མ་འོངས་པའི་དགུན་ཁ།
ཀླད་ཁུ།
ཁྱོད་ནི་མཚོན་བྱེད་མེད་པའི་དབྱར་ཁ་ཞིག་རེད
ངས་མེ་ལོང་ནང་གི་རང་ཉིད་ལ་དེ་ལྟར་བརྗོད་རྗེས
ན་ཟུག་ཐམས་ཅད་ཀྱི་གཏིང་ལ་ནུབ་པའི་ཚེར་མ་རིང་མོ
བདེ་སྐྱིད་ཀྱི་ས་བོན་དུ་བཏབ་པར་བྱས་ཡོད
མི་སྡུག་པའི་རི་ཁྲོད་ན་ལུས་པའི་ཕུགས་བསམ་ཐམས་ཅད
དགུན་ཁ་གཅིག་པུར་ལས་ནམ་མཁའ་ལ་ཁྱབ
དེ་རྗེས་ང་རང་དུས་ཚོད་ཀྱིས་བཙོན་ལ་བཅུག
ན་ཚོད་རྒས་ཟིན་པའི་དགུན་ཁ་དེར
ང་རང་ཕོ་ལོ་བརྒྱད་ཅུ་ལ་ཏག་ཏག་བུད་ཡོད་ངེས
ངས་བྲིས་ཟིན་པའི་སྙན་ངག་རྣམས་ཆུ་ལ་གཡུགས་ཏེ
ང་རང་ཆུ་བོ་འཁྱགས་ཀྱིས་སྡོམ་པ་ཞིག་ལ་གྱུར་ཡོད་ངེས
ངའི་སེམས་པ་དེ་ཡང་དེའི་གཏིང་དུ་ལུས་ཡོད་ངེས
ཁ་སྤུ མིག་མདངས
མི་ཞིག་ལ་བཤད་པའི་བརྩེ་དུང་གི་སེམས་ངོ
འཁྱགས་རོམ་དེའི་གཏིང་ནས་གཏིང་ལ་ལུས་ཡོད་ངེས
ངས་སུ་གཅིག་ལ་དགོངས་དག་མི་ཞུ་བར
རང་ཉིད་ཀྱི་གློ་གཅོང་ནད་དེ་མིའི་རིགས་ལ་ཁྱབ་པར་བྱས་ཏེ
རང་གི་གྲིབ་མ་ནང་འགུལ་བཞིན་པའི་སྲིན་འབུ་རྣམས
རེ་རེ་ནས་གསོད་གཏུབ་ཁྲག་སྦྱོར་གྱི་ལས་ལ་རོལ་ངེས།
མེ་ལོང་གི་གཏིང་ལ་ལོག་པ།
ལོ་ཟླ་ལ་བཙོས་སྦྱོར་བྱས་པའི་ལང་ཚོ
མཚན་ནམ་ལས་སྐར་ཚོགས་ཀྱི་ཕང་བར་ལྷུང
རྒྱ་མཚོ་ཆེན་མོའི་གཉེར་མ་འདར་ཙམ་གྱིས
ཞོགས་པའི་སྐྱ་རེངས་མེ་མདའ་ལས་ཕྱི་ལ་ཤར་བྱུང
དེ་དུས་ཁཱོ་ཧྥེ་འཐུང་བའི་བུད་མེད་དེ
ངའི་ཡིད་ལ་ཤར
བུ་མོ་དེ་སྔོན་ཆད་ཆང་མ་ཞིག་ཡིན་ན་ཡང
མེ་ལོང་ལས་མོ་རང་ཁཱོ་ཧྥེ་ལ་དགའ་མཁན་ཞིག་རེད
དཔེར་ན་རྒྱ་སེར་མེ་ཏོག་གིས་ཚོས་མདོག་ལ་ཕབ་པའི
ཆེས་མཐའ་མའི་བརྩེ་དུང་གླུ་པ་དང
དེས་ནམ་རྒྱུན་ཕྱི་རོལ་ལ་བཏང་པའི་གླུ་དབྱངས
ཁོ་རང་མཚན་སྙན་ཅན་དུ་ཆགས་པའི་རྐྱེན་ཡིན་པ་ལྟར་རོ།།
རོ་སྒམ་ངོས་ཀྱི་སྒྱུ་མའི་རི་མོ་དེད་པ།
རྟ་དང་རྟེའུ་གཉིས་ལ་ཆེ་ཆུང་ཡོད་པ་ལྟར་འོད་སྒོར་མོ་ཞིག་སྟེང་དུ་འགུལ
འགུལ་གྱིན་འགུལ་གྱིན་མེ་ཏོག་གི་འདབ་མ་ནག་པོར་གྱུར
ཆུ་རིས་ནང་དུ་བཅུག་པའི་བདག་གི་འཆི་བའི་ཐག་པ
རྟ་དང་རྟེའུ་གཉིས་ཀྱིས་དྲུད་ནས་རྒྱང་ལ་འགྲོ
ཡིན་ན་ཡང
ཡིན་ན་ཡང
ད་ཐག་རིང་པོ་མེད་པར་ང་རང་འགྲོ་རན་སོང་།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1001
དཔྱད་མཆན་སྤེལ།