོ་ལྟ་བུའི་མི་ཞིག་བྱ་མི་རུང་བའི་ཁ་ཏ་དང་སློབ་གསོ་བྱེད་ཀྱིན་ཡོད།འདིའི་སྟེང་ནས་ང་ཚོར་བྱེ་བྲག་གི་ཚེ་སྲོག་སྒེར་བ་རེ་རེའི་ལས་དབང་ལ་བརྩི་མཐོང་དང་དོ་ཁུར་བྱེད་པའི་བསམ་བློ་ལྟ་ཞོག་དེ་ལ་གོ་ལོན་བྱེད་པ་དང་གདུང་སེམས་སྐྱེ་བའི་འདུ་ཤེས་ཙམ་ཡང་ཉག་ཕྲ་བ་ཤེས་ཐུབ།ང་ཚོས་ར་ལོར་སློབ་སྦྱོང་བྱེད་མི་རུང་དོན་ཅི་ཡིན།ང་ཚོའི་སེམས་སུ«ར་ལོ»ནི་ལོ་རྒྱུས་རྒྱུ་ཆ་ཞིག་ཡིན་ནམ་ཚན་རིག་གི་དཔྱད་འབྲས་ཤིག་ཡིན།ང་ཚོས«ར་ལོ»ནི་སྒྱུ་རྩལ་བརྩམས་ཆོས་ཤིག་དང་ར་ལོ་ནི་སྒྱུ་རྩལ་སྣང་བརྙན་ཞིག་ཡིན་པ་སྔོན་འགྲོར་བཞག་ནས་མཛེས་རྟོག་གི་རིན་ཐང་ངོས་ནས་མྱོང་རོལ་དང་དབྱེ་ཞིབ་བྱས་ན་བརྩམས་ཆོས་འདིའི་སྒྱུ་རྩལ་གྱི་མཛེས་པ་དང་ཉེ་བར་གཅར་ཐུབ་སྙམ།
ར་ལོའི་རང་གཤིས་ནི་སྤྱི་ཚོགས་དང་འབྲེལ་བ་མེད་པ་ཞིག་ཡིན་མི་སྲིད་ལ།སྐྱོན་མ་གཏོགས་ཡོན་ཏན་མེད་པ་ཞིག་ཀྱང་ཡིན་མི་སྲིད།ཚེ་སྲོག་དང་མི་གཤིས་ནི་ཧ་ཅང་རྙོག་འཛིང་ཆེ་ལ་ཕུན་སུམ་ཚོགས་པ་ཞིག་ཡིན་པ་གདོན་མི་ཟ།མི་ངན་པ་གདོན་འདྲེ་ལྟ་བུ་ཞིག་ཡིན་ཡང་དེའི་སྟེང་དུ་ང་ཚོས་མིག་དཔེར་འཛིན་རུང་བའི་ཡོན་ཏན་གང་ཡང་མེད་པར་སུ་ཡིས་བཤད་ཐུབ།ལྷག་པར་དུ་སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མཚོན་ན་ཚེ་སྲོག་ཡན་གར་བ་རེ་རེ་གཙིགས་སུ་འཛིན་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྣང་།གལ་ཏེ་ངེས་པར་དུ་དཀར་བོ་མིན་ན་ནག་པོ་དང་འོད་ཟེར་མིན་ན་མུན་ནག་ཡིན་དགོས་པའི་རིན་ཐང་དབྱེ་གཅོད་ཀྱི་མན་ངག་ཅིག་མཁོ་ན།སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་དུ་ཞུགས་ཚེ་ར་ལོ་གསོན་པོ་ཞིག་དང་འཕྲད་པར་ཐེ་ཚོམ་མེད།འོན་ཀྱང་སྒྱུ་རྩལ་བརྩམས་ཆོས་ནི་སྤྱི་ཚོགས་འཚོ་བའི་བསྐྱར་མཚོན་ཙམ་ཞིག་མིན་པར་དེ་ལས་མཐོ་བར་འཕགས་པའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་ཡིན།མི་རིགས་སམ་སྤྱི་ཚོགས་ཀྱི་ཉེས་པ་དང་ཁེ་ཕན་འཁུར་མཁན་ནི་སྒྱུ་རྩལ་སྣང་བརྙན་དུ་གྲུབ་པའི་ར་ལོ་མིན།ལོ་རྒྱུས་ཁྲོད་ལོ་ངོ་བརྒྱ་ཕྲག་དུ་མར་ཡུལ་ལུང་མང་བོར་དབང་སྒྱུར་བྱས་མྱོང་བའི་བླ་སྤྲུལ་རིམ་བྱོན་དང་།ཁྱིམ་རྒྱུད་ཆེན་པོ་དེ་ཚོར་མི་རིགས་ཀྱི་བསྡུས་གཟུགས་དང་སྤྱི་གཟུགས་མཚོན་པའི་ནུས་པ་མེད་བཞིན་དུ།ར་ལོའི་མི་ཚེ་དང་ལས་དབང་ནི་མི་རིགས་ཀྱི་གནད་དོན་འདོན་བྱེད་དང་སྤྱི་ཚོགས་ཀྱི་ཁེ་ཕན་སྒྲུབ་བྱེད་དུ་བསྒྱུར་བ་ནི་སྒྱུ་རྩལ་གྱི་རྨ་ཁ་ཞིག་ཅི་ལ་མིན།”བརྩམས་སྒྲུང་ནི་དགེ་སྡིག་དང་ཡིན་མིན་གྱི་སྟོབས་ཤུགས་ཀྱིས་དྲིལ་ནས་འགྲོ་བ་ཞིག་མིན་པར།མི་སྣའི་ལས་དབང་གིས་དེད་ནས་འགྲོ་བ་ཞིག་རེད།ལས་དབང་དུ་གཏོགས་པ་ཞིག་ཡིན་ཕྱིན་ལས་སླ་བོའི་ངང་སྡོམ་ཚིག་དགོད་ཐབས་མེད།”[11]ར་ལོ་ལ་རང་ཉིད་ཀྱི་བདེ་སྐྱིད་དང་རིན་ཐང་ཡོད་པ་ཤེས་དགོས།ཁོ་ནི་ཚེ་སྲོག་སྒེར་བ་ཞིག་ཡིན་པ་གཞིར་བཞག་ནས།ཁོའི་ལས་དབང་དང་མི་ཚེ་ལ་མཛེས་རྟོག་གི་རིམ་པ་ནས་བལྟ་རྒྱུ་ནི«ར་ལོར»འཇུག་པའི་སྒོ་རེད།
༡ འོས་འཚམ་གྱི་བར་ཐག་གིས་མཛེས་རྟོག་གི་རིན་ཐང་བསྐྲུན།
སྒྱུ་རྩལ་དང་འཚོ་བ་དངོས་ལ་བར་ཐག་འོས་འཚམ་ཞིག་ཡོད།སྒྱུ་རྩལ་ནི་རྩོམ་པ་པོའི་བསམ་པའི་བརྩེ་དུང་མཚོན་པ་ཡིན་མོད།དེ་གཅིག་པུ་སྒྱུ་རྩལ་དུ་མི་གྲུབ།གལ་ཏེ་བརྩེ་དུང་དང་བར་ཐག་འོས་འཚམ་ཞིག་བཞག་སྟེ་ཕྱི་དོན་གྱི་མཐོང་སྣེ་སྤྱད་ནས་མྱོང་རོལ་བྱ་ཐུབ་ཚེ་སྒྱུ་རྩལ་དུ་འགྲོ་བ་རེད།དཔེར་ན།ཆུ་འགྲམ་དུ་ལངས་ནས་ཆུ་ནང་དུ་ཤར་བའི་ལྡོག་གཟུགས་ལ་མྱོང་རོལ་བྱེད་སྐབས།ལྡོག་གཟུགས་དེ་གཟུགས་པོ་རང་ཉིད་ལས་མཛེས་པར་ཆགས་ཡོད།དེ་ལ་རྒྱུ་མཚན་གཉིས་ཡོད་དེ།གཅིག་ནི་ལྡོག་གཟུགས་དང་གཟུགས་པོ་རང་ཉིད་ལ་བར་ཐག་འོས་འཚམ་ཞིག་ཡོད་པས་རེད།གལ་ཏེ་ཁྱེད་ཀྱིས་ལག་པ་བསྲིངས་ནས་ལྡོག་གཟུགས་དེ་འཛིན་པར་བརྩམས་ཚེ་ལྡོག་གཟུགས་ཆུ་ངོས་སུ་ཡལ་འགྲོ་བ་རེད།གཉིས་ནི་བར་ཐག་དེའི་དབང་གིས་ལྡོག་གཟུགས་དང་གཟུགས་པོ་རང་ཉིད་ལ་ཁེ་ཕན་དང་དངོས་སྤྱོད་ཀྱི་འབྲེལ་བ་མེད་པ་དང་།ནང་སེམས་ཀྱིས་ལྡོག་གཟུགས་རང་སྟེང་གི་སྣང་བརྙན་ལ་མྱོང་རོལ་བྱེད་ཐུབ་པ་རེད།དེ་བཞིན་ཆུ་བོའི་ཕ་རོལ་གྱི་མཛེས་ལྗོངས་དང་སྨུག་ལོང་ཁྲོད་ཀྱི་གངས་རི་ཡིས་མཛེས་ཚོར་ཁྱད་པར་བ་ཞིག་སྟེར་བའང་དེ་དོན་ཡིན།ཉེ་བར་བཅར་དྲག་ན་དངོས་པོ་གང་ཡིན་ཡང་ངོ་བོ་འགྱུར་འགྲོ་བ་ཆོས་ཉིད་ཡིན་པས་མཛེས་པའང་དེ་ལས་མ་འདས།གལ་ཏེ་མི་ཆོས་ཀུན་སྤྱོད་དང་སྤྱི་ཚོགས་ཁེ་ཕན་སོགས་འཁོར་བའི་ཚད་ཐིག་ཁོ་ནས་སྒྱུ་རྩལ་བརྩམས་ཆོས་ཀྱི་རིན་ཐང་འཇལ་ཚེ་བརྩམས་ཆོས་ཀྱི་མཛེས་རྟོག་གི་རིན་ཐང་དང་བསམ་བློ་གཙང་མ་ཞིག་རྙེད་དཀའ་བར་འདོད།
ར་ལོར་མཚོན་ནའང་གནས་ལུགས་གཅིག་པ་རང་རེད།བརྩམས་ཆོས་ཁྲོད་ཀྱི་ར་ལོའི་སྣང་བརྙན་ནི་དངོས་ཡོད་འཚོ་བའི་སྟེང་ཇི་མ་ཇི་བཞིན་དུ་གནས་པ་ཞིག་མིན་ཏེ།ཁོ་རང་དར་མའི་དུས་སུའང་སྣབས་འདྲུད་པ་མ་ཟད་ལོ་ངོ་བཞི་ལ་ཀ་མད་སུམ་ཅུ་ཙམ་པོའང་འབྲི་མ་ཤེས་པ་སོགས་ནི་རྒྱུན་ལྡན་གྱི་མིའི་གནས་ཚུལ་ལས་འདས་ཡོད་པ་རེད།ཐོག་མར་སློབ་གྲྭར་ཞུགས་མ་ཐག་ར་ལོས་ཀ་མད་སུམ་ཅུ་དུས་ཡུན་ཐུང་ངུའི་ནང་བློར་ཟིན་པ་དེས་ཁོ་རང་གི་རྣམ་རིག་ལ་སྐྱོན་མེད་པ་ཤེས།རྣམ་རིག་རྒྱུན་ལྡན་གྱི་མི་ཞིག་གིས་ལོ་ངོ་བཞི་ལ་ཀ་མད་སུམ་ཅུ་འབྲི་མ་ཤེས་པ་དང་དར་མའི་དུས་སུའང་སྣབས་འདྲུད་པ་ནི་དཔེ་མི་སྲིད།འོན་ཀྱང་རྩོམ་པ་པོས་འདི་ལྟར་འབྲི་དོན་ནི་སྒྱུ་རྩལ་དང་དངོས་ཡོད་ལ་བར་ཐག་འོས་འཚམ་ཞིག་དགོས་པས་རེད།དཔེར་ན་ཨེ་ཅེབ་ཀྱི་བརྐོས་རིས་སྒྱུ་རྩལ་ལ་མཚོན་ན་མི་སྣའི་སྣང་བརྙན་དེ་ལྐོག་གྱུར་ཅན་དུ་གཏོང་བ་དང་།དུས་རབས་བར་མའི་ཀི་ཐི་ལུགས་ཀྱི་ཆོས་ཁང་མང་ཆེ་བའི་བརྐོས་རིས་སྟེང་གི་མི་སྣའི་ཡན་ལག་རྣམས་ཚད་བརྒལ་གྱིས་ཇེ་རིང་དུ་བཏང་ཡོད།
ང་ཚོས་ར་ལོའི་སྣང་བརྙན་ལ་མྱོང་རོལ་བྱེད་སྐབས་ཁོ་རང་སྒྱུ་རྩལ་སྣང་བརྙན་ཞིག་ཡིན་པ་བརྗེད་དེ།དངོས་ཡོད་ཀྱི་ཀུན་སྤྱོད་དང་དངོས་སྤྱོད་ཀྱི་རིན་ཐང་གི་ཚད་གཞི་ཁྱེར་ཡོང་ནས་ར་ལོར་སྙིང་སྟོབས་མེད་ཚུལ་དང་དོན་དག་མི་འཁྱོངས་ཚུལ།བློ་མང་རབས་དང་བསམ་བློ་རྗེས་ལུས་ཡིན་རབས་སོགས་ལབ་ནས་གཞན་ལ་སློབ་གསོ་གཏོང་སྤྱད་བྱེད་པ་རེད།དོན་དུ་འདི་ནི«ར་ལོའི»རིན་ཐང་མིན་ལ་ར་ལོའི་རིན་ཐང་དེ་བས་ཀྱང་མིན།«ར་ལོ»ནི་སྒྱུ་རྩལ་བརྩམས་ཆོས་ཤིག་དང་ར་ལོ་ནི་སྒྱུ་རྩལ་སྣང་བརྙན་ཞིག་ཡིན་པས་མཛེས་རྟོག་དང་བཙོག་རྟོག་གི་མཐོང་སྣེ་གང་རུང་སྤྱད་ནས་རྩོམ་རིག་གི་ངོས་ནས་བརྩམས་ཆོས་ཀྱི་རིན་ཐང་གཞལ་རྒྱུ་ནི་གནད་ཀྱི་དམ་པ་རེད།དེ་མིན་པར«ར་ལོ»དང་ར་ལོ་ཀློག་དོན་ནི་ར་ལོ་གསོན་པོ་ཞིག་གི་འཚོ་བ་དངོས་དང་མི་ཚེ་དངོས་ཀྱི་ཆེད་དུ་ཡིན་ན།རྩེ་གཞུང་རྩྭ་ཐང་ད་དུང་ཡོད་ལ།དེའི་པང་གི་འབྲོག་པ་མང་ཚོགས་ཀྱང་སྔར་བཞིན་གནས་པས་ང་ཚོ་དངོས་སུ་བརྟག་དཔྱད་དུ་སོང་ན་ར་ལོ་ལས་ཀྱང་བདེན་པའི་མི་སྣ་མང་དུ་ཡོད་པས་ང་ཚོར་སྒྱུ་རྩལ་གྱིས་ཅི་བྱ།
སྒྱུ་རྩལ་བརྩམས་ཆོས་དང་སྒྱུ་རྩལ་སྣང་བརྙན་མང་བོ་ཞིག་གི་རིན་ཐང་ནི་ཚན་རིག་དང་ལོ་རྒྱུས་ཀྱིས་ཚབ་བྱེད་ཐུབ་པ་ཞིག་མ་རེད།སྒྱུ་རྩལ་གྱི་མཛེས་རྟོག་རིན་ཐང་ནི་རིགས་ཤེས་ཀྱིས་ཚད་འཇལ་རྒྱུ་ཞིག་མིན་པར་ཚོར་ཤེས་དང་ནང་སེམས་ཀྱིས་གཞལ་དགོས་པ་ཞིག་རེད།རིགས་ཤེས་ཀྱིས་དཔྱད་ན་ང་ཚོས་ར་ལོའི་ནང་སེམས་ཀྱི་འཚོ་བའི་འཇིག་རྟེན་ངོ་མ་དེ་ཤེས་ཐབས་བྲལ་བ་རེད།རྒྱུ་མཚན་ང་ཚོ་ར་ལོ་མིན་པས་རེད།ང་ཚོས་ར་ལོའི་མི་ཚེ་ལ་བཀོད་པའི་སྡོམ་ཚིག་དེ་དག་ནི་ང་ཚོ་རང་ཉིད་ཀྱི་འདོད་པ་དང་མྱོང་བ་ཕར་ར་ལོའི་སྟེང་སྦྱར་བ་ཙམ་ལས་ར་ལོའི་མི་ཚེ་དང་འབྲེལ་བ་ཡོད་མེད་ཀྱང་བཤད་དཀའ།གལ་ཏེ་ར་ལོའི་བསམ་པའི་བརྩེ་དུང་དེ་ང་ཚོ་རང་སྟེང་ལ་སྦྱར་བ་དང་ང་ཚོའི་མཛེས་རྟོག་གི་ངར་ཤུགས་དེ་ར་ལོའི་སྟེང་སྦྱར་ཚེ།ར་ལོ་དང་ང་ཚོ་དབྱེར་མེད་ཀྱིས་གཞི་གཅིག་ཏུ་འདྲེས་འགྲོ་བ་རེད།འདི་ལ་རྩོམ་རིག་གཞུང་ལུགས་སུ་ཚོར་བརྗེའི་བྱེད་ནུས་ཟེར།བྱེད་ནུས་འདི་ནི་དངོས་སྤྱོད་རིན་ཐང་གི་འཇལ་བྱེད་ཅིག་མིན་པར་མཛེས་རྟོག་རིན་ཐང་གི་འཇལ་བྱེད་ཅིག་རེད།དེ་བས་ཚོར་བརྗེའི་བྱེད་ཐབས་འདིས་ང་ཚོར་ར་ལོའི་མི་ཚེ་ལ་མཛེས་པའི་ཆ་མང་དུ་ཡོད་པ་མཐོང་དུ་འཇུག་ངེས།
༢ རྒྱུན་ལྡན་མ་ཡིན་པའི་ཁོར་ཡུག་ཏུ་མི་གཤིས་ལ་འཚོལ་རྟོག་བྱེད་པ།
“ང་ཚོས་རྩོམ་རིག་བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་སྐབས།ངེས་པར་དུ་མིའི་རིན་ཐང་ལྟ་ཚུལ་དང་མཛེས་རྟོག་རིན་ཐང་ལྟ་ཚུལ།མིའི་བསམ་པའི་བརྩེ་དུང་གི་རིན་ཐང་ལྟ་ཚུལ་དང་མིའི་རང་དབང།མི་གཤིས་དང་ཀུན་རྟོག་གི་དམིགས་བསལ་གྱི་གཏན་ཚིགས་སོགས་སྔོན་འགྲོའི་བསམ་བློར་འཛིན་དགོས།རྩོམ་རིག་གི་འཚོལ་རྟོག་བྱ་ཡུལ་ནི་མི་གཤིས་ཡིན་ལ།བརྩམས་ཆོས་ཁྲོད་ནས་ང་ཚོས་མི་གཤིས་ཀྱི་རྙོག་འཛིང་དང་ཕུན་སུམ་ཚོགས་པའི་རང་བཞིན་མཐོང་ཐུབ།”[12]དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་ཕལ་ཆེ་བ་ནི་ཅུང་ཟད་རིགས་ཤེས་དང་གཏན་ཚིགས་ཀྱི་དབང་དུ་སོང་བས་ང་ཚོས་དེ་དག་གི་བྱ་བྱེད་མཐའ་དག་རྒྱུན་ལྡན་དུ་འདོད་པ་རེད།འོན་ཀྱང་མི་ལ་ལའི་བསམ་བློ་གཏོང་སྟངས་དང་སྤྱོད་པ་སྤེལ་སྟངས་སོགས་གང་ཐད་ནས་རྒྱུན་ལྡན་གྱི་མི་དང་མི་འདྲ་བར་ཆགས་ཡོད།དེའི་ཁྲོད་དུ་ལ་ལ་ནི་མིའི་རིགས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་ཡིན་ལ།དཔེར་ན་ཉི་ཚེ་ལྟ་བུ་རེད།ང་ཚོས་དེ་ལ་རླབས་ཆེན་གྱི་སྐྱེས་བུ་ཟེར།ཡང་ལ་ལས་ནི་རང་ཉིད་ཀྱི་འཚོ་བ་རང་གིས་རོལ་བ་རེད།ང་ཚོས་དེ་ལ་སྨྱོན་པ་དང་གླེན་པ་ཟེར།དོན་དུ་ང་ཚོ་རང་ཉིད་གླེན་པ་རེད་དམ་དེ་ཚོ་གླེན་པ་རེད།ཁོ་ཚོ་ནི་ཚོར་ཤེས་ཀྱིས་བསམ་བློ་གཏོང་མཁན་ཡིན་ལ་ང་ཚོ་ནི་རིགས་ཤེས་ཀྱིས་བསམ་གཏོང་མཁན་རེད།སྒྱུ་རྩལ་དང་མཛེས་རྟོག་གི་མདུན་དུ་ཁོ་ཚོ་ནི་ཤ་དར་ཁྲག་དར་དང་དགའ་སྐྱོ་ཆགས་སྡང་འཛོམས་པའི་མི་ངོ་མ་རེད།ང་ཚོ་ནི་ཁྱད་པར་དང་ཁྱད་ཆོས་ཅི་ཡང་མེད་པའི་འཕྲུལ་ཆས་ཀྱི་རིགས་རེད།དངོས་ཡོད་ཀྱི་མདུན་དུ་ཁོ་ཚོ་ནི་སྤྲང་བོ་དང་འཁྱམས་པོ་རེད།ང་ཚོ་ནི་ནོར་གཡོག་དང་མི་གཡོག་རེད།
ར་ལོ་ནི་ཚོར་ཤེས་ཀྱིས་བསམ་བློ་གཏོང་བར་གོམས་པའི”གླེན་པའི”རིགས་སུ་གཏོགས།ངའི་བསམ་པར་ཁོ་རང་ནི་མི་ངོ་མ་ཞིག་རེད།མི་གཤིས་ཀྱི་མངལ་དྲི་མ་ཡལ་བའི་མི་ཞིག་རེད།ང་ཚོས་ཁོ་རང་གླ་ན་གླེན་ནེ་དང་ལྡ་ང་ལྡིང་ངེ་ཞིག་ཏུ་བརྩིས་ཡོད།འོན་ཀྱང་ཁོའི་དགོད་བྲོ་ལ་ངུ་སྐྱེན་པའི་མི་ཚེའི་རྒྱབ་ལོགས་སུ་མི་གཤིས་ཀྱི་འོད་ཟེར་ཞིག་མཁའ་རུ་འཕྲོས་ཡོད།འདི་ནི་ར་ལོ་ཙམ་མིན་པར་མིའི་ཆེས་མ་མཐའི་རང་རྩིས་དང་ལ་རྒྱ་ལོས་ཡིན།ཁོའི་སྐྱོན་ཆ་དང་གནད་དོན་ནི་མིའི་སྐྱོན་ཆ་དང་གནད་དོན་རེད།ང་ཚོས་མཛེས་རྟོག་གི་མཐོ་ས་ནས་བལྟས་ན་གཟོད”ཕག་མགོ་ཅན”གྱི་གཅེས་སུ་འོས་པའི་མི་གཤིས་ཀྱི་མཛེས་པ་མཐོང་ཐུབ།རྒྱ་ནག་གི་མི་རབས་ནས་མི་རབས”ཕག་མགོ་ཅན”གྱི་སྣང་བརྙན་འདི་ལ་དགའ་དོན་ཡང་འདི་ལ་ཐུག་ཡོད་སྙམ།ཞོན་ཙཱང་ལ་དགའ་མཁན་གྱི་མི་མང་བོ་མེད་པའང་མིའི་ཚུགས་ཀ་མེད་པས་རེད།རྒྱའི་རྩོམ་རིག་གི་ཁེ་ཕན་རིང་ལུགས་དང་བསམ་བློ་རྐྱང་ཆིག་གི་ཤུགས་རྐྱེན་ཐེབས་པ་འདྲ་སྟེ།བོད་ཀྱི་རྩོམ་སྟེགས་ཀྱིས་ར་ལོའི་རིན་ཐང་དེ་དངོས་སྤྱོད་རིན་ཐང་གཅིག་པུས་ཐག་གཅོད་བྱས་ཏེ་མི་ཐ་མ་ཞིག་གི་སྣང་བརྙན་དུ་བསྒྱུར་འདུག
སྤྱིར་བཏང་བརྩམས་ཆོས་འདིས་བརྗོད་འདོད་པ་ནི་སྤྱི་ཚོགས་འཚོ་བའི་གྲུ་ཟུར་ག་གེ་མོ་ཞིག་ཏུ་གཉོམ་ཆུང་དང་ཁུ་སིམ་གྱིས་འཚོ་བའི་མི་བུ་སྒེར་བ་ཞིག་གི་ཚེ་སྲོག་གི་གནས་སྟངས་དང་དེའི་མི་གཤིས་ཀྱི་མཛེས་པའི་ཆ་ཞིག་ཡིན་པ་ལས།ར་ལོའི་སྣབས་སེར་ལུག་གི་རྣམ་པ་དང་ཀ་མད་སུམ་ཅུ་མི་ཤེས་པ་དེ་མིན་ལ།བློ་མང་བ་དང་དོན་མི་འགྲུབ་པ་དེའང་གཙོ་བོ་མིན།ཅིག་ཅིག་ལ་དགག་རྒྱག་དང་ཉིག་ཉིག་ལ་སུན་འབྱིན་བྱ་རྒྱུ་སོགས་ཀྱང་གཙོ་བོར་བཟུང་མེད།འོ་ན་ར་ལོའི་མི་གཤིས་ཀྱི་མཛེས་པའི་ཆ་དེ་ཇི་ལྟར་མཚོན་ཡོད་ཅེ་ན།འདི་ནི་བརྩམས་ཆོས་འདིའི་ཐུན་མིན་གྱི་ཁྱད་ཆོས་དང་རྩོམ་པ་པོའི་ཁྱད་འཕགས་ཀྱི་རྩོམ་རྩལ་ཐོན་ཡོད་ས་ཞིག་རེད་འདོད།ཐོག་མར་ཤེས་དགོས་པ་ནི་བརྩམས་སྒྲུང་གི་མཛེས་རྟོག་གི་རིན་ཐང་གྲུབ་ལུགས་རེད།སླ་མོར་བཤད་ན་མི་སྣའི་བསམ་པའི་བརྩེ་དུང་གི་མཛེས་རྟོག་རིན་ཐང་དང་དངོས་སྤྱོད་རིན་ཐང་ལ་བར་ཐག་འོས་འཚམ་ཞིག་འཇོག་དགོས་པ་མ་ཟད།སྔ་མ་དེ་ཕྱི་མ་ལས་བརྒལ་དགོས་པ་རེད།དེ་ལྟར་བྱས་ན་ད་གཟོད་སྔ་མ་དེར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ཁྱད་འཕགས་ཀྱི་དགེ་མཚན་ཞིག་གིས་ཕྱུག་ནས་ཡོད།འདི་ལྟ་བུའི་མཛེས་རྟོག་གི་རིན་ཐང་ཞིག་བསྐྲུན་དགོས་ན།ཐོག་མར་བྱུང་རིམ་ལ་བརྟེན་དགོས་པ་རེད།བྱུང་རིམ་གྱི་བྱེད་ནུས་ནི་མི་སྣའི་ནང་སེམས་ཀྱི་ལྐོག་གྱུར་གྱི་གསང་བ་དང་བསམ་པའི་བརྩེ་དུང་ལ་འཚོལ་དཔྱོད་བྱ་རྒྱུ་དེ་རེད།རོང་ཀིར་གྱིས་གསུངས་པ་ལྟར་ནམ་རྒྱུན་གྱི་འཚོ་བའི་ཁྲོད་མི་ཐམས་ཅད་ཀྱིས་མི་གཞིའི་གདོང་འབག་གྱོན་ཡོད་པ་རེད།རྒྱུན་ལྡན་མ་ཡིན་པའི་འཚོ་བའི་ཁྲོད་ད་གཟོད་མིའི་ངོ་གདོང་ངོ་མ་དེ་མཐོང་སྲིད་པ་རེད།དེ་བས་བྱུང་རིམ་ལ་རྒྱུ་འབྲས་དང་གཏན་ཚིགས་བཙན་པ་ཙམ་གྱིས་མི་ཡོང་བར་བརྩམས་ཆོས་ཁྲོད་ཀྱི་མི་སྣ་དེ་རྒྱུན་ལྡན་མ་ཡིན་པའི་ཁོར་ཡུག་གཞན་ཞིག་ཏུ་འཇོག་ཐུབ་དགོས།དེ་ལྟར་བྱས་ན་ད་གཟོད་མིའི་རང་བཞིན་ངོ་མ་དེ་ལྷང་ལ་འབུད་པར་རེ་བ་ཡོད།
«ར་ལོ»ལ་གོང་གསལ་གྱི་འབྲི་ཐབས་འདི་བཀོལ་ཡོད་དེ།ར་ལོའི་རང་བཞིན་ངོ་མ་དེ་མཐོང་ཕྱིར་ཁོ་རང་གནས་ཚུལ་དང་ཁོར་ཡུག་ཡ་ང་བ་ཞིག་ཏུ་བཞག་ནས་བྲིས་ཡོད།ར་ལོ་ནི་ཆུང་དུས་ནས་ཕ་མའི་གཅེས་སྐྱོང་མེད་ལ་ཕུ་ནུའི་ལག་རྡང་མེད་པའི་དྭ་ཕྲུག་ཅིག་ཡིན་ལ།འགྲོ་ས་འདུག་ས་དང་ཁེན་ས་རེ་ས་མེད་པའི་སྤྲང་ཕྲུག་ཅིག་ཀྱང་རེད།ཅི་བྱས་ལམ་དུ་མི་འགྲོ་ལ་དང་མི་ཁའི་རྡུལ་འཚུབ་དྭངས་མ་མྱོང་བའི་མི་ལས་ངན་ཞིག་རེད།སློབ་གྲྭ་ནས་ཕྱིར་ཕུད་ལ།མག་པར་བསྡད་ཀྱང་མག་གོ་མ་ཆོད།གྲྭ་བ་བྱས་ཀྱང་ཆོས་པ་མ་ཉན།འཁོར་བ་ཐེངས་དུ་མར་བཟུང་ཡང་མཐའ་མ་འཁྱོངས།ཀུན་གྱིས་ར་ལོས་སྣབས་འདྲུད་རབས་དང་རལ་བ་གཞན་གྱིས་བལ་རབས།ཆུང་མ་གཞན་གྱིས་འཕྲོགས་ཚུལ་དང་སྡོམ་པ་ཇི་ལྟར་ཤོར་ཚུལ་སོགས་བཤད་ནས་དམའ་འབེབས་དང་ཁྱད་གསོད་ཁོ་ན་བྱེད་པ་རེད།རྩོམ་པ་པོས་ར་ལོ་འདི་འདྲའི་ཡ་ང་བའི་ཁོར་ཡུག་ཅིག་ཏུ་དེད་ནས་ཅི་ཞིག་བརྗོད་འདོད་པ་རེད་ཅེ་ན།འདི་ལ་ལན་མི་འདྲ་བ་མང་བོ་ཞིག་ཡོད་ཆོག་ཆོག་རེད།འོན་ཀྱང་མཛེས་རྟོག་གི་རིན་ཐང་ངོས་ནས་བལྟས་ན་ར་ལོའི་མི་གཤིས་ཀྱི་མཛེས་པའི་ཆ་ཞིག་བརྗོད་འདོད་པ་ལོས་ཡིན་སྙམ།རྩོམ་པ་པོས་རྩོམ་ཆོས་ཀྱི་ཡིག་འབྲུའི་བརྒྱ་ཆའི་གོ་དགུ་བཀོལ་ནས་ར་ལོ་ནི་ཡིད་འཆད་ས་དང་སྙིང་རྗེ་ས།སྤོ་ལངས་ས་དང་ཟུར་ཟ་བྱེད་སའི་སྣང་བརྙན་ཞིག་ཏུ་བཞེངས་ཡོད།རྩོམ་ཆོས་ཀྱི་བརྒྱ་ཆའི་གཅིག་ཙམ་གྱིས་ཁོ་རང་གི་མི་གཤིས་གཙང་མ་ཡིན་པ་ཟུར་ནས་བསྟན་ཡོད།ར་ལོ་གནས་སའི་ཁོར་ཡུག་དང་ཁོ་རང་གི་འཚོ་བའི་གནས་སྟངས་ཇི་ལྟར་དཀའ་ཚེགས་ཆེ་ཞིང་ཐབས་རྡུགས་ཡིན་ན་ར་ལོས་རང་གི་མི་གཤིས་ཀྱི་མཛེས་པ་སྲུང་བར་དེ་ལྟར་དཀའ།
ར་ལོའི་བསམ་པའི་བརྩེ་དུང་དང་དངོས་ཡོད་ཀྱི་འཚོ་བའི་བར་འགལ་བ་བྱུང་བ་དང་བསྟུན་ནས་ཁོའི་མི་གཤིས་ཀྱི་རང་བཞིན་ངོ་མ་དེ་ལྷང་ལ་བུད་པ་རེད།མ་བསམ་ས་ནས་ར་ལོ་ནི་རང་གི་སྲོག་ལ་ཐུག་ཀྱང”ལག་པ་གཙང་མ”ཡིན་པའི་མི་བུ་རང་ཚུགས་ཅན་ཞིག་རེད།ལྟོགས་སྐོམ་དང་གྲང་འཁྱགས་ཀྱི་སྡུག་བསྔལ་དང་མནར་གཅོད་འོག་རང་གི་མི་གཤིས་གཙང་མར་སྲུང་ཐུབ་མཁན་དང་སྲུང་བའི་སྤོབས་པ་ཡོད་མཁན་གྱི་སྐྱེ་བོ་ག་ཚོད་ཡོད།ཅཱ་མོའུ་ཡིས་གསུངས་པ་བཞིན་ར་ལོ་ནི་མོར་སའོ་ལྟར”རང་ཉིད་ཀྱི་མི་གཤིས་དང་ནང་སེམས་ཀྱི་དག་གཙང་སྲུང་ཆེད་རང་སྲོག་བློས་གཏོང་ཕོད་པའི”[13]མི་ངོ་མ་ཞིག་རེད།ཁོས་ཐང་ནས་རྙེད་པའི་ཤོག་སྒོར་བཞི་སྟོང་ལྷག་མ་གསང་མ་སྦས་པར་བདག་པོར་སྤྲོད་དོན་ནི་རང་ཉིད་ལ་ཁེ་ཞིག་རེག་ཆེད་མིན་ལ་གྲགས་པ་ཞིག་ཐོབ་ཆེད་ཀྱང་མིན།ཁོའི་སྤྱོད་པ་དེ་ཁེ་ཕན་དང་དངོས་སྤྱོད་སོགས་ལ་འབྲེལ་བ་མེད།གནས་ཚུལ་དེ་འདྲ་ཞིག་གི་འོག་ཏུ་ཁོས་སྒོར་མོ་ལྔ་བླངས་ནས་རང་ཉིད་ཀྱི་ལྟོགས་སྐོམ་སེལ་བྱེད་དུ་འཐེན་ཐུག་དཀར་ཡོལ་གང་འཐུང་ཡང་སུས་ཀྱང་དང་ལེན་བྱེད་ཐུབ་མོད་ཁོས་དེ་ལྟར་མ་བྱས།ཁོའི་སྤྱོད་པ་དེས་ཁོ་རང་གི་འཚོ་བ་ལ་བསྒྱུར་བཅོས་ཅི་ཡང་བྱས་མེད་མོད།ཁོང་གི་རྣམ་ཤེས་ཀྱི་ཟབ་སར་ཉར་བའི་མི་གཤིས་ཀྱི་མཛེས་པ་དེས་ཁོང་གི་སྣང་བརྙན་ལ་གསོན་ཤུགས་ཆེན་པོ་ཞིག་བསྩལ་འདུག
འདི་ནི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་རྩོམ་རྩལ་ངོམ་ས་ཞིག་རེད་བསམ།གཞན་གྱི་མིག་ལམ་གྱི་ར་ལོ་དང་དོན་དངོས་ཀྱི་ར་ལོ་ནི་མི་གཉིས་ཡིན་པ་ཤེས་ཐུབ།གཞན་གྱི་མིག་ལམ་གྱི་ར་ལོ་ནི་མི་བཙོག་པོ་དང་ནུས་མེད།ཉམ་ཆུང་དང་རྐྱལ་སྟོང་།སྤྲང་བོ་དང་འཁྱམས་པོ་ཞིག་རེད།དེ་ནི་ཁོ་ཚོས་ཀུན་སྤྱོད་དང་ཁེ་ཕན་གྱི་མིག་ཟུང་སྤྱད་ནས་གདེང་འཇོག་བྱས་པའི་སྡོམ་ཚིག་རེད།འདི་ལ་མཛེས་རྟོག་གི་རིན་ཐང་ཅི་ཡང་མེད་པ་མ་ཟད་བསམ་བློའི་དོན་སྙིང་ཡང་ཆེན་པོ་མི་འདུག་སྙམ།གལ་ཏེ་གཏམ་རྒྱུད་འདིས་ར་ལོའི་སྐྱོ་གར་ཙམ་བྲིས་ནས་མཇུག་རྫོགས་པར་བྱས་ཡོད་ཚེ་འདི་ནི་ཀློག་རིན་ཅན་གྱི་བརྩམས་ཆོས་ཤིག་ཏུ་འགྱུར་བར་དཀའ།མི་གཤིས་ཀྱི་རྙོག་འཛིང་དང་ཕུན་སུམ་ཚོགས་པའི་རང་བཞིན་དོར་ནས་རྐྱང་ཆིག་དང་སྟབས་བདེར་བཏང་བ་ནི་སྒྱུ་རྩལ་གྱི་ཕམ་ཁའི་མཚོན་རྟགས་ཤིག་རེད།འོན་ཀྱང་རྩོམ་པ་པོས་ར་ལོའི་ངོས་གཞན་ཞིག་སྟེ་མི་གཤིས་ཀྱི་མཛེས་པའི་ཆ་ཞིག་ང་ཚོར་མཐོང་དུ་བཅུག་པས་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཏུ་གྲུབ།
༣ ར་ལོའི་མི་གཤིས་ཀྱི་མཛེས་པའི་དྭངས་ཤ
དོན་དངོས་ཀྱི་ར་ལོ་ནི་གཞན་ལ་གནོད་འཚེ་མི་བྱེད་ཅིང་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་མངོན་པར་གསལ་བའི་མི་ངོ་མ་ཞིག་རེད།མི་གཤིས་ལ་མ་གཞི་ནས་ཡོད་པའི་ཞན་ཆ་མང་བོ་ཞིག་ར་ལོར་ཡོད་ལ།གཞན་ལ་དཀོན་པའི་བཟང་ཆ་མི་ཉུང་བ་ཞིག་ཀྱང་ར་ལོར་འཛོམས་ཡོད།སྐྱེས་པ་ཞིག་ཡིན་ཕྱིན་བུད་མེད་ལ་དགའ་བ་དང་ལྷག་པར་བུད་མེད་མཛེས་མ་ལ་དགའ་བ་ནི་ཆོས་ཉིད་ཡིན་མོད།ར་ལོ་ལྟར་ཚུལ་འཆོས་དང་མངོན་ལྐོག་ཅི་ཡང་མེད་པར་རང་གི་འདོད་པ་ལྟར་སྤོབས་པ་ཆེན་པོས་བརྩོན་ལེན་བྱེད་མཁན་ནི་ཉུང་ཙམ་རེད།འདིའི་སྟེང་ནས་ར་ལོ་ནི་མཛེས་པ་དང་བརྩེ་བར་རེ་སྙེག་བྱེད་མཁན་ཞིག་ཡིན་པ་ཤེས་ཐུབ། “གལ་ཏེ་བརྩེ་བ་དག་མ་ཞིག་ཀྱང་མེད་ཚེ།དེ་ནི་ཀུན་སྤྱོད་དང་དགེ་བའི་གནད་དོན་མིན་པར།དེ་ནི་མཛེས་རྟོག་གི་དབང་བོ་མེད་པའི་གནད་དོན་རེད།འཁྱགས་རེངས་སུ་གྱུར་པའི་ངོ་གདོང་ནི་མཛེས་རྟོག་རིན་ཐང་གི་ངོས་ན་བཤད་ན་མི་སྡུག་པ་རེད།”[14]དཔེར་ན«རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད»ནང་གི་ཚའོ་ཚའོ་ལྟ་བུ་རེད།འདུན་པ་དང་ཧམ་སེམས་ཧ་ཅང་ཆེ་ལ།རིག་པ་གྲིམ་ཞིང་དམིགས་ཡུལ་གསལ་བའི་མི་ཞིག་རེད།དེ་ནི་ར་ལོའི་གཤིས་ཀ་དང་ལྡོག་ཟླར་གྲུབ་འདུག་ཟེར་ན་མི་ཆོག་པ་མེད།འོན་ཀྱང་ཁོའི་སྟེང་ན་མཛེས་རྟོག་གི་རིན་ཐང་མེད།ད་ལྟའི་བརྩམས་སྒྲུང་དཔྱད་བརྗོད་པ་མང་བོ་ཞིག་གིས་རེ་འབོད་བྱེད་པའི་མི་སྣ་ནི་ཚའོ་ཚའོ་ལྟ་བུ་ཡིན་པ་འདྲ།”འདི་ནི་མཛེས་རིག་དང་བསམ་བློ་ཡི་ཤེས་བྱས་དབུལ་བའི་རྟགས་མངོན་གསལ་ཞིག་རེད།”[15]
ར་ལོར་བུད་མེད་དེའི་མགོ་བསྐོར་ཐེབས་པ་ནི་ར་ལོ་རིག་རྡིབས་ཡིན་པས་མིན་པར་ར་ལོས་མི་ལ་ཡིད་ཆེས་བྱེད་པས་རེད།མི་ཕན་ཚུན་བར་ལ་ཆེས་མ་མཐའི་ཡིད་ཆེས་ཙམ་ཡང་མེད་ཚེ་མིའི་སེམས་པ་འཁྱགས་རེངས་སུ་གྱུར་ནས་མཇུག་མཐར་ཚའོ་ཚའོ་ལྟ་བུའི་དམར་གསོད་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད།ཡིད་རྟོན་ནི་མཛེས་པ་ཞིག་སྟེ་ཁེ་ཕན་གྱི་དམིགས་ཡུལ་ཅི་ཡང་མེད་པས་རེད།ར་ལོ་ནི་རང་ཉིད་ཀྱི་ནང་སེམས་ལ་ཉན་མཁན་ཞིག་ཡིན་པས་ཁོས་བརྒྱུད་མྱོང་བའི་ལམ་བུ་རེ་རེ་ནི་ཚེ་སྲོག་གི་མྱོང་བ་དང་གོ་རིམ་ཞིག་ཏུ་ངོས་འཛིན་བྱས་ཆོག བདེ་མི་བདེ་དང་འདོད་མི་འདོད་ཚང་མ་རང་གི་ཚོར་ཤེས་ཀྱིས་ཐག་གཅོད་བྱེད་པ་རེད།ཁོས་མི་ཚེའི་ལམ་བུའི་སྟེང་དཀའ་སྡུག་དང་མནར་གཅོད་གྲངས་མེད་མྱངས་ཀྱང་མུ་མཐུད་དུ་འཚོལ་རྟོག་བྱེད་པའི་སྤོབས་པ་ཉམས་མ་མྱོང་།ཁོའི་རྣམ་ཤེས་ཀྱི་ཟབ་ས་དང་རུས་པའི་སྲ་ས་ཞིག་ན་འདོར་མི་སྲིད་པའི་དམ་བཅའ་དང་སྤོབས་པ་ཞིག་ཡོད་དེ།དེ་ནི་མི་གཤིས་ཀྱི་ཆེས་མ་མཐའི་དྭངས་གཙང་སྲུང་རྒྱུ་དེ་རེད།
མི་གཤིས་ཀྱི་མཛེས་པ་འདི་གཅིག་པུས་ཁོའི་ཕམ་ཁ་དང་སྐྱོ་སྡུག་གི་འཚོ་བར་འོད་སྣང་དང་དྲོད་ཁོལ་བྱིན་ནས་ཡོད།ལྟོགས་སྐོམ་དང་གྲང་འཁྱགས་ཀྱིས་མནར་དུས་སུའང་རྙེད་དངོས་མ་གསང་མ་སྦས་པ་དེས་ར་ལོའི་འབྱུང་སྤུས་དང་བློ་སྦྱོང་ཚད་ངེས་ཅན་ཞིག་ལ་ཐོན་ཡོད་པ་མཚོན།འདི་ལྟར་བཤད་ན་ལ་ལས་ཁོང་དགོད་བྱེད་སྲིད་མོད།རང་ཉིད་ཀྱི་ལག་པ་བྲང་ཐོག་ལ་བཞག་སྟེ་འདང་ཞིག་རྒྱོབས་དང་ཧ་གོ་ཡོང་།ཐ་ན་འཚོ་བ་ལ་དཀའ་ཁག་མེད་པའི་ང་ཚོའི་ཁྲོད་དུ་རྒྱུ་ནོར་ཐང་ནས་རྙེད་ན་བདག་པོར་སྤྲོད་མཁན་དུ་ཡོད།
མི་ཞིག་གི་སྲོག་འཚོ་བའི་ཆེས་མ་མཐའི་ཆ་རྐྱེན་ནི་ཟས་དང་གོས་རེད།གལ་ཏེ་སུ་ཞིག་གིས་བྱ་བ་གང་ཞིག་གི་ཆེད་དུ་ཟས་གོས་འདོར་ཐུབ་ཚེ།དོན་དུ་མི་དེས་རང་སྲོག་བློས་བཏང་བ་རེད་ཟེར་ན་ཆོག དེ་བས་ར་ལོས་རང་གི་འཚོ་སྡོད་ལས་མི་གཤིས་གལ་ཆེན་དུ་བཟུང་བ་ཤེས་སླ།ར་ལོའི་སེམས་སུ་འདི་ལྟར་དྲན་མི་སྲིད།ཁོའི་སེམས་སུ་དྲན་སྲིད་པ་ནི་སྒོར་མོ་འདི་ངའི་མིན་པས་བདག་པོར་སྤྲོད་དགོས་པའི་གནས་ལུགས་དེ་ཙམ་རེད།འདི་ནི་གཟོད་དངོས་ཡོད་འཚོ་བ་དང་ལོ་རྒྱུས་རྒྱུ་ཆ་ལས་རྙེད་མི་སྲིད་པའི་སྒྱུ་རྩལ་གྱི་མཛེས་པའམ་མི་གཤིས་ཀྱི་དྭངས་གཙང་རེད།ང་ཚོས་འདི་ལྟ་བུའི་མི་གཤིས་ལ་སློབ་སྦྱོང་བྱེད་མི་རུང་དོན་ཅི་ཡིན།
༤ མཇུག་བསྡུ་བ།
རྩོམ་པ་པོས་ར་ལོའི་སྤྱོད་བཟང་དེ་ཧ་ཅང་ཉིང་བསྡུས་ཤིག་ལས་བྲིས་མེད་མོད།བྲིས་མེད་པ་དེས་གཟོད་དེ་གལ་ཆེན་ཡིན་པ་གསལ་བཤད་བྱས་ཡོད།འཇིག་རྟེན་སྟེང་དངོས་པོ་གང་ཞིག་དཀོན་ན་དེ་རྩ་ཆེ་བ་མངོན་སུམ་གྱིས་གྲུབ།ཡང་གཅིག་བཤད་ན་སྒྱུ་རྩལ་གྱི་བདེན་པ་ནི་རྩོམ་པ་པོས་བརྗོད་ཟིན་པའི་སྟེང་ན་མེད་པར་སྟོང་ཆར་བསྐྱུར་པའི་ཁྲོད་ན་གནས་ཡོད།ར་ལོའི་མི་ཚེ་ནི་རང་གིས་ཕར་ལ་སྡུག་བཞག་པའི་གཏམ་རྒྱུད་ཅིག་མིན་པར་གཞན་གྱིས་ཚུར་བརྙས་བཅོས་བྱས་པའི་གོ་རིམ་ཞིག་རེད།ར་ལོས་ཚུལ་མིན་གྱི་བྱ་བ་གཅིག་ཀྱང་ལས་མ་མྱོང་ཟེར་ན་མི་ཆོག་པ་ཅི་ལ་ཡོད།གཞན་གྱི་མིག་ལམ་གྱི་ར་ལོ་དང་དོན་དངོས་ཀྱི་ར་ལོ་གཉིས་ཀྱི་བར་ཐག་དང་འགལ་བ་དེས་བརྩམས་ཆོས་ཀྱི་མཛེས་རྟོག་གི་རིན་ཐང་གྲུབ་ཡོད།ང་ཚོས་ར་ལོ་ཀློག་དུས་གལ་ཆེ་བར་འཛིན་དགོས་པ་ནི་ཁོའི་སྐྱོ་གར་མིན་པར་སྐྱོ་གར་གྱི་ཤུགས་སུ་སྐུང་བའི་མི་གཤིས་ཀྱི་མཛེས་པའི་དྭངས་མ་དེ་རེད།«ར་ལོའི»གཏམ་རྒྱུད་ནི་ལོ་རྒྱུས་དང་དངོས་ཡོད་འཚོ་བའི་ཁྲོད་མིག་མཐོང་ལག་ཟིན་དུ་ཡོད་སྲིད་ཀྱང་།སྒྱུ་རྩལ་ཁྲོད་ཀྱི་ར་ལོའི་མཛེས་པ་ནི«ར་ལོ»གཅིག་པུ་ལས་མ་གཏོགས་གང་ནས་ཀྱང་རྙེད་མི་སྲིད།དགེ་སྡིག་དང་ལེགས་ཉེས།ཡིན་མིན་དང་བཟང་ངན།དྲང་འཁྱོག་དང་དཀར་ནག་སོགས་རྒྱུ་གཉིས་སྨྲ་བའི་ལྟ་གྲུབ་ཀྱིས་སྒྱུ་རྩལ་བརྩམས་ཆོས་ལ་དཔྱད་པ་ནི་སྒྱུ་རྩལ་གྱི་བློ་སྦྱོང་ཞན་ཞིང་མཛེས་རིག་གི་རྒྱུན་ཤེས་མེད་པའི་རང་མཚང་སྟོན་སྟངས་ཤིག་རེད་འདོད།
མཇུག་ཏུ་ར་ལོ་ནི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་མི་གཤིས་ལ་ཚོད་ལྟ་དང་འཚོལ་དཔྱོད་བྱ་ཆེད་གཅོང་རོང་དུ་འཕངས་པའི་སྒྱུ་རྩལ་གྱི་སྣང་བརྙན་ཞིག་ཡིན་ལ།དགའ་འོས་པ་ཞིག་ལ་ར་ལོའི་རྣམ་ཤེས་ཀྱིས་མུན་ནག་གི་ཁྲོད་དུ་མཁའ་དབྱིངས་ཀྱི་སྐར་ཚོགས་དང་དེའི་མཛེས་པ་མཐོང་སོང་ཞེས་བརྗོད་འདོད།ཁོའི་རྣམ་ཤེས་དེ་སྤྱི་ཚོགས་ཀྱི་མུན་ནག་ལས་རྒྱལ་བ་མ་ཟད་རང་དབང་གི་བརྩེ་བ་ཞིག་ལ་འཁྱུད་ནས་ཡོད།
དཔྱད་གཞིའི་ཡིག་ཆ།
[1] བདུད་ལྷ་རྒྱལ།«འཚོལ་རྟོག་སྙིང་སྟོབས» [M] ཁུང་མེན།ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།༢༠༠༤ལོའི་ཟླ༦པ།
[2] ལྷག་པ་ཆོས་འཕེལ།བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་རྩོམ་སྒྲིག་བྱས།«བོད་ཀྱི་དེང་རྩོམ་སྤྱི་བཤད།»[M]མི་རིགས་
དཔེ་སྐྲུན་ཁང་།༢༠༡༧ལོ།
[3] ཆབ་བྲག་མགོན་པོ་སྐྱབས་ཀྱིས་བསྒྲིགས།«ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག» [G]ཀན་སུའུ་མི་རིགས་
དཔེ་སྐྲུན་ཁང་།༢༠༡༡ལོ།
[4] 谢有顺;《文学如何立心》[M],北京:昆仑出版社,2013年1月。
[5] 孙绍振:《审美阅读十五讲》[M],北京:北京大学出版社,2016年。
[6] 阿尔贝·加缪著,毛昆仑译:《局外人》,《<局外人>创作后记》,[M],北京:现代出版社,2017年。
འདབས་མཆན།
[1] [5] [6] བདུད་ལྷ་རྒྱལ།«འཚོལ་རྟོག་སྙིང་སྟོབས» [M] ཁུང་མེན།ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།༢༠༠༤ལོའི་ཟླ༦པ།ཤོག་ངོས༦༣ན་
གསལ།
[2] [7] [10] ལྷག་པ་ཆོས་འཕེལ།བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་རྩོམ་སྒྲིག་བྱས།«བོད་ཀྱི་དེང་རྩོམ་སྤྱི་བཤད།»[M]མི་རིགས་དཔེ་སྐྲུན་ཁང་།
༢༠༡༧ལོ།ཤོག་ངོས༡༡༡དང༡༠༨དང༡༡༡ན་གསལ།
[3] [4][8] [9] ཆབ་བྲག་མགོན་པོ་སྐྱབས་ཀྱིས་བསྒྲིགས།«ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག» [G]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༠༡༡ལོ།ཤོག་ངོས༡༠༨དང༥༩དང༡༠༨དང༦༠ན་གསལ།
[11] [15] 谢有顺;《文学如何立心》[M],北京:昆仑出版社,2013年1月,第16、190页。
[12] [14] 孙绍振:《审美阅读十五讲》[M],北京:北京大学出版社,2016年,第28、22、23页。
[13] 阿尔贝·加缪著,毛昆仑译:《局外人》,《<局外人>创作后记》,[M],北京:现代出版社,2017年,第146页。
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1134
2020 ལོའི་ཟླ 1 ཚེས 14 ཉིན། ཕྱི་དྲོ། 1:57
རེད་ཡ། ར་ལོ་ནི་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་གཏམ《ར་ལོ》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་བོ་ནི་ཆུང་དུས་ནས་ཕ་མའི་གཉོར་སྐྱོང་དང་བྲལ་བའི་དྭ་ཕྲུག་ལྡོམ་པོ་ཞིག་ཡིན། ལྡོམ་པོའི་འཚོ་བའི་ཁྲོད་ནས་ཁོ་ལའང་སློབ་གྲྭར་བསྐྱལ་བ། མག་པར་བསྡད་པ། མནའ་མ་བླངས་པ། གྲྭ་བ་བྱས་པ་སོགས་འཚོ་བའི་རེ་བ་གསར་བ་ཐེངས་མང་བོ་བྱུང་མྱོང་། འོན་ཀྱང་ཁོ་ནི་འཚོ་བའི་དམིགས་ཡུལ་མི་གསལ་ཞིང་འདང་རྒྱག་མི་ཤེས་པ། དངོས་ཡོད་ཀྱི་གཞི་དེ་ནས་རྩ་བ་བརྟན་པོར་ཚུགས་མི་ཐུབ་པ། གཏིང་ཟབ་ས་དང་རྒྱ་ཆེ་སར་ཕྱིན་ནས་འཚོ་བ་ལ་དོན་སྙིང་ལེན་མི་ཕོད་པའི་མི་དྲ་ང་དྲང་ངེ་། གླ་ན་གླེན་ནེ། ལྡ་ང་ལྡང་ངེ་ཞིག་ཡིན་པས། ས་གར་སོང་ས་ནས་རང་སྡུག་རང་གིས་ཉོས་ནས་སྡོད་པ་ཞིག་ཡིན། ཁོ་ནི་ང་ཚོས་སྙིང་རྗེ་བའི་དུས་མཚུངས་སུ་ཁོང་ཁྲོའང་སྐྱེ་བར་འགྱུར་ལ། ཁོང་ཁྲོ་སྐྱེ་བའི་དུས་མཚུངས་སུ་སྙིང་རྗེའང་སྐྱེ་བར་འགྱུར་བ་ཞིག་ཡིན།
ཡང་ཅིག་བཤད་ན། རིག་གནས་གསར་བརྗེ་མཇུག་རྫོགས་རྗེས། 1980ལོར་ཐོན་སྐྱེད་རུ་ཁག་གི་ས་ཞིང་དང་། རྩྭ་ས། ཕྱུགས་ཟོག་སོགས་ཚང་མ་མི་སྒེར་ལ་བགོས་ནས་ཐོན་སྐྱེད་འགན་གཙང་ལེན་བྱས་པས། མི་རྣམས་ལ་བསམ་བློའི་ཐད་ནས་གུ་ཡངས་དང་རང་དབང་ཐོབ་པ་དང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་པས། དགོན་པ་མང་པོ་སླར་གསོ་བྱས་ནས་ཆོས་དད་ཀྱི་སྒོ་མོ་སླར་ཕྱེ་བ་རེད། ཐོན་སྐྱེད་འགན་གཙང་ལེན་བྱས་རྗེས་ཀྱི་ལོ་བཅུ་ལྷག་གི་རིང་ལ། འབྲོག་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་ཏུ་འབྲོག་པ་ཁྱིམ་ཚང་ཁ་ཤས་ཀྱིས་སྔར་རུ་ཁག་ནས་བགོས་པའི་ནོར་ལུག་བཤའ་རྒྱུ་བཤས། བཙོང་རྒྱུ་བཙོངས་ནས་ཟད་མཐར་འཚོ་བ་བརྟེན་ས་མེད་པར་གྱུར་ཏེ། ཁྱིམ་ཚང་གཞན་གྱི་ཕྱུགས་རྫི་བྱས་ནས་ལྟོ་བ་ཕྱིད་ཐབས་བྱེད་པའམ། སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྱེད་པ་མི་ཉུང་ཙམ་ཐོན་ཡོད། དེ་ཕྱོགས་གཞན་ཞིག་ནས་བཤད་ན། སྔར་རིག་གནས་གསར་བརྗེའི་དུས་སུ་ཐོན་སྐྱེད་རུ་ཁག་གིས་གཅིག་གྱུར་གྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པ་དང་། ཐོན་འབབ་བགོ་བཤའ་རྒྱག་པའི་སྲོལ་དེ་གཏོར་ནས་རང་རང་ལ་ཐོན་སྐྱེད་འགན་གཙང་ལེན་བྱེད་དུ་བཅུག་པས་ན། སྐབས་ཤིག་ལ་མི་ཁག་གཅིག་གིས་རང་ནུས་ཀྱིས་འཚོ་བ་སྐྱེལ་མ་ཤེས་པར་གྱུར་བ་ལས་གནས་ཚུལ་དེ་འདྲ་བྱུང་བ་ཡིན་ཞིང་། དེ་ནི་ར་ལོ་ལྟ་བུའི་མི་འབྱུང་སའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཡིན།
ཁོ་བས་བསམ་པར་ར་ལོ་ཞེས་པའི་སྒྲུང་གཏམ་དེའི་བརྗོད་བྱའི་བསྟན་དོན་ནི་འདི་འདྲ་ཞིག་རེདབསམ་ལ། སྒྲུང་གཏམ་དེར་རྩོམ་པ་པོས་ར་ལོ་ཟེར་བ་ཉམས་ཆུང་ནུས་མེད། ཅི་བསམ་ལ་མདོ་མེད་པ། ཅི་བྱ་ལ་ཆ་འཇོག་མེད་པ། སྣབས་ལུགས་ཀྱི་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པ་ཞིག་གསར་བཞེངས་བྱས་ཏེ། བོད་མི་ལ་ལའི་རང་ངོ་རང་གིས་མི་ཤེས་པ་དང་། ཅི་བྱ་ལ་དམིགས་ཡུལ་དང་ཆ་འཇོག་མེད་པ། ཅི་བྱེད་ལ་རྩ་དོན་མེད་པ། རྨོངས་ཤིང་འཐོམས་པ། མིག་རྒྱང་ཐུང་བའི་རང་གཤིས་ཏེ། མི་གཤིས་གཉུག་མའི་སྟེང་དུ་གནས་པའི་བདག་གི་འཛིན་པ་མེད་པའི་རང་གཤིས་ཉམ་ང་ཅན་དང་། སྤྱི་ཚོགས་རིག་གནས་ཀྱི་བློ་ཁ་མ་བསྒྱུར་བའི་རང་བྱུང་གི་མི་ལྟ་བུའི་མི་ལུས་ཟོག་ཅན་གྱི་བོད་མིའི་འདུ་ཤེས་ཐ་མལ་བ་དེར་ཟུར་ཟ་དང་ཐེར་འདོན་བྱས་ཡོད་དོ།།
2020 ལོའི་ཟླ 2 ཚེས 12 ཉིན། སྔ་དྲོ། 9:02
ཉིད་ཀྱིས་བསམ་ཚུལ་བརྗོད་པར་ཐུགས་རྗེ་ཆེ།