(ཕ་ཡུལ་ནི།  ངའི་ཆེས་མཐའ་མཇུག་གི་དུར་ཁྲོད་ཡིན།

 

དུར་བྱང་།

 

 

ལོ་མ་ལྟ་བུའི་ཚེ་སྲོག་འདི་འཇིག་ཉིན་ནས།

ཕ་ཡུལ་གྱི་ལྟེབས་ཁུགས་ལ་བདག་གི་རྣམ་ཤེས་ལ་སིམ་ངེས་ལ།

ལོ་ཟླས་ཁུར་བའི་ངའི་ཡབ་མེས་ཀྱི་རུས་པ་དང་ཤ་ཁྲག

སྒྲུང་འཆད་མི་ཤེས་པའི་བྱིས་པ་དག་གིས་རྐང་བ་ཆུང་ཆུང་འདིས།

ཅི་ཞིག་དྲུད་ནས་འོང་ལ་གང་ཞིག་བསུབ་འགྲོ་ཨང་།

ཕ་ཡུལ་གྱིས་བསླངས་པའི་རེ་སྒུག་གི་རྨ་ཁ་འདི་ཇི་འདྲའི་ཟབ།

ཆུང་འདིས་ཀྱི་མཛའ་གཞས་རྩྭ་ཐང་གིས་སྲུང་ན་སྨོན་མཁན།

ང་གཅིག་པུ་མིན་ཡང་།  སྒལ་ཚིགས་ནི་ཁ་བ་ནང་བཞིན་འཐོར་འོང་།

འཁྲེང་ཞེན་གྱི་མིག་ཀོང་དུ་འཁྱིལ་བའི་ལུག་ཁྱུ་དང་སྦྲ་ནག་དེ་དག

བདག་གི་སེམས་ཀྱི་ཟབ་སར་ལྷུང་འོང་།

ཕ་ཡུལ་དང་གྱེས་ནས་ཡུར་གྱར་གྱི་ལོ་ཟླ་དེ་དག་ལ།

རེ་ཞིག་སྨྲ་བ་མེད་པར་ནང་སེམས་སུ།

དབུལ་ཕོངས་ཀྱི་མེ་ཏོག་ཚོམ་བུ་ཚོམ་བུ་བཞད།

 

                  2019.11.5.ལ་བྲིས།

                                   2019.11.14.བསྐྱར་དུ་བཅོས།

 

 

                མི་འཇིགས་པའི་གླུ།

 

 

ང་ཚོ་ལ་སྙིང་རྩིད་ཡོད་པ་ཧ་ལས་དགོས་དོན་མེད་དེ།

ཁྲག་རྩའི་སྦུབས་སུ་མཐོ་སྒང་གི་རིག་གནས་དང་།

བག་ཆགས་དག

ཏིལ་ལ་ཏིལ་མར་གི་ཚུལ་གྱིས་གནས་འདུག་པས།

དེ་ཡི་སྦྱིན་རླབས་ཨེ་ཡིན་འདོད་སོང།

གངས་འདབས་ན་འཚོ་སྡོད་བྱེད་ཀྱིན་པའི།

མི་སེར་གྱི་སེམས་གཙང་དོན་ནི།

རྒྱང་རིང་ན་ཡོད་པའི་ཨ་ཇོ་ལགས་ཀྱི།

འཇམ་མཉེན་གྱི་ཕྱག་ཟུང་གིས།

འཚེ་མེད་ཞི་བའི་འདབ་མ་མཐོ་སྒང་ན་གྲོལ་བས།

དེ་ཡི་སྦྱིན་རླབས་ཨེ་ཡིན་སྙམ་སོང་།

 

    ཕྱིར་ཡོང་མེད་པ་དེ་དག

 

 

ཤབ་ཤུབ་ཏུ།

ཁྱོད་ཀྱི་མཆུ་སྒྲོས་འཁྱག་པ་དེས།

སེམས་ཆུང་དགོས་ང་ལ་སྙིང་ཉེ་ཞེས་ལབ་མི་དགོས།

ཁྱོད་ཀྱི་ཕྱོགས་སུ་འཚེར་བའི་སེམས་པ་དེ།

ནག་ཐིག་ཞིག་ལྟར་འོད་སྣང་དེ།

རིམ་གྱིས་མི་སྣང་བར་གྱུར་སོང་།

ད་ནས་བཟུང།

ལས་དང་སྨོན་པ་འགྲིག་ན།

ཁྱོད་ནི་ཉི་མ་དང་ང་ནི་ཟླ་བ་རུང་ངོ།

སྲིད་པ་ཆགས་ནས་ཚུན་ཆོད།

གཡས་དང་གཡོན་དུ་གནས་ན་ཡང་།

སྐྱེ་བ་འདིའི་བར་ཐག་གིས།

ཁྱོད་དང་ཉེ་བར་བཅར་ཐབས་མི་འདུག་པས།

མི་ཚེ་གང་བོར་ཐུག་འཕྲད་མེད་པར་ཆགས་སོང་།

2019.12.6.སུའུ་ཀྲུའུ་གྲོང་ཁྱེར་ནས།

 

  ཉིན་གཅིག་གི་ཕྱི་དྲོ།

 

 

སེམས་ཚེགས་ཀྱི་གདུང་བ་ཁུར་ཏུ་ལྕི་བའི།

མངོན་སུམ་དང་རྨི་ལམ་མ་ཡིན་པའི།

གསོབ་གསུགས་སུ་སྣང་བའི།

མི་སེམས་འགུགས་པའི་མཛེས་སྡུག་གི་བསླུ་བྲིད།

འཕྲོ་འདུ་རྒོད་པའི་ཉིན་གཅིག་གི་ཕྱི་དྲོ།

ང་ལ་གསལ་ཆ་དེ་ཙམ་མེད་ན་ཡང་།

འཕལ་ཀ་མི་འཕྲོད་པའི་མི་སོ་སོའི་སྙིང་།

ཚུལ་འཆོས་དང་ཟོལ་ཟོག་གི་སྐྱ་འཐབ།

ནང་སེམས་སུ་དྲི་བ་མང་པོས་ཁེངས།

འཚོ་གནས་ཀྱི་དཀའ་ཁག་འཕྲད་པའི་སྙན་ངག་པ།

ནམ་ཡང་དཔའ་ཞུམ་པ་མེད་པའི་ཡུར་གྱར་བའི་སེམས།

                                           2019.12.10.ཉིན་ལ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1049