རླུང་ནང་གི་དུས་ཚོད།

 

འབར་བློ་དཀར་གྱིས་བརྩམས།

(ཞར་བཀོད་གསུམ་ཡོད།)

 

ད་ནི་མུན་རུབ་སྐར་མ་སྟོང་ཡང་ཤར།།
གྱ་གྱུར་འཐེན་པའི་ལམ་ཕྲན་ཆུང་ངུ་དེ།།
རེས་གསལ་རེས་མོག་ཚུལ་གྱིས་མཐོང་ཞིང་སྒྲིབ།།
ཉིན་ཞག་གྲངས་མེད་འཁོར་བ་གྲངས་མེད་བརྒལ།།
ཞ་ཞོར་ལམ་གྱི་འགྲུལ་བ་རེ་གཉིས་ལ།།
གཏམ་གླེང་འུར་སྐྱེད་ཕོ་ཚོད་ཤེད་ཀྱང་ངོམ།།
སྐབས་རེར་གྲོགས་བསྒྲིགས་བདུད་རྩི་ཆང་བཞེས་ཤིང་།།
སྣ་ཚོགས་མི་ཡི་རྣམ་རྟོག་མེ་ཡང་བུས།།

ད་བར་ཅུང་ཟད་ངལ་ཞིང་དུབ་པ་བྱུང་།།
མི་ཚེ་ལོ་ཟླའི་ནང་དུ་ཁངས་སྐྱ་འཚུབ།།
མ་ངེས་སྐྱོ་གདུང་མཚོན་པའི་དུས་ཚོད་དག།
རང་ཉིད་བ་སྤུའི་ཁུང་བུར་ཚང་བཅས་ཤིང་།།
རྩྭ་རྣམས་སྐྱེས་ནས་དར་མའི་ལང་ཚོ་རྙེད།།
བྱེའུ་རྣམས་འཕུར་ནས་སྐྱེད་ཚལ་གཞན་དུ་སོང་།།
འབུ་རྣམས་རང་སྤྱིལ་ཁང་བར་དྲོད་ཀྱང་བསུས།།

ད་ཚོད་ང་རང་གཅིག་པུས་ནགས་ཚལ་དུ།།
སྐྱེ་འཆིའི་མདའ་མོ་བཟུང་ནས་རི་དྭགས་རྔོན།།
དེ་བཞིན་སྙན་ངག་མཛའ་མོར་བརྩེ་འཕྲིན་གྱི།།
ཤོག་བྱ་གཏོང་བའི་དུས་ཚོད་མིན་སྲིད་པས།།
མཚན་རྒྱབ་རྟ་བཞོན་ལམ་རྒྱག་ཚགས་ཚུད་ནས།།
གནས་འདི་བསྐྱུར་ནས་ངེས་མེད་ཕྱོགས་གཞན་འགྲོ།།

2019 6 3

མི་ལོ་ཉི་ཤུའི་རྗེས་སུ།

 

སྙན་ངག་འདི་ནི་རང་དང་ན་མཉམ་གྱི་གྲོགས་པོ་ཡོང་ལ་ཕུལ།

མི་ཚེའི་ལ་ཐུར་མང་པོར་བརྒྱུགས་བརྒྱུགས་ནས།།
ད་ནི་ཚེ་ཡི་ཉི་མའི་ཕྱེད་ཙམ་ཐོན།།
འཁོར་བའི་གྲུ་ཁྱེམ་མང་པོ་བསྐོར་བསྐོར་ནས།།
ད་ནི་ཕོ་ལོ་ཉི་ཤུའི་སྐས་ཐེམ་འབྱོར།།
ད་བར་ན་ཚོད་ཅིག་གིས་རྐྱེན་ཡིན་ནམ།།
གཅིག་པུར་ལྷིང་འཇགས་འཚོལ་བར་དགའ་བ་དང་།།
མཚམས་རེར་འདས་སོང་ལོ་ཟླའི་གྱང་ངོས་སུ།།
ཕྱིར་དྲན་སུག་བྲིས་མང་པོ་བགྱི་བ་ཡང་།།
སེམས་ངལ་གསོ་བའི་སྟེགས་བུ་ཇི་བཞིན་དུ།།
ཡིད་ཀྱི་གདུང་བ་སེལ་བའི་གྲོགས་དང་འདྲ།།

མི་རྣམས་ཕལ་ཆེར་གཞོན་དུས་ཡལ་ཙམ་ནས།།
འདས་དོན་ལ་ཤས་བརྗེད་མེད་སྙིང་ཐུབ་ཀྱི།།
གཏམ་གྱི་དྭངས་མ་ཇི་བཞིན་སེམས་ངོགས་སུ།།
ཡང་ཡང་འཆར་བའི་ངང་ཚུལ་འདི་ཀོ་ནི།།
ཆོས་ཉིད་བདེན་པའི་གཤིས་ལུགས་ཡིན་ནམ་མམ།།

འུ་ཅག་ལས་ཀྱིས་སྡོང་མགོར་གཅིག་ལ་མཛོམས།།
སོ་སོའི་དགའ་སྡུག་གོང་བ་བསྟན་རེས་བྱས།།
སླར་ཡང་འདི་ལས་སྡོང་མགོ་གཞན་ཞིག་འཕུར།།
སོ་སོའི་འགྲོད་ལམ་ཕྱིར་མིག་ཐེངས་གཅིག་འཕེན།།
མི་རྟག་བ་མོ་ད་ཡོད་ད་མེད་རེད།།
མི་ཚེ་ཉི་མ་དེ་དང་དེ་བཞིན་རེད།།
སྣང་བ་གཙང་ཞིང་ལོ་ཡང་ཆུང་དུས་སུ།།
སྐྱིད་ན་དེས་ཆོག་སེམས་ངལ་གཞན་ཅི་ཡོད།།

འོན་ཀྱང་ད་ཚོད་རྒ་བའི་གྲོང་སྣེར་ཐོན།།
ཚུལ་འདིར་སུ་མི་མགྱོད་ཀྱང་མགྱོད་དགོས་མེད།།
བློ་ཕམ་ཡིད་ཆད་ཙམ་གྱིས་ཅི་ཞིག་ནུས།།
དེ་བས་འཁོར་བའི་ནགས་ཀླུང་སྟུག་པོའི་འགྲམ།།
སྨྱུག་མའི་གླིང་བུ་འབུད་བཞིན་ངལ་ཞིག་གསོ།།

2019 11 2

ང་ཡི་རྟ་ཕོ།

 

ང་ཡི་རྣམ་རྟོག་རྟ་ཕོ་མཐུར་ཡན་གྱིས།།
འཆར་ཡན་རི་དྭགས་བྱེ་བ་ཐང་ནས་བདས།།
རྨིག་བཞི་གོར་མོ་ཐྲིག་ཐྲིག་རྡུང་བ་ཡིས།།
མེ་ཏོག་བུང་བ་དཀྲོགས་ཤིང་ཟེའུ་འབྲུ་བསྒྲུགས།།
རྔོག་ཆུང་སྤྲིན་རིས་ལང་ལོང་འཁྲིགས་པ་ལས།།
མ་ངེས་གློག་གི་ཆོ་འཕྲུལ་སྣ་ཚོགས་བསྟན།།
སྣང་བ་མཚོ་མོ་ལྡེམ་པའི་ཆུ་གཉེར་ལ།།
གཡེང་བའི་མཛེས་སྡུག་ཉི་ནུབ་བྱ་ཁྱུའི་ཚོགས།།
ལྷང་ལྷང་འཚེར་སྐད་ཅིག་གིས་གཉིད་ལས་བསླངས།།

ལན་རེར་འཁོར་བའི་ཐང་ཆེན་བརྒལ་བརྒལ་ནས།།
ངལ་བའི་དངུལ་ཆུ་གྲངས་མེད་ས་ལ་གཏོར།།
སྐབས་རེར་སྲིད་པའི་རི་སྒང་འགྲིམས་འགྲིམས་ནས།།
སྡུག་བསྔལ་རྔ་ཚུབ་ལན་མང་བྱེད་པ་ཡོད།།
འཚམས་རེར་ཉིན་སྲིབ་ལ་རྒྱབ་ཚུན་ཆོད་ལ།།
འདྲོགས་ནས་བདེ་སྐྱིད་སྣ་སྦྲིད་ཡང་ཡང་བྱེད།།

བདག་གིས་རྟ་འདི་རྙེད་ནས་ཡུན་རིང་འགོར།།
རང་ཚོད་ཤིང་སྒ་བསྟད་ནས་ཡུན་རིང་འགོར།།
འོས་འཚམས་ལྕགས་སྲབ་བཀོན་ནས་ཡུན་རིང་འགོར།།
ད་ནི་མི་རྒས་རྟ་ཡང་སྔོན་ཆད་བཞིན།།
རྣམ་རིག་དྭངས་པའི་ཚོད་ན་མེད་པ་འདྲ།།

2019 5 24

 

རྒྱང་རིང་།

 

ཀྱེ་ཀྱེ་ན་ཚོད་ཕྲ་བའི་གཞོན་ནུ་ལགས།།
དུས་ཚིགས་འདི་ཡི་མིང་ལ་དགུན་ཁ་ཟེར།།
དགུན་ཁ་ནང་སེམས་འཁྱག་པའི་གོ་དོན་ཡིན།།
འཁྱགས་རུམ་སྔོན་པའི་སྟེང་གི་རྡོ་བ་དག།
ང་ཡི་སྙན་ཚིག་ནང་གི་རྒྱང་རིང་བཞིན།།
སྙིང་དུ་སྡུག་ཀྱང་སྙིང་གི་རྨ་ཁར་མཚུངས།།

ང་ཡི་སྙན་ཚིག་ནང་ནས་རྟག་པར་དུ།།
རྒྱང་རིང་རྒྱང་རིང་ཞེས་ཏེ་ཡང་ཡང་བོས།།
རྒྱང་རིང་རྒྱང་རིང་ཞེས་པ་རྒྱང་རིང་གི།
གནམ་སའི་མཐའ་དང་གངས་རིའི་རྒྱབ་ལ་ཟེར།།
ད་བར་ང་ལ་དབང་བ་ཅི་ཡང་མེད།།
ཅི་ཡང་མེད་པའང་མིན་དེ་རྒྱང་རིང་གི།
འཇིག་རྟེན་བློས་བསླངས་བྱེད་པའི་སེམས་སྐྱེད་ཡོད།།

སེམས་ཉིད་སྐད་ཅིག་དེ་ཡི་བཞུར་རྒྱུན་དང་།།
བསྡོངས་བའི་སྒྲ་དང་དབྱངས་ཀྱི་ཟིལ་བ་དེ།།
ང་ཡི་སྨོན་པའི་དར་ལྕོག་སྒྲོན་རོགས་ཡིན།།
ང་ཡི་ཡིད་ཀྱི་གདུང་བ་སེལ་རོགས་ཡིན།།

2019 12 9

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1059