ངོས་དང་ཟུར་མི་འདྲ་བ་ནས་གླིང་སྒྲུང་ལ་བལྟ་བ།
སྤྱང་ཚ།
1 གླིང་སྒྲུང་དང་བོད་ཀྱི་རྩོམ་རིག
མཁས་པའི་དབང་པོ་འཇུ་མི་ཕམ་པས་“འཇིག་རྟེན་པའི་སྤྱོད་ཡུལ་ཐམས་ཅད་ཀྱི་ནང་ན་ཡི་གེ་ལས་མཐུ་དང་ངོ་མཚར་ཆེ་བ་མེད་”ཅེས་གསུངས་པ་བཞིན། འཇིག་རྟེན་དུ་ཡོད་པའམ་མེད་པ་ཐམས་ཅད་ཡི་གེ་ཁོ་ནས་མཚོན་དུ་བཏུབ་ལ། དེ་འདྲའི་ཡི་གེ་དེ་ལའང་གཏན་ཚིགས་དང་དན་གྲངས་ལ་བརྟེན་ནས་དངོས་པོའི་གནས་ཚུལ་གཏན་ལ་འབེབ་པའི་རྗོད་བྱེད་ཀྱི་རིགས་དང་། འཁྱོག་བརྗོད་དང་མཚོན་ཐབས་ལ་བརྟེན་ནས་ནང་གི་རྟོག་འགྱུ་སྟོན་པའི་མཚོན་བྱེད་ཀྱི་རིགས་ཏེ་རྩ་བའི་རིགས་ཆེན་པོ་གཉིས་ཡོད། 《ཚད་མ་རྣམ་འགྲེལ་》སོགས་མཚན་ཉིད་ཀྱི་གཞུང་ལུགས་དག་ནི་སྔ་མའི་ཁོངས་སུ་གཏོགས་ལ། 《གླིང་སྒྲུང་》སོགས་སྒྱུ་རྩལ་རྩོམ་རིག་ནི་ཕྱི་མའི་ཁོངས་སུ་གཏོགས།
《གླིང་སྒྲུང་》ནི་དམངས་ཁྲོད་ནས་བྱུང་ཞིང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རིག་གནས་ཤིག་ཡིན་མོད། ད་སྐབས་ནི་ཆེད་ལས་ཀྱི་ཁྱབ་ཁོངས་ཆུང་ཆུང་ཞིག་གི་ནང་དུ་ཅུང་ཟད་དར་བ་མ་གཏོགས་དམངས་ཁྲོད་ནས་ཀྱང་ཉམས་རྒུད་དུ་འགྲོ་བཞིན་པར་སྣང་། དེ་ཡང་ཅི་ཁག་སྟེ། སྤྱི་ཚོགས་རྙིང་པར་མི་དམངས་ཀྱིས་གླིང་སྒྲུང་བཤད་བཞིན་པའི་སྐབས་སུ། མཁས་པ་དག་གིས་《མེ་ལོང་མ་》དང་《ར་མ་ཎའི་རྟོགས་བརྗོད་》ཁོ་ན་རྩལ་འདོན་བྱས་ཏེ། གཞུང་ཆེན་མོའི་མཆོད་བརྗོད་སོགས་རྩོམ་སྐབས་《མེ་ལོང་མའི་》དོན་རྒྱན་སོ་ལྔའི་རྣམ་གཞག་དང་མ་མཐུན་ན་འབྲི་མི་རུང་བར་སྨྲས་ཏེ་མ་བྲིས་པའི་ལོ་རྒྱུས་བཤད་རྒྱུ་འདུག་ལ། ཁོ་ཚོས་སྙན་ངག་ཡིན་ན་《མེ་ལོང་མའི་》ལུགས་ལྟར་འབྲི་དགོས་པས་ཁྱབ། 《མེ་ལོང་མའི་》ལུགས་ལྟར་མ་བྲིས་ན་སྙན་ངག་མ་ཡིན་པས་ཁྱབ་པ་སོགས་སྨྲས་ཏེ་《གླིང་སྒྲུང་》ཡལ་བར་དོར། སྤྱི་ཚོགས་གསར་པའི་སྐབས་སུ་ཡང་མཁས་པ་ཁ་ཅིག་ནི་སྔ་མའི་སྲོལ་དེ་ག་རང་བསྐྱངས། ཁ་ཅིག་ནི་“དེང་རབས་སྙན་ངག་”ཁོ་ནའི་ཕྱོགས་སུ་ལྷུང་སྟེ། 《གླིང་སྒྲུང་》ལ་རྩོམ་རིག་གི་ངོས་ནས་སློབ་སྦྱོང་བྱེད་མཁན་མེད་ལ་སློབ་ཁྲིད་བྱེད་མཁན་ཀྱང་མེད། དེ་ལྟ་ནའང་འབྲོག་པ་ཡིག་རྨོངས་བའི་ངག་སྒོ་ལས་བྱུང་བའི་《གླིང་སྒྲུང་》གི་ངག་རྩལ་ལ་འགྲན་དུ་བཏུབ་པའི་བརྩམས་ཆོས་སྐྲུན་མཁན་ནི་ཁོ་ཚོའི་ཁྲོད་དུའང་ཧ་ཅང་དཀོན། དེ་ཡང་ཡིན་ཏེ། 《མེ་ལོང་མའི་》འབྲི་ཐབས་དེས་《གླིང་སྒྲུང་》གི་རྩོམ་ཐབས་ལ་འགྲན་དུ་མི་བཏུབ་ཅིང་། “དེང་རབས་སྙན་ངག་”གི་མཚོན་ཐབས་དེས་《གླིང་སྒྲུང་》གི་ངག་རྩལ་ལ་འགྲན་དུ་མི་བཏུབ་པའི་ཕྱིར་རོ། །ད་སྐབས་ནི་《གླིང་སྒྲུང་》ལས་ཀྱང་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》དར་ཁྱབ་ཆེ་ལ། དེ་ལས་ཀྱང་《ཆུ་ངོགས་གཏམ་རྒྱུད་》བྲིན་ཆེ། དེ་ཡང་གཅིག་ནས་སྒྲུང་འདི་གཉིས་ཀྱི་བརྙན་འཕྲིན་ཟློས་གར་ཡང་བོད་བསྒྱུར་བྱས་ཡོད་ལ། གཉིས་ནས་རང་རེའི་ཅུང་སྔོན་ཐོན་ཡིན་པའི་མི་དག་གིས་ནི་རྒྱ་ནག་པའི་སློབ་གསོ་མྱོང་བཞིན་ཡོད་ལ། རྒྱ་ནག་པ་དག་གིས་ནི་སྒྲུང་འདི་གཉིས་ཕ་མེས་ཤི་བའི་རྣམ་ཤེས་དང་། སྐྱེས་པའི་བུ་ཡི་འཚོ་བཅུད་དུ་བལྟས་ཏེ་བྱིས་པ་དག་ལ་ཆུང་དུས་ནས་ཀློག་ཏུ་འཇུག་བཞིན་ཡོད། དེ་བས་“རི་བོང་ཅལ་འདྲོགས་ཀྱི་སློབ་གསོའི་”འོག་ང་ཚོས་ཀྱང་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》དང་། 《ཆུ་ངོགས་གཏམ་རྒྱུད།》《ཐོག་ཁང་དམར་པོའི་རྨི་ལམ་》སོགས་དར་མས་འཛིན་རྒྱུའི་དེབ་རྒན་དང་། བྱིས་པས་འཛིན་རྒྱུའི་དེབ་ཆུང་དག་དཔར་བསྐྲུན་བྱས་ཏེ་དཔེ་ཁང་དག་གིས་འཚོང་བཞིན་ཡོད་ལ། ཁྱིམ་བདག་དག་གིས་ཉོ་བཞིན་ཡོད།
2 གླིང་སྒྲུང་དང་དཔའ་སྒྲུང་།
སྤྱིར་འཛམ་གླིང་འདིར་དཔའ་བོའི་བྱུང་བ་བརྗོད་པའི་སྒྲུང་རིགས་ཤིན་ཏུ་མང་ལ་དེ་དག་ལས་གྲགས་ཆེ་བ་ནི། གྷི་རིགས་ཀྱི་
《ཧོ་མའི་ལོ་རྒྱུས་སྙན་ངག་》དང་། རྒྱ་ནག་པའི་《ཆུ་ངོགས་གཏམ་རྒྱུད་》 བོད་ཀྱི་《གླིང་སྒྲུང་》སོགས་ཡིན།
《ཧོ་མའི་ལོ་རྒྱུས་སྙན་ངག》ནི་གྷི་རིགས་ཀྱི་སྙན་ངག་པ་ཧེ་མ་(荷马 Homer)ཡིས་བརྩམས་པ་ཡིན་ལ་ནུབ་གླིང་བའི་ཡིག་ཐོག་སྙན་ངག་ཐོག་མ་དང་། ལོ་རྒྱུས་གཞུང་ལུགས་ཐོག་མ་རུ་ངོས་འཛིན་བཞིན་ཡོད་པ་མ་ཟད། ནུབ་ཕྱོགས་པའི་རིག་གནས་དང་ཆོས་ལུགས་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བཤད། བརྗོད་བྱ་ནི་ཕྱི་ལོ་སྔོན་གྱི་ལོའི་དུས་རབས་བཅུ་གསུམ་པའི་སྨད་ཙམ་ན་བྱུང་བའི་གྷི་རིགས་དང་ཐེ་ལོ་གཡིའི་བར་གྱི་དམག་འཁྲུགས་དང་དམག་འཁྲུགས་དེའི་ཁྲོད་ཀྱི་དཔའ་བོའི་སྙིང་སྟོབས་དག་ཡིན།
《ཆུ་ངོགས་གཏམ་རྒྱུད་》ནི་ཡོན་རྒྱལ་རབས་(1271-1368)སྐབས་སུ་བརྩམས་པར་བཤད་ཅིང་། བརྗོད་བྱ་ནི་སུང་བྱང་མའི་(960—1279)སྐབས་སུ་བྱུང་བའི་ཞིང་པའི་འོས་ལངས་དང་དེའི་ཁྲོད་ཀྱི་དཔའ་རྒོད་དག་གི་དཔའ་རྩལ་དང་སྙིང་སྟོབས་དག་རྟོག་བཏགས་དང་སྦྱར་ནས་བསྟན་ཡོད། དེའི་རྩོམ་པ་པོ་ནི་ཡོངས་གྲགས་ལྟར་ན་ཧྲེ་ནའེ་ཨན་(施耐庵1296-1370)ཡིན། སྤྱིར་ཆུ་ངོགས་གཏམ་རྒྱུད་ལ་ལེའུ་བརྒྱ་དང་ཉི་ཤུ་ཅན་གྱི་དཔར་གཞི། ལེའུ་བརྒྱ་ཅན་གྱི་དཔར་གཞི། ལེའུ་བདུན་ཅུ་ཅན་གྱི་དཔར་གཞི་བཅས་དཔར་གཞི་མི་འདྲ་བ་གསུམ་ཡོད།
《ཆུ་ངོགས་གཏམ་རྒྱུད་》དབྱིན་འགྱུར་མ་ནི་1938ལོར་ནོར་ཝེ་རྩོམ་རིག་བྱ་དགའ་ཐོབ་མཁན་ཏེ་ཨ་རིའི་བུད་མེད་རྩོམ་པ་པོ་སའེ་ཀྲན་ཀྲུའུ་ (赛珍珠Pearl S. Buck,1892-1973)ཡིས་1920ལོར་དབྱིན་ཡིག་ཏུ་བསྒྱུར། 1933ལོར་ནེ་ཡོག་གི་དཔར་ཁང་ཞིག་གིས་དཔར་དུ་བསྐྲུན་པས་སྐབས་དེའི་ཨ་རིར་ཡང་བྲིན་པོ་བྱུང་བར་བཤད། བོད་འགྱུར་མ་ནི་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ཏེ་1978ལོར་བསྒྱུར་བ་ནས་བཟུང་2015ལོའི་བར་དུ་དཔར་ཐེངས་བདུན་བཏབ་འདུག་ལ། དཔར་ཐེངས་བདུན་པའི་ངོར་“དཔར་གྲངས། 28,501-31,500”ཞེས་འཁོད་འདུག (དཔར་གྲངས་ཀྱི་གྲངས་འབོར་འདི་འདྲར་སོན་པའི་གླིང་སྒྲུང་གི་དཔར་གཞི་གཅིག་ཀྱང་མཐོང་རྒྱུ་མེད།) ད་དུང་དཔར་གཞི་གཞན་འགའ་རེ་ཡང་འདུག་ལ་བྱིས་པ་དག་གི་བལྟ་བྱའི་དེབ་ཆུང་ཚོན་རིས་ཅན་གྱི་དཔར་གཞི་ཞིག་ཀྱང་དཔེ་ཁང་སོ་སོ་ལས་མཐོང་རྒྱུ་འདུག
《གླིང་སྒྲུང་།》ནི་རྩོམ་པ་པོ་འདི་ཡིན་གྱི་ངེས་གཏན་མེད་མོད། བརྗོད་བྱ་ནི། སངས་རྒྱས་སྟོང་གི་ཐུགས་སྲས། ཨོ་རྒྱན་པདྨའི་རྣམ་སྤྲུལ། གླིང་རྗེ་མི་ཡི་ཉི་མ་དེ་ཉིད། མགོ་ནག་བོད་ཀྱི་དགྲ་ལྷ་རུ། གོང་མ་ལྷ་ནས་བསྐོས་ཚུལ། ཁྲ་མོ་གླིང་ནས་འཁྲུངས་ཚུལ། ཚེ་སྟོད་ཁྲམ་པ་ཇོ་རུ། བར་དུ་དམག་དཔོན་དགྲ་འདུལ། ཚེ་མཐའ་དུས་གསུམ་སངས་རྒྱས་སོགས་སྒྲུང་རབས་ཕྱག་རྒྱ་ཆེན་པོའི་སྒོ་ནས་བཤད་ཡོད་ལ། བརྗོད་དོན་དེ་དག་རེ་རེ་ནས་བཤད་ན་ཕ་ཚེ་བུ་རབས། ཉན་ན་རྣ་བའི་བདུད་རྩི་ཡིན་པས་ཁོ་བོ་ལྟ་བུ་ཞིག་གིས་ཞིབ་པར་བཤད་པའི་རྔོ་མི་ཐོགས་མོད། རིགས་དབྱེ་ཙམ་བརྗོད་ན། བཤད་ནས་རྫོགས་རྒྱུ་མེད་པའི་འབབ་སྒྲུང་གི་རིགས་དང་། བྲིས་ནས་ཚར་རྒྱུ་མེད་པའི་གཏེར་སྒྲུང་གི་རིགས། གང་འདོད་ས་ལེར་ཤར་བའི་པྲ་སྒྲུང་གི་རིགས། ཕ་ཚ་བུ་ཡིས་སྤེལ་བའི་བརྒྱུད་སྒྲུང་གི་རིགས། མཉན་ནས་དྲན་པས་བཟུང་བའི་ཐོས་སྒྲུང་གི་རིགས་སོགས་རིགས་དུ་མར་དབྱེར་ཡོད་ལ། རིགས་རེ་རེ་ལའང་སྒྲུང་ཚན་རྩི་རྩི་གྲངས་མེད་ཡོད། 2006ལོར་ཀྲུང་གོའི་གཟུགས་འདས་རིག་གནས་ཤུལ་བཞག་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་ཚུད་ཡོད། དེ་བས་བརྗོད་བྱ་དང་། ངག་རྩལ། བམ་གྲངས་སོགས་གང་གི་ཆ་ནས་བསམ་ནའང་《གླིང་སྒྲུང་》ཟུར་དུ་བཞག་ནས་《ཆུ་ངོགས་གཏམ་རྒྱུད་》སོགས་ལ་བལྟ་བ་ནི། གནའ་མི་བོད་ཀྱི་ཁ་དཔེར། “རྒྱ་མཚོ་ཟུར་ལ་བཞག་ནས་ཀོ་གྱོང་མཆི་མས་སྦངས།” ཟེར་བ་དེ་མ་ཡིན་ནམ།
3 ཆུ་ངོགས་གཏམ་རྒྱུད་དང་བྱིས་སྒྲུང་།
བྱིས་པ་ནི་འཇིག་རྟེན་འདིའི་བྱ་དངོས་ཕྲ་རགས་ཀུན་ལ་ཆ་རྒྱུས་ཅི་ཡང་མེད་པར་འཇིགས་སྣང་གིས་ཁེངས་ནས་ཡོད་མོད། བྱ་དངོས་ཀུན་ལ་དར་མ་ལས་ཀྱང་འཆར་སྒོ་ཡངས་ཤིང་ཚོར་བ་རྣོ། བྱིས་པའི་བསམ་ངོར་བཟང་ངན་གྱི་ཚད་ཐིག་དང་བཀག་རྒྱ་ཅི་ཡང་མེད་པས། ང་ཚོས་བཀག་རྒྱ་རང་བཞིན་གྱི་གཏན་ཚིགས་ལ་བརྟེན་ནས་འཇིག་རྟེན་འདིར་འགྲེལ་བཤད་བྱས་ན་བྱིས་པའི་སེམས་ཁམས་དང་མི་མཐུན། དེ་བས་སྒྲུང་ལ་བརྟེན་ནས་འཇིག་རྟེན་ལ་འགྲེལ་བཤད་བྱེད་པ་ནི་ཐབས་དམ་པ་ཡིན་ལ། ཕྱི་གླིང་བ་དག་གིས་ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་བྱིས་པའི་སེམས་ཁམས་འཕེལ་རིམ་དང་མཐུན་པའི་བྱིས་སྒྲུང་རྩོམ་བཞིན་ཡོད་མོད། རང་རེར་ད་དུང་དེ་འདྲའི་བྱིས་སྒྲུང་དར་མེད། (མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་འདིའི་སྐོར་ནས་ཕྱག་ལས་ཞིག་གནང་འཆར་ཡོད་པར་བདག་གིས་ཐོས།) ད་ལྟ་རང་རེས་བྱིས་པ་དག་ལ་《ཆུ་ངོགས་གཏམ་རྒྱུད་》སོགས་ཀློག་ཏུ་འཇུག་བཞིན་ཡོད་མོད། 《ཆུ་ངོགས་གཏམ་རྒྱུད་》ནི་སྒྲུང་ཐུང་དུ་མས་གྲུབ་པའི་སྒྲུང་རིང་ཞིག་ཡིན་ལ། བརྗོད་སྙིང་དངོས་ནི་“གནམ་འོག་བདེན་པས་སྐྱོང་བ་”ཡིན་པར་བཤད་མོད། གཏམ་རྒྱུད་འདི་ཀློག་མཁན་གྱི་བྱིས་པ་ཕར་གཞག དགེ་རྒན་དག་གི་ཁྲོད་དུའང་བརྗོད་སྙིང་དངོས་དེ་རྟོགས་མཁན་ཧ་ཅང་དཀོན། སྒྲུང་གི་མཇུག་འབྲས་ནི་གནམ་འོག་བདེན་པས་སྐྱོང་མཁན་ཏེ་སོང་ཅང་གིས་སྣེ་ཁྲིད་པའི་དཔའ་རྒོད་དག་ནི་གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་ཀོའོ་ཆུ་ལས་ཕམ་ཏེ་འགའ་ཞིག་བསད། འགའ་ཞིག་སྨྱོ། འགའ་ཞིག་རང་ཤི་བརྒྱབ། འགའ་ཞིག་མཛེས་མའི་རྗེས་སུ་བསྙེགས་ཏེ་ཁ་འཐོར་དགུ་འཐོར་དུ་སོང་བ་བྲིས་ཡོད་ལ། བྱིས་པས་སྒྲུང་ལ་ལྟ་སྐབས་བཟང་ངན་གྱི་རྣམ་གཞག་དང་ལེན་བྱས་ཏེ་རིན་ཐང་ལྟ་ཚུལ་ཆགས་བཞིན་ཡོད། དེ་བས་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ལྟ་བུ་སྒྲུང་གི་དཀྱིལ་སྙིང་ལ་གཡོ་སྒྱུས་ཁེངས་པ། ཆུ་ངོགས་གཏམ་རྒྱུད་ལྟ་བུ་སྒྲུང་གི་མཇུག་འབྲས་ལ་དྲང་བདེན་ལས་ཀྱང་གཡོ་སྒྱུ་རྒྱལ་བའི་སྒྲུང་དག་ནི། བྱིས་པས་བལྟ་མི་རུང་ལ་ཕ་མས་སྟོན་མི་རུང་། བྱིས་སྒྲུང་དུ་ངན་པ་ཕམ་ལ་བཟང་པོ་རྒྱལ་ནུས་པའི་གནས་ལུགས་ཤིག་སྟོན་དགོས།
4 གླིང་སྒྲུང་དང་བྱིས་སྒྲུང་།
བྱིས་པ་ནི་འཇིག་རྟེན་གྱི་བྱ་དངོས་མཐའ་དག་ལ་མཚར་སྣང་གིས་ཁེངས་པའི་ཚེ་སྲོག་ཆུང་ཆུང་ཞིག་ཡིན་པས་གཞན་གྱི་བྱིས་སྒྲུང་དག་ཏུ་འབུ་ཡིས་ཕ་བོང་བསྒུལ་བ། སྦལ་པས་སྐད་ཆ་བཤད་པ། ཉ་མོ་མཁའ་ལ་འགྲོ་བ་སོགས་སྐྱེ་བོ་ཕལ་བའི་བློ་ངོར་མི་ཤོང་བའི་ངོ་མཚར་ཤ་སྟག་བྲིས་པའང་བྱིས་པའི་མཚར་སྣང་དང་འཕྲོད་ཅིང་མཐུན་པས་ཡིན། གླིང་སྒྲུང་ཡང་བརྗོད་དོན་གྱི་ངོས་ནས་བྱིས་ཁམས་དང་འཕྲོད་པའི་ངོ་མཚར་གྱིས་ཁེངས་ནས་ཡོད་དེ། རྟ་རྐྱང་རྒོད་ཀྱིས་མི་སྐད་སྨྲ་ཞིང་མཁའ་ལ་འགྲོ་བ། བྱ་ཁ་ཏྭས་འབྲུག་མོའི་གཙུག་གཡུ་བརྐུས་ཏེ་གུར་དཀར་ལ་ཕུལ་བ། མདོ་བ་གཡུ་བྱས་རྨ་སྨད་ནས་ལྷ་ས་ཉིན་གྱིས་བསྐོར་བས་དེང་གི་རླངས་འཁོར་ལས་མགྱོགས་པ། གཞན་ཡང་འདན་མའི་མདའ་རྩལ། དགའ་བདེའི་ཤེད་རྩལ། དཔའ་ལའི་གྲི་རྩལ་སོགས་ངོ་མཚར་ཤ་སྟག་ཏུ་སྣང་བས་བྱིས་ཁམས་དང་འཕྲོད་ངེས་ཡིན་པ་མ་ཟད། གླིང་སྒྲུང་ནི་བོད་ཀྱི་དམངས་ཁྲོད་ནས་བྱུང་བས་བོད་རང་གི་བསམ་པའི་འཆར་སྒོ་དང་ཡང་མཐུན་ཞིང་། ནམ་རྒྱུན་རང་རེའི་མཐོང་སྣང་དུ་གྱུར་པའི་གངས་རི་དང་རྫ་རི་སོགས་དཔེ་རུ་བཀོད་དེ་ནང་བསམ་པའི་རྟོག་འགྱུ་སྟོན་པས་བོད་ཀྱི་འཚོ་བ་དང་ཁ་ཐག་ཧ་ཅང་ཉེ།
རྗོད་བྱེད་ཚིག་གི་ཉམས་འདོན་སྟངས་དང་། རྩལ་ངོམས་སྟངས། དཔེ་དོན་སྦྱོར་སྟངས་སོགས་གནའ་དེང་གི་བོད་དཔེ་གཞན་ལས་ལྷག་པས་མཛེས་ཉམས་ཆེ་བ། ཚིག་སྔ་མ་བཀླགས་པས་ཕྱི་མ་ངང་གིས་འབྱུང་བ་ལྟ་བུ་ངག་སྒོ་ཡངས་ཤིང་ཀློག་བདེ་བ། དེང་གི་འགྱུར་སྒྲུང་དག་དང་མི་འདྲ་བར་ཐ་སྙད་ཐམས་ཅད་བོད་ཚིག་ཡིན་པས་སེམས་ལ་ངེས་སླ་བ། བརྡ་སྤྲོད་ཀྱི་འགྲོས་ལ་སྐད་རིགས་གཞན་གྱི་ཤན་མ་ཞུགས་པས་བོད་རང་གི་བསམ་བློའི་འགྲོས་དང་མཐུན་པ། དངོས་པོ་གཅིག་ལ་ངོས་དང་ཟུར་མི་འདྲ་བ་ནས་བཤད་པ་སྣ་ཚོགས་བྱས་ཡོད་པས་བྱིས་པའི་དབྱེ་ཞིབ་ཀྱི་ནུས་པ་དང་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་ཐུབ་པ། བྱིས་པས་བཀླགས་ན་བྱིས་པའི་སྨྲ་བརྗོད་ཀྱི་འགྲོས་ནི་ཕ་མེས་ཀྱི་ཚིག་འགྲོས་དང་མཐུན་པར་བྱེད་པས་བྱིས་པའི་བསམ་གཞིག་གི་ནུས་པ་དང་སྨྲ་བརྗོད་ཀྱི་ནུས་པ་གོང་འཕེལ་དུ་གཏོང་བ་སོགས་དགེ་མཚན་དུ་མས་ཕྱུག་པ་ཞིག་ཡིན་པས་བྱིས་པ་དང་ཁྱིམ་བདག་གི་ཁྲོད་དུ་ང་ཚོས་གླིང་སྒྲུང་ཁྱབ་བརྡལ་དུ་གཏོང་གལ་ཆེའོ། །
2019/11/20ལ་བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1129
དཔྱད་མཆན་སྤེལ།