མི་སེམས་ཀྱི་འཁྱག་རོམ།

(ཁག་དང་པོ།)

ཨ་ཀྲད། ཡུལ་ཤུལ།

ཉི་འོད་མེད་ཀྱང་ནམ་མཁའ་ནི།།
འོད་ཀྱིས་གང་སྟེ་རྒྱང་རིང་མཐོང་།།
སེམས་ནི་འུག་པ་བཞིན་དུ་ནི།།
རང་ཉིད་མི་མཐོང་ཉལ་བར་བྱ།།

ངང་པ་གཉིས་འདི་ཕོ་མོ་སྟེ།།
མཚོ་ཁར་འགྲེང་ནས་སྤྲིན་པར་ལྟ།།
མིག་ནི་ཡོད་ལ་མེད་ཀྱང་མཚུངས།།
རྔོན་པའི་གྲིབ་མ་མི་མཐོང་ངོ་།།

མདའ་རྩེ་གཉིས་ཀྱི་སྣེ་མོ་རུ།།
དུག་ཆུ་ཅུང་ཙམ་བསྲེས་པ་ཡི།།
གཞུ་ཁ་ཤར་ལ་གཏད་པ་འདིའི།།
མཚན་མོ་ཡིན་པ་བརྗེད་ནས་འདུག།

དགོང་ཆུ་རྗེས་ཀྱི་ལྕགས་ཐབ་ནང་།།
ཤ་འབུ་ལ་ལར་གཤོག་པ་མེད།།
མེ་ནི་རབ་ཏུ་ཚ་ནའང་།།
འཚིག་པར་མི་འགྱུར་ཚེར་ཤེས་སྐྱེན།།

མིག་གི་སྐར་མ་ཀེམ་ཀེམ་དུ།།
སྐྲ་རྩེ་ཚེར་མར་ཡུན་རིང་འཇལ།།
སེམས་ཀྱི་འོད་ཀོར་ཟླ་གམ་ནང་།།
ཆུང་འདྲུས་ཁྱོད་རང་སྐར་ཚོགས་ཡིན།།

མཛེས་པའི་ཆ་ནི་མཐོང་ན་ཡང་།།
དེ་ལ་གཏི་མུག་ཡང་དུ་འཁྲིགས།།
ངལ་བའི་རྗེས་སུ་བྱོན་པ་ཡི།།
ཆུ་བོའི་ཁ་དོག་མཐོང་མ་སོང་།།

ཁྱོད་རང་འཆི་ནས་ཉིན་ངོགས་སུ།།
རྣམ་ཤེས་ཁོ་ནར་ལྷག་ཡོད་དམ།།
རང་ལུས་གསེར་གྱི་ཀོང་བུ་རུ།།
མར་མེ་བརྒྱ་སྦར་སྨྲེང་བ་སྟུག།

མི་སེམས་རླུང་གི་གྲིམ་མ་ལ།།
བར་དོའི་སྨག་གིས་ཡོངས་སུ་བཅུད།།
མགོ་བོ་རྨོག་གིས་དུད་པ་ལྟར།།
འཇིག་རྟེན་འདིི་ནས་སྙིང་པོ་ཅི།།

ལྷ་འདི་དད་པའི་རྟེན་ཉིད་རེད།།
སྐུ་འདི་གསེར་དངུལ་ཞུན་མ་ཡིན།།
ཕོ་བྲང་ཕྱིང་བ་རྟག་རྩེ་ནས།།
མི་ཁྱོད་དྲན་པའི་རྟེན་དུ་ཕུལ།།

ནམ་ཟླ་མག་མོག་རབ་རིབ་གང་།།
གཏེར་ལེན་ཁ་ཡི་ནམ་མཁའ་རུ།།
ཚོར་བས་ཟླ་བ་ཡུག་གཅིག་ཏུ།།
སྦྲེལ་ཞིང་མེ་འཁོར་ཤུགས་ཀྱིས་བསྐྱལ།།

གོས་དཀར་ཅན་གྱིི་རི་ཁྲོད་དུ།།
ཁྱོད་ལ་དངོས་གྲུབ་སྩོལ་མཛད་པ།།
རྒྱལ་བའི་བཀའ་ཡིས་ལུང་བསྟན་པ།།
རྐང་པ་གཉིས་ཀྱིས་གཏེར་དུ་སྟོན།།

མཚན་མོའི་སྲོད་ཀྱི་གྲོང་ཁྱེར་དུ།།
སྦག་སྦག་སྐད་ལས་བྱུང་བ་ཡི།།
མི་ནི་སྦལ་བ་བཞིན་དུ་ནུལ།།
ཆུང་མ་དྲན་པས་ལོས་ཡིན་སྙམ།།

ཆང་འདི་མ་བཞེས་ཆང་འདིའི་ནང་།།
ཁྱོད་ལ་རྟག་པར་མཛའ་བ་ཡི།།
ནགས་ཚལ་ཁྲོད་ཀྱི་བྱམས་པ་གང་།།
མེ་ལོང་བཞིན་དུ་ལྷང་ངེར་གསལ།།

རབ་ཏུ་རྟུལ་ཞིང་གནག་པ་ཡི།།
མུན་པའི་ནང་གི་གསོལ་འདེབས་རེས།།
བདག་གི་ཡང་སྙིང་ཁྱོད་རང་ལ།།
འོད་སྣང་ལྟ་བུས་ཚེ་སྲོག་བསྟིམས།།

རྡུལ་གྱིས་སྤྲུགས་པའི་ཚེ་ལམ་ནང་།།
མིག་ཟུང་གཉིས་ཀྱི་བར་དཀྱིལ་དུ།།
ལས་ཀྱིས་སྦྲེལ་བའི་དཔྲལ་བའི་མི།།
དབུགས་ཀྱི་རྒྱུ་བ་ཇེ་དལ་འགྲོ།།

རི་བོ་བྱ་རྐང་ནགས་ཚལ་དུ།།
རྐང་ལག་མང་བའི་བྱ་འདྲེ་ནི།།
ཆོས་ཉིད་རླུང་དུ་སྐུར་བ་བཞིན།།
སྤྲིན་དང་མཉམ་དུ་ཁྱོད་ཕྱོགས་ལྡང་།།

ལོ་དང་ཟླ་བའི་ཉིན་སྲིབ་ཏུ།།
ང་ནི་ཉི་འོད་ལྟར་དུ་ནི།།
ཁྱོད་སེམས་གངས་རི་དཀར་པོ་དེར།།
སྤྲོ་བས་བརྟས་ཏེ་ཡང་ཡང་འཚེར།།

དོ་ཞག་གནམ་ངོ་མི་བཟང་བས།།
གྲང་ངར་རྩུབ་ཅིང་ཁ་བ་བབས།།
ལུས་འདི་འཁྱག་པ་མ་བྱུང་རུང་།།
སེམས་ཀྱི་མེ་དྲོད་ཉམས་ནས་སོང་།།

གྱི་ལིང་གནམ་རྟ་དཀར་པོ་འདི།།
ཨ་ཕ་ལགས་ཀྱི་ལྷ་རྟ་ཡིན།།
ཨ་མ་བག་མར་བསུ་དུས་སུ།།
ཨ་ཕས་རྟ་འདི་བཅིབས་ནས་བྱོན།།

ཚོར་བའི་རླབས་ཀྱི་མེ་ཕུང་ནང་།།
སྙན་པའི་ཚིག་ནི་མི་ཡོང་རུང་།།
རྡོ་བ་ལས་འཁྱག་མི་སེམས་ནི།།
དྲོད་ཅིག་ཡོད་ན་བསམས་ནས་སོང་།།

༢༠༡༩/༡༡/༢༤ཉིན།

མི་སེམས་ཀྱི་འཁྱག་རོམ།

(ཁག་གཉིས་པ།)

 

སྔོན་དུས་ཧེ་ཙིའི་སྙན་ངག་ནང་།།
ཆགས་པས་བྲུས་པའི་འབྲུ་ནི་མེད།།
ད་ལྟ་བདག་གི་སྙན་ངག་ནང་།།
ཁྱོད་རང་ལས་གཞན་སྟོང་ཉིད་ཡིན།།

སྙིང་པོ་ཡོད་ཅེས་ཁྱོད་རང་ནི།།
ཐག་རིང་གཅིག་ཏུ་སོང་ནའང་།།
རྒྱང་རིང་ཁྲོད་ཀྱི་སྤྲིན་པ་ནི།།
ཉི་འོད་ཡོལ་རྗེས་མཐོང་བ་མེད།།

ང་ནི་རླུང་སྟེ་སྟོང་ཁམས་སུ།།
ཆ་མེད་ངང་ནས་རྒྱུ་བ་དང་།།
འཁོར་བའི་ཁྲོད་ཀྱི་མི་ཚོགས་ནང་།།
ཞེན་པ་ཆེན་པོས་ཡང་དུ་ལྡང་།།

མཚོ་ཁའི་གྲུ་འདིའི་ཡང་སྙིང་དུ།།
ལག་པ་ཕྱི་ལ་བསྲིངས་པ་དང་།།
ལག་པ་ང་ལ་གཡུག་བཞིན་པའི།།
གངས་རི་ཞིག་གི་ཕར་བ་འཐོར།།

གྲུ་ཆུང་མཚོ་ནང་ཡོང་བ་ན།།
རླུང་གི་གཤོག་པས་ལྡེམ་ལྡེམ་དུ།།
ཀོ་གྲུ་ནང་གི་འཁྲབ་སྟོན་པའི།།
འཁྲབ་ཆས་ཡོངས་རྫོགས་ཆུ་བོས་ཁྱེར།།

འུག་པའི་སྣང་ངོར་དཔྱངས་པ་ཡི།།
རྒྱལ་རབས་གཅིག་གི་ཕོ་བྲང་ནི།།
ཁ་མི་གྲག་པའི་མི་ཞིག་ལྟར།།
རྟག་པར་གླང་ཆེན་ལྟར་དུ་འགྱིང་།།

ལུང་བའི་ཕུ་མདའ་བར་གསུམ་དུ།།
སྤྱང་ཀི་ཡོད་ལ་སྤྱང་སྟུག་མེད།།
སྤྱང་སྟུག་ཡོད་ལ་སྤྱང་ཀི་མེད།།
གཉིས་ཀ་ཡོད་ཀྱང་ཁྱོད་རང་མེད།།

སྟོང་འདང་ཁྲོད་ཀྱི་ཞོགས་པ་ནི།།
སྨུག་པ་ལ་ལོང་ཡིན་ནམ་ཅི།།
ཡང་ན་ནམ་མཁའ་སྤྲིན་མཉམ་དུ།།
ཁྱོད་དང་ལྷན་དུ་ཡོད་ན་དྲན།།

ད་ནི་ཆུ་ཆེན་རབ་ཁ་ནས།།
དཔའ་བ་ཆེན་པོས་ཟམ་པ་བརྒལ།།
རྡུལ་གྱི་ཕུང་པོ་ཁྲི་ཕྲག་ནང་།།
རང་ཉིད་ཁོ་ན་འཇའ་ཚོན་ཡིན།།

ཚེ་འདིའི་རྟེན་ཉིད་ཁྱོད་རང་ནི།།
ཅང་ཧྲང་རི་བོའི་ནགས་ཚལ་དུ།།
སྟག་མོ་ཚལ་ཞེས་བྱ་བ་ཡི།།
གནས་དེར་བཞུགས་སམ་སླར་ཡང་བྱོན།།

ཕ་ཡུལ་དོ་ཞག་ལྷགས་རླུང་ཆེ།།
ང་རང་གཅིག་པུས་མཚན་གུང་དུ།།
སྙན་ངག་བྲིས་ནས་ཁྱོད་རང་སྒུག།
ཁྱོད་ཀྱིས་ང་རང་དྲན་སོང་ངམ།།

མཐའ་ཡི་རྒྱ་མཚོའི་འགྲམ་དུ་ནི།།
བྱེ་མའི་ལྷན་དུ་སྐུ་པར་སྐྱོན།།
བུད་མེད་རྣམས་ནི་ཉིི་འོད་དང་།།
འབྲལ་བ་མེད་པ་སྙིང་དུ་སྡུག།

བཙོན་ནས་སྒུག་པའི་ལོ་ཟླའི་ནང་།།
ང་ནི་མུན་པ་སྟུག་པོས་འཚོ།།
ཁྱོད་རང་ནམ་ཟླ་དབྱར་ཀ་བཞིན།།
གསལ་ཞིང་དྭངས་ལ་ཡིད་དུ་འོང་།།

ནམ་ཚོད་ཅིག་ནས་མི་ཚོགས་ནང་།།
བཙོན་གྲོལ་བཟོས་པའི་ང་རང་ནི།།
རང་ཉིད་བོར་བའི་ཧེ་ཙི་ལྟར།།
ལྕགས་ཟམ་ཐོག་ཏུ་རང་སྲོག་བཏང་།།

ཁང་མིག་གཅིག་གཅིག་དགུ་གཅིག་གཅིག།
སྲོག་ཉེས་ཅན་གྱི་ཁང་མིག་ཡིན།།
ཚོད་ཅིག་བྱས་ན་ཁྱོོད་ཀྱི་མི།།
སླར་ཡང་ཁྱོད་ཀྱིས་མཐོང་དཀའ་ཨང་།།

འཁྱག་རླུང་སྡང་བའི་གྱང་རལ་དུ།།
མོག་མོག་རེ་རེ་འཆི་བ་ནི།།
ཕུགས་བསམ་ཆེ་བའི་མི་རྣམས་ལྟར།།
ར་བ་འདི་ལས་ཐར་པར་དཀའ།།

ཕ་ཡུལ་དྲན་པའི་གདུང་བ་ནི།།
རི་རབ་ལས་ཀྱང་ཆེ་ཐལ་མོད།།
དམག་མི་ཁྲོད་ཀྱི་འདུ་ར་ནས།།
ཕྱི་ཡི་གངས་རི་མཐོང་མི་ནུས།།

སྒྲོ་སྤུ་ཡིན་ནམ་མདའ་སྒྲོ་འདིས།།
རྟག་པར་བདག་གི་མིག་གཉིས་ལ།།
གཡོ་བ་མེད་པར་གཏད་གཏད་ནས།།
གོ་སྐབས་ཅུང་ཙམ་མི་འདུག་ཨང་།།

ཉི་ཟླའི་འགྲོས་བཞིན་མི་ཚེ་ནི།།
འདི་ལྟར་ཆ་མེད་ཟད་པ་ན།།
འུ་གཉིས་ཐོག་མར་རྩྭ་ཐང་དུ།།
འབྲོག་པའི་འཚོ་བ་རོལ་དུས་དྲན།།

༢༠༡༩/༡༢/༧ཉིན།

མི་སེམས་ཀྱི་འཁྱག་རོམ།

(ཁག་གསུམ་པ།)

རྨ་བྱའི་མདངས་ལས་འཕྲོས་པ་ཡི།།
མུ་ཏིག་དཀར་པོའི་རྟ་མདོག་ཅན།།
རྒྱང་རིང་ཞིག་ནས་ཡོང་བ་འདི།།
བདག་གི་ལྷ་ཚོགས་ཡིན་ནམ་ཀྱེ།།

སྔ་ཚེ་བདག་གི་བྱིིས་པའི་དུས།།
རྟ་ཕོ་རྟ་མདོག་དཀར་པོ་ལ།།
རྒྱ་ལྕང་ལོ་མའི་ཕྲ་ཤད་ཅན།།
བལ་བོའི་གཡུ་ཡི་རྣ་ཚེམས་ཡོད།།

ཞོགས་ཀྱི་ཉི་འོད་ཤར་བ་ན།།
ཕ་ལགས་རྟ་ཕོར་བཅིབས་ནས་བྱོན།།
འགྲོ་སའི་ས་ཐག་མི་རིང་མོད།།
རྟ་ཕོ་གཡང་ལ་བརྩི་བས་ཡིན།།

སྣང་བའི་ལམ་ནི་དོགས་ན་ཡང་།།
མི་ལ་གཡང་གི་ཁ་ལོ་ཡོད།།
གཡང་ལ་གཡང་གི་ཛམ་བྷ་ལྷ།།
དར་དཀར་སྣེ་ནས་བྱོན་བཞིན་ཡོད།།

ཚོགས་ཀྱི་ཞིང་མཆོག་འདྲེན་ན་ཡང་།།
རྟ་ཕོ་གཡང་ལ་གཡང་འཁོར་ཡིན།།
གཡང་ལ་གཡང་གི་གཡང་འཁོར་བས།།
མི་གཡང་ཞེས་ཀྱང་བཏགས་ནས་སོ།།

ང་ཚོར་འདོད་རྒྱལ་བཏགས་མིང་གི།།
ཁྱད་པར་རྡུལ་ཕྲན་བཞིན་དུ་ནི།།
ཞིབ་ཅིང་ཕྲ་བ་མེད་ན་ཡང་།།
སྨོན་ལམ་རྒྱག་ཅིང་མཆོད་སྐུལ་བྱེད།།

གྲོ་ཞིབ་མ་ཡི་ལ་ལུང་དུ།།
དགེ་བདུད་ནང་གི་འགག་རོང་དང་།།
གཡེ་གཡེ་མ་ཡི་སྣ་མདོ་གཉིས།།
སྨན་ཆུང་ལ་ལ་མངོན་ནས་ཡོད།།

དེ་བཞིན་ལྷ་སའི་རྨི་ལམ་ནང་།།
པོ་ཏ་ལ་ནི་དཀར་པོ་ཡིན།།
རི་བོ་ཉི་ཟླའི་བྱང་ངོས་སུ།།
ཚངས་དབྱངས་རྒྱ་མཚོ་མངོན་པར་མཐོ།།

ཚངས་མགུར་ཐ་ལ་དྲུག་འགྱུར་ལ།།
བདུད་བྷེའི་སྐད་ཅིག་བཏགས་པ་དང་།།
སྨན་བླ་སྐྱབས་ཀྱི་དབྱངས་ཡོད་ན།།
མི་སྙན་ཟེར་ན་འོན་པ་རེད།།

དགུན་འདིར་ལ་ལུང་གང་དུ་ཡང་།།
ཁ་བ་བུ་ཡུག་བཚུབ་བཞིན་འདུག།
བྱང་སྡེ་རྫ་ཆུ་ཁ་ལ་ཡང་།།
ལྷག་རླུང་གྲང་མོ་ཨེ་ཡོད་གི།

མི་ནི་སྤྱིར་བཏང་ཆགས་པ་དང་།།
གཏི་མུག་ཞེ་སྡང་དུག་རྣམས་ཀྱིས།།
ཤ་ཁྲག་ཕུང་པོར་བསྡུས་པས་ན།།
ཞེན་ཆགས་མེད་ནི་མི་སྲིད་དོ།།

སེམས་ནི་ཉག་མ་རེ་རེའི་ནང་།།
སྤྲོ་བ་མ་ལུས་ཡང་དུ་སྟིམ།།
མཚན་ནམ་གང་གི་ནམ་སྟོད་ནས།།
འཁོར་བའི་མི་ནི་སྐྱོ་ལ་གཙང་།།

སྐར་ཁུང་ཕྱི་ཡི་ཁ་བའི་ནང་།།
ཞོགས་ཀ་སྡེར་མོའི་རྗེས་ལས་མེད།།
གུང་དུ་རྟ་ཁྱིའི་རྗེས་ཀྱིས་གང་།།
མཚན་མོར་མི་རྣམས་སོང་ཤུལ་མང་།།

གྲོང་ཁྱེར་གཉིས་སུ་མི་གཉིས་གནས།།
ལམ་ཐག་ཅུང་ཙམ་རིང་ན་ཡང་།།
ཡིད་ཀྱི་རྟེན་འབྲེལ་འགྲིག་པ་ན།།
རྟག་པར་ཕན་ཚུན་མཐོང་བ་ཡིན།།

ཆུ་དང་ཉ་མོ་བཞིན་དུ་ནི།།
དཔེ་དང་བཀོད་པ་མཛེས་ཙ་ན།།
སེམས་ཉིད་ཆོས་ཀྱི་འཇའ་སྣེ་རུ།།
གནམ་སྐས་འཛུགས་བཞིན་བྱོན་པར་བྱེད།།

རྟོག་པའི་འཕྱང་འཕྲུལ་རླུང་གིས་རྡེབ།།
སྡོང་བོའི་དབྱངས་ཀྱི་སྐུད་པའི་རྩེར།།
བླ་དང་སྲོག་གིས་བཞེངས་པ་ཡི།།
མི་སེར་བརྩེ་དུང་ཅི་འདྲ་མཛེས།།

ཚེ་གཅིག་ལས་ཀྱི་ཁྱིམ་གཞིས་སུ།།
སྣང་བའི་མེ་ཏོག་ཚོན་དུ་བཏབ།།
མགུར་གླུ་ཁྲོད་ཀྱི་སྙིང་སྡུག་ནི།།
བག་མར་སོང་ནས་ཟླ་གསུམ་འགོར།།

མཚོ་ཁའི་གྲུ་གཟེངས་གླང་ཆེན་གྱི།།
མཆུ་ཏོ་ཉ་གང་ཟླ་བའི་ངོར།།
རབ་རིབ་ཙམ་ཞིག་གཡུག་པ་ན།།
མཁའ་ནས་ཟླ་འོད་མག་མོག་གྱུར།།

རྣམ་འབྱོར་ལྟ་བུ་རང་ཉིད་ཀྱང་།།
རས་དཀར་གྱོན་ཏེ་ནགས་སུ་གནས།།
ནགས་ནས་གནས་བརྟན་བཅུ་དྲུག་པོར།།
གསེར་གྱི་ཡུ་བའི་དབུ་གདུགས་ཕུལ།།

གཉུག་མའི་ལོངས་སྤྱོད་རྫོགས་འདྲ་བའི།།
ཇིང་གིར་རྒྱལ་པོའི་མཁར་རྫོང་དུ།།
འབྲོག་པ་གཅིག་གི་འཚོ་བ་ཞིག།
རོལ་འདོད་སེམས་སུ་ཡུན་རིང་ཉར།།

༢༠༡༩ལོར།

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1125