ཤེར་ཕྱིན་མངོན་རྟོགས་རྒྱན་ལས་བསྟན་པའི་རིགས་ལ་དཔྱད་པ།

               རྨོག་ཐང་དཀར།

 

ནང་དོན་གནད་བསྡུས། 

 

མདོ་ཕར་ཕྱིན་ཐེག་པའི་ལུགས་སུ་གཞི་རྒྱུད་བདེ་གཤེགས་སྙིང་པོ་དེ་གསལ་སྟོང་ཟུང་དུ་འཇུག་པའི་གཤིས་སུ་སོན་པའི་དོན་དམ་པའི་ཆོས་ཉིད་གང་ཞིག   འབྲས་དུས་ཀྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་རྟེན་དུ་གྱུར་པའི་ཚུལ་དེ་སྒྲུབ་བྱེད་ཀྱི་རྒྱན་དང་བཅས་ཏེ་བརྗོད་པ་ལ་འབད་ཡོད།

 

དེ་ཡང་སྤྱིར་རིགས་ཀྱི་ངོ་བོ་འཇོག་ཚུལ་ལ་རང་སྡེ་གྲུབ་མཐའ་བཞི་པོའི་བཞེད་ཚུལ་མི་འདྲ་སྟེ། ཉན་ཐོས་བྱེ་བྲག་སྨྲ་བའི་ལུགས་ནི། འདུལ་བ་དང་མངོན་པ་མཛོད་རྩ་བ་དང་དེའི་རང་འགྲེལ་རྣམས་དང་།  [མཛོད་འགྲེལ་མངོན་པའི་རྒྱན།ལྡེབ། (522) སོགས་སུ་བཤད། མདོ་སྡེ་པའི་ལུགས་ནི། རྒྱལ་པོའི་སྲས་ཀྱིས་མདོ་སྡེ་པ་དག་གི་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། ཞེས་སོགས་བཤད་པ་དང་། སེམས་ཙམ་པའི་ལུགས་ནི། གཞན་རྣམས་སུ་ཀུན་གཞི་འདོད་པ་དང་མི་འདོད་པའི་ལུགས་ཕྱེས་ནས་དཔལ་འཕྲེང་སེང་གེའི་ང་རོའི་མདོ་དང་བསྡུ་བ་བཅས་ཁུངས་སུ་བྱས་ཏེ་བཤད་པ་དང་། [མདོ་སྡེ་རྒྱན་འགྲེལ། ལྡེབ། (35) སོགས་སུ་ཡང་བཤད་ཡོད། འདིར་སྐབས་དོན་དབུ་མ་པའི་འདོད་པ་ལྟར་ན། སྡོང་པོ་བཀོད་པའི་མདོ་ལས། * ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན་ནོ།། ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་།། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།། ཞེས་དང་། མངོན་རྟོགས་རྒྱན་ལས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། རིགས་ནི་ཐ་དད་རུང་མ་ཡིན།། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི་དབྱེ་བ་ཡོངས་སུ་བརྗོད།། ཅེས་པ་སོགས་ཀྱིས་རིམ་པ་བཞིན་རིགས་ཀྱི་ངོ་བོ་དང་རིགས་ཀྱི་སྒྲུབ་བྱེད་དང་། རིགས་ཀྱི་རྩོད་པ་དང་ལན་སོགས་བསྟན་པ་ནི་དམ་བཅའི་ཁུངས་ཡིན་ནོ།། དེ་ལ་འདིར་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོ་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་།། གཉེན་པོ་དང་ནི་སྤོང་བ་དང་།། དེ་དག་ཡོངས་སུ་གཏུགས་པ་དང་།། ཤེས་རབ་སྙིང་བརྩེར་བཅས་པ་དང་།། སློབ་མ་ཐུན་མོང་མིན་ཉིད་དང་།། གཞན་གྱི་དོན་གྱི་གོ་རིམ་དང་།། ཡེ་ཤེས་རྩོལ་བ་མི་མངའ་བར།། འཇུག་པའི་རྟེན་ལ་རིགས་ཤེས་བྱ།། ཞེས་པ་ལས་བསྟན་པའི་རྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་རྟེན་དུ་གྱུར་པའི་རིགས་ལ་ཅུང་ཟད་དཔྱད་པ་ལ། རིགས་ཀྱི་ངོ་བོ་དང་། རིགས་ཀྱི་དབྱེ་བ། རིགས་སུ་འགྱུར་ཚུལ།ཁྱད་པར་གྱི་ཆོས་དང་བཅས་ས་བཅད་བཞི་ལས། དང་པོ་ནི། དྲི་བཅས་སེམས་ཀྱི་ཆོས་ཉིད་དེ་རིགས་ཀྱི་མཚན་ཉིད་ཡིན་ཞིང་། དེ་ཡང་དྲི་མ་དང་དེ་བཅས་ཚུལ་དང་། ཆོས་ཅན་སེམས་དང་ཆོས་ཉིད་བཅས་ཀྱི་དོན་རྣམས་གང་ཞེ་ན། སྤྱིར་ཆོས་ཉིད་མཐའ་དག་རིགས་མིན་པར་ཆོས་ཅན་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་དེ་ཉིད་རིགས་སུ་འདོད་དགོས་པའི་སྒྲུབ་བྱེད་ནི། བདེ་གཤེགས་སྟོང་ཐུན་སེངྒེའི་ང་རོ་ལས། སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་གློ་བུར་གྱི་དྲི་མས་སྦུབས་སུ་བྱས་ནས་མི་མངོན་ཡང་བཅུད་དམ་དབུས་ན་སྙིང་པོའི་ཚུལ་གྱིས་གནས་པ་ལ་རིགས་སམ་སྙིང་པོ་ཞེས་བརྗོད་དེ། དཔེར་ན་ས་འོག་གི་གཏེར་ལ་སོགས་པའི་དཔེ་དགུས་མཚོན་ནས་ཤེས་པར་བྱ་བར་གསུངས་སོ།། ཞེས་གསུངས་པའི་ཕྱིར་རོ།།དྲི་མ་ནི་སྒྲིབ་པ་སྟེ་ཉོན་ཤེས་ཅི་རིགས་ལ་བྱ་སྟེ། སོ་སྐྱེས་དང་མ་དག་ས་བདུན་ལ་གནས་པའི་བྱང་སེམས་ཀྱི་རིགས་ནི་སྒྲིབ་པ་གཉིས་པོས་བསྒྲིབ་ཡོད་ཅིང་། དག་ས་གསུམ་ན་ཉོན་མོངས་པའི་སྒྲིབ་པ་མེད་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཁོ་ནས་བསྒྲིབ་པ་དང་བཅས་པ་ཡིན་པའི་ཕྱིར་རོ།།  དེ་འདྲའི་དྲི་མ་དེ་བཅས་ཚུལ་ནི་ཆོས་ཉིད་རང་ངོས་ནས་སྐྱོན་ཀུན་ཟད་ཡིན་པས་དྲི་མས་གོས་པ་མེད་དེ།  གྲུབ་མཐའ་མཛོད་ལས། སྔར་ཡོད་ཀྱི་ཡོན་ཏན་མངོན་པ་ལ་བྱང་ཆུབ་ཏུ་བརྗོད་ཀྱང་།གསར་དུ་སྐྱེས་པ་མ་ཡིན་ནོ།། དེའི་ཕྱིར་དབྱིངས་སམ་སྙིང་པོའི་ངོ་བོ་ལ་ལྟོས་ནས་དྲི་མ་དང་སྐྱོན་གྱི་དངོས་པོ་རྣམ་པར་དབྱེ་བ་དང་བཅས་པའི་མཚན་ཉིད་ཀྱིས་སྟོང་ལ། ཡེ་ནས་རང་ཆས་སུ་ཡོད་པའི་ཡོན་ཏན་གྱིས་མི་སྟོང་སྟེ། ཞེས་རྒྱུད་བླ་མ་ཁུངས་སུ་དྲངས་ཏེ་གསུངས་པའི་ཕྱིར་རོ།། དེས་ན་གང་དྲི་མ་དང་བཅས་པ་ནི་ཆོས་ཅན་སེམས་དེའོ།། ཆོས་ཅན་སེམས་དེ་ནི་སྒྲིབ་པ་གཉིས་པོ་དང་མ་བྲལ་བར་སྒྲིབ་པའི་ངོ་བོ་དང་དེའི་དབང་དུ་སོང་བའི་སྒོ་ནས་རྣམ་པར་གནས་པའི་ཕྱིར། སྒྲིབ་པ་གཉིས་ཀྱི་རྩ་བ་མ་བཅད་པར་གང་ཟག་དེའི་རྒྱུད་ཀྱི་རིགས་མངོན་དུ་འགྱུར་བ་ལ་བར་དུ་གཅོད་པ་སྟེ། རིགས་མངོན་དུ་གྱུར་པ་ན་དྲི་མ་དེ་དག་ལམ་གྱི་སྤང་བྱར་གྱུར་པའི་ཕྱིར་རོ།། དེས་ན་རིགས་རང་གི་ངོ་བོའི་ཆ་ནས་དྲི་མ་ལྡན་པ་མེད་པར་བསྒྲིབ་བྱ་སྒྲིབ་བྱེད་ཀྱི་ཚུལ་དུ་ལྡན་པ་ཙམ་དང་། ཡོན་ཏན་ནི་རིགས་ལ་ངོ་བོའི་སྒོ་ནས་ལྡན་པ་སྟེ། གྲུབ་མཐའ་མཛོད་ལས། དེ་ལྟ་བུའི་རིགས་ལ་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་ཇི་ལྟར་ལྡན་ཞེ་ན།འཁོར་བའི་ཆོས་ནི་ཉི་མ་ལ་སྤྲིན་ལྟར་བསྒྲིབ་བྱ་སྒྲིབ་བྱེད་དུ་ལྡན་ལ། མྱ་ངན་ལས་འདས་པའི་ཆོས་ནི་འོད་ཟེར་ལྟར་ངོ་བོ་གཅིག་པར་ལྡན་པ་ཡིན་ཏེ། རེ་ཞིག་རྟེན་དབྱིངས་དེ་ལ། བརྟེན་པ་འཁོར་བའི་ཆོས་དྲི་མ་དང་བཅས་པ་ཉིད། གཉེན་པོས་བསལ་བ་ན་མྱ་ངན་ལས་འདས་པའི་ཆོས་མངོན་པར་གྱུར་པའི་ཚུལ་ལོ་ཞེས་ཤེས་པར་བྱའོ།། ཞེས་སོ།། རིགས་མངོན་དུ་གྱུར་ཚུལ་ཡང་ཆོས་ཉིད་དེ་མངོན་སུམ་དུ་རྟོགས་པ་ཙམ་མིན་པར་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་པ་ལྟར་འབྲས་དུས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཏེ་ངོ་བོ་ཉིད་སྐུ་མངོན་དུ་བྱས་པ་ལ་བྱའོ།། ཆོས་ཅན་སེམས་ནི་རིགས་རྒྱུད་ལྡན་གྱི་གང་ཟག་དེའི་ཤེས་རྒྱུད་ལ་འདོད་དེ། རྫས་རྒྱུན་ཕྱི་མ་ཡེ་ཤེས་ཆོས་སྐུ་སྟེ་རྣམ་མཁྱེན་གྱི་ངོ་བོར་འཕོ་རུང་གི་རྒྱུན་མཐའ་མན་ཆད་ཀྱི་ཤེས་རྒྱུད་ལ་བྱའོ།། འདི་ལ་སེམས་དང་སེམས་བྱུང་གི་དབྱེ་བ་ཕྱེས་ཏེ་སོ་སོར་འཇོག་པ་དང་། གང་ཟག་གཅིག་གི་རྒྱུད་ཀྱི་སེམས་རེ་རེའི་ཆོས་ཉིད་ཐ་དད་དུ་བཞག་ནས་རིགས་སུ་འདོད་པ་ནི་མིན་ཏེ། ཆོས་ཅན་སེམས་རང་གི་ངོ་བོས་སྟོང་པའི་ཆོས་ཉིད་མངོན་དུ་བྱས་པ་ན། སེམས་ཀྱི་འཁོར་བྱུང་སེམས་བྱུང་གི་ཆོས་ཉིད་གཟོད་དུ་བསྒྲུབ་དགོས་པ་མི་དམིགས་པའི་ཕྱིར་དང་། གང་ཟག་གཅིག་གི་རྒྱུད་ལ་རིགས་དུ་མ་ཡོད་པར་ཐལ་བའི་ཕྱིར་ན་ཚིག་གི་འཁྲི་བ་དེ་དག་བཅད་དེ་ཆོས་ཅན་སེམས་ནི་གང་ཟག་གི་ཤེས་རྒྱུད་ལ་བཞག་ནས་དེའི་ཆོས་ཉིད་གསལ་སྟོང་ཟུང་དུ་འཇུག་པའི་ངང་ཚུལ་ལ་འདོད་དགོས་པ་ཡིན་ནོ།། གཞན་ཡང་། རིགས་དེ་ནི་རྒྱུན་མཐའ་མན་ཆད་ཀྱི་རྒྱུད་ལ་ལྡན་པ་ཁོ་ན་སྟེ་སངས་རྒྱས་ཀྱི་རྒྱུད་དུ་གནས་པ་ལ་མི་བྱ་བའི་སྒྲུབ་བྱེད་ནི། གྲུབ་མཐའ་མཛོད་ལས། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ནི། དྲི་མ་དང་བཅས་པའི་དུས་ན་རིགས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་ལ། དྲི་མ་དང་བྲལ་བའི་ཚེ་བྱང་ཆུབ་བམ་དེ་བཞིན་གཤེགས་པ་ཞེས་བྱ་བའི་རང་བཞིན། ཞེས་གསུངས་པའི་ཕྱིར།  སངས་རྒྱས་ཀྱི་རྒྱུད་ཀྱི་ཆོས་ཉིད་དེ་ངོ་བོ་ཉིད་སྐུར་འཇོག་པ་ལས་རིགས་མ་ཡིན་ཏེ། རིགས་ནི་སངས་རྒྱ་བའི་རྟེན་དུ་གྱུར་པའི་ས་བོན་ལ་འཇོག་དགོས་པའི་ཕྱིར་རོ།། དེ་ལ་ཁ་ཅིག་ན་རེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་།། ཤིན་ཏུ་རྣམ་དག་གོ་རིམ་བཞིན།། སེམས་ཅན་བྱང་ཆུབ་སེམས་དཔའ་དང་།། དེ་བཞིན་གཤེགས་པ་ཞེས་བརྗོད་དོ།། ཞེས་རིགས་ཀྱི་གནས་སྐབས་ཀྱི་དབྱེ་བ་འཆད་པའི་སྐབས་སུ། དེ་བཞིན་གཤེགས་པའི་རིགས་ཞེས་བཤད་པས་སངས་རྒྱས་ཀྱི་སར་རིགས་འཇོག་གོ་ཞེ་ན།  དེ་ནི་ངོ་བོ་ཉིད་སྐུའམ་དབྱིངས་མཐར་ཐུག་དེ་ལ་རིགས་ཞེས་མིང་དུ་བཏགས་པ་ཙམ་ལས་རིགས་མཚན་ཉིད་པ་མིན་ཏེ།  གྲུབ་མཐའ་མཛོད་ལས། མ་དག་པ་སེམས་ཅན་གྱི་རིགས། མ་དག་པ་དག་པ་བྱང་ཆུབ་སེམས་དཔའི་རིགས། ཤིན་ཏུ་དག་པ་དེ་བཞིན་གཤེགས་པའི་རིགས་སམ་ཁམས་སོ།།དེའང་སངས་རྒྱས་ཀྱི་སར་དྲི་མ་དང་བྲལ་བས་རིགས་སམ་ཁམས་མཚན་ཉིད་པ་ལྡོག་ཀྱང་མིང་དེ་སྐད་བཏགས་པ་མི་འགལ་ཏེ། དེ་ཉིད་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་།། ཞེས་བཤད་པའི་ཕྱིར་རོ།། ཞེས་གསུངས་པ་ལྟར་རོ།།  ཆོས་ཉིད་དེ་ཡང་དགག་བྱས་སྟོང་ཙམ་མ་ཡིན་པར་འོད་གསལ་བའི་ཆ་དང་བཅས་པ་ལ་འཇོག་དགོས་པའི་ཕྱིར་ཏེ། ཆོས་ཉིད་ལ་སྟོང་ཆ་དང་གསལ་ཆ་གཉིས་ཟུང་འཇུག་གི་ཚུལ་དུ་གྲུབ་པའི་ཕྱིར། དེར་ཐལ། གྲུབ་མཐའ་མཛོད་ལས། སྔར་བཤད་པའི་ཀུན་ཁྱབ་འོད་གསལ་བ་དེ་ནི་སྣང་སྟོང་གི་དབྱེ་བས་གཉིས་སུ་བཤད་དེ། དབྱིངས་སྟོང་པ་ནི་ཆོས་སྐུ་ངོ་བོ་ཉིད་སྐུའི་བྲལ་རྒྱུ་རྟེན་ཡིན་ལ། ཡེ་ཤེས་སྣང་བ་རང་འོད་མཚན་དཔེ་དང་བཅས་པ་ནི་བརྟེན་པ་གཟུགས་སྐུ་གཉིས་ཀྱི་བྲལ་གྱུར་གནས་པ་སྟེ། ཞེས་དང་། མདོ་སྡེ་རྒྱན་འགྲེལ་ལས་ཀྱང་། མཐར་ཐུག་གི་དོན་དུ་རང་བཞིན་གནས་རིགས་སེམས་ཀྱི་ཆོས་ཉིད་གསལ་སྟོང་ཟུང་འཇུག་གི་གནས་ལུགས་ལ་བྱེད་པ་རྒྱུད་བླ་མར་རྒྱ་ཆེར་གསུངས་པ་བཞིན་ནོ།།ཞེས་སོ།། གཞན་ཡང་སྡུད་པ་རྒྱན་སྦྱར་ལས་ཀྱང་། སྣང་ཆ་རྟོགས་པ་ཡེ་ཤེས་ཀྱི་རང་བཞིན་སྟོབས་ལ་སོགས་པ་ཟག་པ་མེད་པའི་ཆོས་དང་། སྟོང་པ་དབྱིངས་ཀྱི་ཆ་ཡེ་ནས་འདུ་འབྲལ་མེད་པ་སྣང་སྟོང་ཟུང་འཇུག་གི་ཆོས་ཉིད་གློ་བུར་གྱི་དྲི་མས་དག་པ་མངོན་དུ་གྱུར་པའི་བདག་ཉིད་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་ཡིན་ནོ།། འདི་དབྱིངས་སྟོང་རྐྱང་གི་ཆ་ཙམ་མིན་ཏེ། གཞི་དུས་ནའང་སྟོང་རྐྱང་གི་ཆ་ཙམ་ཆོས་ཉིད་མཐར་ཐུག་པ་མིན་ལ། འབྲས་དུས་ནའང་དེའི་ཆ་ཙམ་སངས་རྒྱས་མིན་ཏེ་མེད་པར་དགག་པ་ཙམ་ལ་མཁྱེན་པ་སོགས་སངས་རྒྱས་ཀྱི་ཡོན་ཏན་རྡུལ་ཙམ་མེད་པར་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་པ་ལྟར་དོན་ལ་གནས་ཤིང་། ཞེས་གསུངས་པའི་ཕྱིར་རོ།། དེ་ལྟ་བུའི་ཆོས་ཉིད་དེ་ནི་ངོ་བོ་འདུས་མ་བྱས་གསལ་སྟོང་ཟུང་དུ་འཇུག་པའི་དོན་དམ་པའི་བདེན་པ་ཡིན་ཞིང་། དེ་མངོན་དུ་གྱུར་པའི་ཚེ་ཡུལ་དང་ཡུལ་ཅན་གཅིག་ཏུ་འཆར་བའང་ཡིན་ཏེ། བདེ་གཤེགས་སྟོང་ཐུན་སེངྒེའི་ང་རོ་ལས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་འདུས་མ་བྱས་དང་རྟག་པ་དམ་པར་བལྟ་བར་བྱ་སྟེ། ཐུན་མོང་ཚུ་རོལ་མཐོང་བ་ལ་བརྟེན་པའི་རིགས་པ་ཙམ་གྱིས་གཞལ་ནས་ཡེ་ཤེས་འདུས་མ་བྱས་པ་མི་སྲིད་དེ། ཤེས་པ་དང་རྟག་པའི་གཞི་མཐུན་མི་སྲིད་པས་སོ་སྙམ་པ་ནི་གྱི་ན་སྟེ། ཡུལ་ཤེས་པའི་ཤེས་པ་ཉི་ཚེ་བ་ལ་མི་རྟག་པས་ཁྱབ་ཀྱང་། ཤེས་དང་ཤེས་བྱ་རོ་མཉམ་པའི་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་*ཅན་ནི་དེ་དང་མི་འདྲ་སྟེ། འདུས་མ་བྱས་པའི་རང་གདངས་འོད་གསལ་མི་འགྱུར་བའི་ངང་དེར་འཁོར་འདས་ཀྱི་ཆོས་ཀུན་འུབ་ཆུབ་པས་ན་དེའི་ངོ་བོ་ལ་སྐྱེ་འགག་ཡེ་ནས་མེད་པར་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་གྲུབ་པའི་ཕྱིར་རོ།། ཞེས་སོ།། ཡང་དེ་ཉིད་ལས། དེ་ལྟར་མཐར་ཐུག་ཆོས་སྐུའི་ཡེ་ཤེས་དེ་ནི་སྲིད་ཞི་ཀུན་ཁྱབ་དང་མཉམ་པ་ཉིད་དང་འདུས་མ་བྱས་པ་དང། འགྱུར་མེད་དོན་དམ་པའི་རང་བཞིན་དུ་ངེས་པ་དོན་གྱི་མདོ་སྡེའི་ལུང་དང་མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ན། དེ་ནམ་ཞིག་མངོན་དུ་འགྱུར་རུང་གི་རྒྱུད་ན་ད་ལྟ་ནས་ཡེ་ཤེས་ཆོས་སྐུའི་རང་བཞིན་ཆོས་ཉིད་ཀྱི་ཚུལ་དུ་བྲི་གང་དང་བྲལ་བར་བཞུགས་པ་དེ་ཉིད་ལ། གློ་བུར་གྱི་དྲི་མ་བྲལ་མ་བྲལ་གྱི་སྣང་ཚུལ་ལ་མངོན་དུ་གྱུར་མ་གྱུར་ཡོད་ཀྱང་། གནས་ཚུལ་ལ་སྔ་ཕྱིར་བཟང་ངན་གྱི་ཁྱད་པར་ཏིལ་ཙམ་མེད་དེ། འགྱུར་མེད་འདུས་མ་བྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན།། འགྱུར་བ་མེད་པའི་ཆོས་ཉིད་དོ།། ཞེས་གསུངས་པའི་ཕྱིར་རོ།། འདིར་དཔྱད་པའི་གནས་གཞན་ཞིག་ནི། ཀ་བའི་ཆོས་ཉིད་ལ་གསལ་ཆ་ཡོད་མེད་དཔྱད་ནས། ཡོད་ན་རིགས་མིན་པའི་རྒྱུ་མཚན་དང་། མེད་ན་དགག་བྱ་བཀག་ཙམ་གྱི་སྟོང་རྐྱང་དུ་འགྱུར་བའི་ཐལ་བ་ཇི་ལྟར་སྤོངས་ཤེ་ན། ཀ་བ་དང་བུམ་པ་སོགས་ཕྱིའི་ཆོས་ཅན་གྱི་ཆོས་ཉིད་དེ་དག་དང་། སེམས་ཀྱི་ཆོས་ཉིད་གཉིས་ངོ་བོ་ཐ་དད་དུ་གྲུབ་པ་མེད་པ་དང་། འཕགས་པའི་མཉམ་གཞག་ལ་ཡང་ཀུན་རྫོབ་ཀྱི་སྣང་བ་བྲལ་ཏེ་ཆོས་ཉིད་ཀྱི་རྣམ་པ་ཁོ་ན་འཆར་བ་ལས་གཞན་མེད་པའི་ཕྱིར་སོ་སོར་བཞག་པ་ནི།མངོན་རྟོགས་རྒྱན་ལས། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི་དབྱེ་བ་ཡོངས་སུ་བརྗོད།། ཅེས་པ་ལྟར་ཡིན་ལ། དེས་ན་ཆོས་ཅན་གྱིས་བཞག་པའི་ཆོས་ཉིད་དེ་དག་གི་ངོ་བོར་གསལ་སྟོང་གཉིས་ཀྱི་ཆ་ཡོད་པ་ལ་ཁྱད་པར་ཅི་ཡང་མེད་དེ།ཐམས་ཅད་གནས་ལུགས་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཡིན་པའི་ཕྱིར་རོ།། འོན་ཀྱང་། ཀ་བ་དང་བུམ་པའི་ཆོས་ཉིད་དེ་དག་རིགས་ནི་མ་ཡིན་ཏེ། ཆོས་ཅན་ཀ་བ་དང་བུམ་པ་དེ་དག་ཡེ་ཤེས་ཆོས་སྐུར་འཕོ་བའམ། དེའི་སྟེང་དུ་འབྲས་དུས་ཀྱི་ཡོན་ཏན་མངོན་དུ་གྱུར་པའི་གནས་གྱུར་ཐོབ་པ་མི་དམིགས་པའི་ཕྱིར་རོ།། ཡོན་ཏན་ཐོབ་ཅེས་པ་ཡང་། སྔར་མེད་གསར་དུ་སྐྱེས་པ་མིན་པར། གློ་བུར་བའི་དྲི་མས་བསྒྲིབ་པའི་ཡོན་ཏན་མངོན་དུ་གྱུར་པ་ལ་འདོད་པ་ཡིན་ཏེ།  གྲུབ་མཐའ་མཛོད་ལས། དབྱིངས་སྙིང་པོ་འདིའི་ངོ་བོ་ལ་དོར་བྱའི་དྲི་མ་ཡེ་ནས་མེད་དེ་རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་མེད་པའི་ཕྱིར་རོ།། སྔར་མེད་ཀྱི་ཡོན་ཏན་ཕྱི་ནས་གསར་དུ་བསྒྲུབ་པ་མེད་དེ་ཡོན་ཏན་ལྷུན་གྲུབ་ཡིན་པའི་ཕྱིར་རོ།། དེ་ཉིད་ལས།(རྒྱུད་བླ་མ།) དག་དང་ཉོན་མོངས་དག་ལྡན་ཕྱིར།། ཀུན་ནས་ཉོན་མོངས་མེད་དག་ཕྱིར།། [དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོའི་སྐྱེ་བོའི་ས་ལ་ཡེ་ཤེས་རྣམ་པར་དབྱེར་མེད་པར་ཆོས་ཉིད་སྔ་ཕྱིར་ཁྱད་པར་མེད་པར་ཡོད་པའི་གནས་འདི་བསམ་གྱིས་མི་ཁྱབ་སྟེ་ཞེས་འགྲེལ་བར་ཐོགས་མེད་བཤད་དོ།།] རྣམ་པར་དབྱེ་བ་མེད་ཆོས་ཕྱིར།། ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར།། ཞེས་དང་། བདེ་གཤེགས་སྟོང་ཐུན་སེངྒེའི་ང་རོ་ལས་ཀྱང་། དེ་ནམ་ཞིག་མངོན་དུ་འགྱུར་རུང་གི་རྒྱུད་ན་ད་ལྟ་ནས་ཡེ་ཤེས་ཆོས་སྐུའི་རང་བཞིན་ཆོས་ཉིད་ཀྱི་ཚུལ་དུ་བྲི་གང་དང་བྲལ་བར་བཞུགས་པ་དེ་ཉིད་ལ། གློ་བུར་གྱི་དྲི་མ་བྲལ་མ་བྲལ་གྱི་སྣང་ཚུལ་ལ་མངོན་དུ་གྱུར་མ་གྱུར་ཡོད་ཀྱང་། གནས་ཚུལ་ལ་སྔ་ཕྱིར་བཟང་ངན་གྱི་ཁྱད་པར་ཏིལ་ཙམ་མེད་དེ། འགྱུར་མེད་འདུས་མ་བྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཞེས་སོགས་ལུང་དུ་མས་གྲུབ་པའི་ཕྱིར་རོ།།  དེ་ལྟར་ངོ་བོའི་གཤིས་ལ་བསལ་བཞག་དང་བྲལ་བའི་གནས་ལུགས་དེ་ཡང་དག་པར་མཐོང་བ་ནི་གྲོལ་བ་མཐར་ཐུག་ཡིན་པའི་ཕྱིར་ཏེ། མངོན་རྟོགས་རྒྱན་དང་རྒྱུད་བླ་མ་གཉིས་ཆར་ལས། འདི་ལ་བསལ་བྱ་ཅི་ཡང་མེད།། གཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་བལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། ཞེས་གསུངས་པ་ལྟར་གནས་པའི་ཕྱིར་རོ།། དཔལ་འཕྲེང་སེངྒེའི་ང་རོའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ།། ཅེས་གསུངས་པ་ལྟར་ཐེག་ཆེན་དབུ་མ་པའི་ལུགས་ལ་ནི་རིགས་དེ་སེམས་ཅན་ཀུན་ལ་ཁྱབ་པའི་ཕྱིར་སེམས་ཙམ་པའི་འདོད་པ་ལྟར་རིགས་ཆད་པ་མེད་དེ། མདོ་སྡེ་རྒྱན་འགྲེལ་ལས། [36] སེམས་ཅན་རྣམས་ཀྱི་སེམས་ཀྱི་གཤིས་སྐྱེ་བ་མེད་པའི་རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་ཡིན་པ་ལས་འདས་པ་མི་སྲིད་དེ། དེ་ཉིད་མེའི་ཚ་བ་བཞིན་དུ་སེམས་ཀྱི་ཆོས་ཉིད་ཡིན་པས་ཆོས་ཉིད་དེ་ལྟ་བུ་སེམས་ཅན་ཀུན་ལ་མེད་མི་སྲིད་པས་གཏན་དུ་རིགས་ཆད་མེད་པར་བཞེད་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ།། སེམས་ཙམ་པའི་ལུགས་ལ་ནི་རིགས་ཆད་པ་ཡོད་དེ། ཡིད་བཞིན་མཛོད་འགྲེལ་ལས།  དང་པོ་ནི་སེམས་ཅན་རྣམས་ལ་རིགས་ལྔ་སྟེ། ཉན་ཐོས་ཀྱི་རིགས། རང་སངས་རྒྱས་ཀྱི་རིགས། བྱང་ཆུབ་སེམས་དཔའི་རིགས། མ་ངེས་པའི་རིགས། རིགས་ཆད་པའི་རིགས་སོ།། ཞེས་དང་། ལྔ་པ་ནི་ཆོས་དང་ཐར་པའི་ཕན་ཡོན་འཁོར་བའི་ཉེས་དམིགས། བདེ་འགྲོའི་བསྔགས་པ། ངན་སོང་གི་སྡུག་བསྔལ་ཅི་ཐོས་ཀྱང་སེམས་མི་འགྱུར་ཞིང༌། ཡང་དག་པར་དགེ་བའི་བཤེས་གཉེན་དང༌། རྟེན་གསུམ་ངོ་མཚར་ཅན་ལ་སོགས་པ་མཐོང་ཡང་དད་པ་ཏིལ་འབྲུ་ཙམ་མེད་པ། བསྟན་པ་ལ་འཇུག་པའི་བློ་ཙམ་མི་སྐྱེ་བའམ་སྐྱེ་ན་ཡང་འཚེ་བ་འབའ་ཞིག་གམ། འཚོ་བ་ལ་སོགས་པའི་ཕྱིར་རབ་ཏུ་བྱུང་བས། དད་པ་མེད་ཅིང་ཆོས་སྤོང་པའི་ལས་གསོག་པ། བསླབ་པ་དང་པོ་ནས་ལེན་སེམས་རྣལ་མ་མེད་པས་མ་ཆགས་པའམ། ཆགས་ནའང་རལ་ནས་ཆ་ལུགས་ཙམ་དུ་གྱུར་པ་ནི་ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་འདོད་དེ། ཀུན་བཏུས་ལས། ཀུན་ནས་ཉོན་མོངས་པ་དང་གཏན་དུ་ལྡན་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན། འདོད་ཆེན་པ་རྣམས་ཀྱི་ཡིན་པར་ལྟ་སྟེ། དེ་དག་ལ་ཐར་པའི་རྒྱུ་མེད་པའི་ཕྱིར། གཏན་དུ་བདེ་རྒྱུ་དང་མི་ལྡན་པའི་ཕྱིར་རོ།། ཞེས་དང་། གཞན་ཡང་མདོ་སྡེ་རྒྱན་འགྲེལ་ལས་ཀྱང་། སེམས་ཙམ་པའི་ལུགས་ཀྱི་རིགས་འཆད་པའི་སྐབས་སུ། འདིའི་ལུགས་ལ་ཐེག་པ་གསུམ་གྱི་རིགས་དང་། མ་ངེས་པ་དང་ཐར་པའི་ས་བོན་དང་གཏན་བྲལ་རིགས་ཆད་དང་ལྔར་བཞེད་དོ།། ཞེས་དེ་ལྟར་གསུངས་པའི་ཁུངས་ནི་ལང་ཀར་གཤེགས་པ་ལས་དེ་ལྟར་བསྟན་པའི་ཕྱིར་རོ།། དེ་ཡང་ལེགས་བཤད་གསེར་འཕྲེང་དུ། ཐེག་པ་གསུམ་གྱི་རིགས་དང་མ་ངེས་པའི་རིགས་དང་རིགས་ཆད་པ་ལྔར་ལང་གཤེགས་ལས་གསུངས་ཏེ། ཕྱི་མ་ནི་གྲོལ་དཀའ་བ་ཙམ་ལ་དགོངས་ཀྱི་རིགས་གཏན་ཆད་མི་སྲིད་དེ་དྲི་མ་སྤང་དུ་མི་རུང་ན་སེམས་ཀྱི་རང་བཞིན་དུ་ཐལ་བར་འགྱུར་ལ། དེ་ལྟ་ན་སྲིད་པ་ལས་རྒལ་བ་མི་སྲིད་པར་འགྱུར་ཏེ་མེ་ལ་མེའི་ཚ་བ་བཞིན་ནོ།། སེམས་ཙམ་པ་རིགས་གཏན་ཆད་འདོད་ཅེས་གྲགས་ཀྱང་དྲང་དོན་གྱི་མདོ་སྡེ་འགའ་ཞིག་ནས་བཤད་པ་དེ་དང་དེར་རྣམ་གཞག་མཛད་པ་ཙམ་ཡིན་གྱི་ངེས་དོན་དུ་མི་བཞེད་དེ། འདོད་ན་སྒྲིབ་པ་སྤང་དུ་མི་རུང་བར་ཁས་ལེན་དགོས་ན་དེ་ཡང་མི་འཐད་དེ། དྲི་མ་ཐམས་ཅད་གློ་བུར་བར་འདོད་པས་སོ།། ཞེས་བརྗོད་པའི་སྐྱོན་ནི་སེམས་ཙམ་པའི་ལུགས་ལ་རིགས་ཆད་པ་འདོད་པ་མེད་པའི་རྒྱུ་མཚན་བརྗོད་པ་མིན་པར་དབུ་མ་པའི་ལུགས་སུ་གནས་ཏེ་སེམས་ཙམ་པའི་གྲུབ་མཐའ་ལ་སུན་འབྱིན་བརྗོད་པ་ཡིན་པར་ཤེས་པར་བྱའོ།། དེས་ན་འདི་ནི་སེམས་ཙམ་པའི་ལུགས་སུ་འདོད་པ་ཡིན་ཡང་གྲུབ་མཐའི་སྐྱོན་ལ་ངོས་འཛིན་དགོས་པ་ལས་ཡིད་བཞིན་མཛོད་འགྲེལ་དང་མདོ་སྡེ་རྒྱན་འགྲེལ་ལས་བཤད་པ་དེ་དང་ལེགས་བཤད་གསེར་འཕྲེང་གི་བཤད་པ་གཉིས་འགལ་བར་གྲུབ་པ་མིན་ནོ།། གཉིས་པ་རིགས་ཀྱི་དབྱེ་བ་ནི། རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ།། རིགས་དེ་རྣམ་གཉིས་ཤེས་བྱ་སྟེ།། ཐོག་མེད་རང་བཞིན་གནས་པ་དང་།། ཡང་དག་བླངས་པ་མཆོག་ཉིད་དོ།། ཞེས་གསུངས་པ་ལྟར་རང་བཞིན་གནས་རིགས་དང་ཡང་དག་པར་བླངས་པའམ་རྒྱས་འགྱུར་གྱི་རིགས་ཏེ་རྣམ་པ་གཉིས་སོ།། གྲུབ་མཐའ་མཛོད་ལས། དེའང་རང་བཞིན་དུ་གནས་པའི་རིགས་དང་ཡང་དག་པར་བླངས་པའི་རིགས་ལ་གཞི་དང་ལམ་གྱི་དབྱེ་བས་རྣམ་པ་གཉིས་སུ་དབྱེ་སྟེ། ཞེས་གསུངས་པ་ལྟར་གཞིའི་ཆོས་ལ་རིགས་གཉིས་འཇོག་ཚུལ་དང་ལམ་གྱི་ཆོས་ལ་རིགས་གཉིས་འཇོག་ཚུལ་ཏེ་གཉིས་ལས་དང་པོ་ནི། དྲི་བཅས་སེམས་ཀྱི་ཆོས་ཉིད་གང་ཞིག གཞིའི་གནས་ལུགས་དེའི་སྟོང་ཆར་གྱུར་པ་དེ་རང་བཞིན་གནས་རིགས་དང་། དྲི་བཅས་སེམས་ཀྱི་ཆོས་ཉིད་གང་ཞིག གཞིའི་གནས་ལུགས་དེའི་གསལ་ཆར་གྱུར་པ་དེ་རྒྱས་འགྱུར་གྱི་རིགས་སུ་འཇོག་དགོས་པ་ཡིན་ཏེ། དེ་ཡང་གྲུབ་མཐའ་མཛོད་ལས། དེང་སང་གཞི་ལ་རིགས་དེ་གཉིས་མི་བརྩི་བར་གཞི་དེ་རང་བཞིན་དང་། ལམ་ནི་རྒྱས་འགྱུར་དུ་འཇོག་པ་ནི་དབྱིངས་མ་གོ་བའི་རྣམ་འགྱུར་དུ་སྣང་སྟེ། གཞི་ལ་སྣང་སྟོང་ལྷུན་གྲུབ་ཏུ་ཡོད་པ་དང་འགལ་བའི་ཕྱིར་ཏེ།མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མར་ཁྱད་མེད་ཀྱང་།། དེ་བཞིན་ཉིད་ནི་དག་གྱུར་པ།། ཞེས་སོགས་གསུངས་པའི་ཕྱིར་རོ།། འདི་ལས་དཔག་ན་གཞིའི་ཆོས་ཀྱི་སྟོང་ཆ་དེ་རང་བཞིན་གནས་རིགས་དང་སྣང་ཆ་འོད་གསལ་གྱི་ཆ་དེ་རྒྱས་འགྱུར་གྱི་རིགས་ལ་འཇོག་དགོས་པར་གྲུབ་པའི་ཕྱིར་རོ།། གཞིའི་ཆོས་ཉིད་དེ་ལ་ནི་གསལ་སྟོང་གཉིས་ཟུང་དུ་འཇུག་པས་ཁྱབ་པའི་ཕྱིར། གཞིའི་ཆོས་ཀྱི་རིགས་དེ་གཉིས་ལྡོག་ཆའི་སྒོ་ནས་ཐ་དད་དུ་བཞག་པ་ཙམ་ལས་རང་བཞིན་དབྱེར་མེད་ཡིན་ནོ།།གཉིས་པ་ནི། གཞིའི་ཆོས་ཀྱི་གནས་ལུགས་གསལ་སྟོང་གཉིས་རང་བཞིན་ལྷུན་གྲུབ་ཏུ་གནས་པའི་ཕྱིར་དེ་གཉིས་ཀ་ལམ་གྱི་ཆོས་ལ་བཞག་པའི་རང་བཞིན་གནས་རིགས་དང་། དེའི་སྟེང་དུ་སེམས་བསྐྱེད་པ་ནས་བཟུང་ཐེག་ཆེན་ལམ་གྱིས་ཁྱད་པར་དུ་བྱས་པའི་རིགས་དེ་ལམ་གྱི་ཆོས་ལ་བཞག་པའི་རྒྱས་འགྱུར་གྱི་རིགས་ལ་འཇོག་དགོས་པ་ཡིན་ཏེ། གྲུབ་མཐའ་མཛོད་ལས།  དབྱིངས་ཀྱི་རིགས་དེ་གཉིས་ཀ་རང་བཞིན་ལྷུན་གྲུབ་ཏུ་ཡོད་པས་རང་བཞིན་གྱི་རིགས་ཟེར་ཏེ་རྟེན་དུ་གནས་ལ། དེའི་སྟེང་དུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ས་བཅུ་རྒྱུན་མཐའི་བར་གྱི་དགེ་རྩ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་བསྡུས་པ་ཐམས་ཅད་ལ་ཡང་དག་པར་བླངས་པའམ་རྒྱས་འགྱུར་གྱི་རིགས་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ།། ཐེག་ཆེན་གྱིས་ཁྱད་པར་དུ་བྱས་པའི་རིགས་ཞེས་འཇོག་དགོས་པ་ལས་ལམ་ནི་སྐབས་གང་དུའང་རིགས་སུ་འཇོག་པ་མེད་དེ། རྒྱུད་བླའི་འགྲེལ་བ་ལས། རྒྱས་འགྱུར་དེ་ཡང་དོན་གྱི་དབང་དུ་སྔར་མེད་གསར་དུ་ནི་མིན་ཏེ་ཁམས་ཀྱི་སྟེང་གི་དྲི་མ་ཅུང་ཟད་བསྲབས་པས་ཁམས་ཀྱི་བྱེད་པ་གསོ་ནུས་པའི་ལས་ཤིག་མངོན་སུམ་དུ་བྱུང་བ་ཡིན་ནོ།། ཞེས་གསུངས་པའི་ཕྱིར་རོ།།  དེས་ན་ལམ་གྱི་ཆོས་ལ་བཞག་པའི་རིགས་ནི། ཐེག་ཆེན་ལམ་ལ་མ་ཞུགས་པའི་རིགས་དེ་རང་བཞིན་གནས་རིགས་དང་། ཐེག་ཆེན་ལམ་ལ་ཞུགས་པའི་གང་ཟག་གི་རྒྱུད་ཀྱི་རིགས་དེ་རྒྱས་འགྱུར་གྱི་རིགས་སུ་འཇོག་དགོས་པར་གྲུབ་པའི་ཕྱིར་རོ།། གཞི་དང་ལམ་གྱི་ཆོས་ལ་རིགས་དེ་གཉིས་འཇོག་པ་ལས་འབྲས་བུ་སངས་རྒྱས་ཀྱི་ས་ལ་ནི་རིགས་དེ་གཉིས་འཇོག་པ་མེད་པའི་ལུང་ནི་གོང་དུ་དྲངས་ཟིན་ཏོ།།  མདོ་སྡེ་རྒྱན་འགྲེལ་ལས། དེ་ལ་རིགས་ནི་རྒྱུའི་དོན་ཡིན་པས་རང་བཞིན་གནས་རིགས་ཙམ་ལ་གནས་པའི་དུས་ན། དེ་རྒྱུ་ཡིན་པ་ཙམ་གྱི་མཚན་ཉིད་དུ་ཡོད་ལ། འབྲས་བུའི་མཚན་ཉིད་དུ་མེད་པས་ཡོད་མེད་ཉིད་དང་། ཞེས་རྒྱུ་ཙམ་གྱི་ཆ་ནས་གསུངས་སོ།། རང་བཞིན་གནས་རིགས་ལ་བརྟེན་ནས་རྒྱས་འགྱུར་གྱི་རིགས་བྱུང་བས་རྒྱས་འགྱུར་གྱི་རིགས་ནི་སྔ་མ་ལ་ལྟོས་ནས་འབྲས་བུ་ཡིན་ལ།དེ་ལས་ལམ་ཕྱི་མ་རྣམས་འབྱུང་བས་རྒྱུ་ཡང་ཡིན་ནོ།། རང་བཞིན་གནས་རིགས་སངས་རྒྱས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་བར་གྱི་རྒྱུ་ཡིན་ཏེ་དེ་ལ་བརྟེན་ནས་ལམ་དང་འབྲས་བུ་རྣམས་འབྱུང་བས་སོ།། ཞེས་གསུངས་པ་ནི། གནས་སྐབས་སྔ་མའི་རང་བཞིན་གནས་རིགས་དེ་གནས་སྐབས་ཕྱི་མར་རྒྱས་འགྱུར་གྱི་རིགས་སུ་འཇོག་དགོས་པ་ལས་ངོ་བོ་ལ་ཡོན་ཏན་གསར་དུ་ལྡན་པ་སོགས་ཀྱི་ཁྱད་པར་འབྱུང་བ་མེད་པས། རྒྱུ་དང་འབྲས་བུར་བཤད་པ་ཡང་འདུས་བྱས་ཀྱི་རྒྱུ་འབྲས་མཚན་ཉིད་པ་མིན་པར་བྲལ་བའི་རྒྱུ་འབྲས་སུ་འཇོག་དགོས་པ་ཡིན་ཏེ། གྲུབ་མཐའ་མཛོད་ལས། སངས་རྒྱས་དེའང་བྲལ་བའི་རྒྱུ་འབྲས་ལས། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཀྱིས་བསྒྲུབས་པ་མ་ཡིན་ཏེ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར་ན།རིགས་གཉིས་ལས་སངས་རྒྱས་སྐུ་གསུམ་ཡེ་ལྡན་དུ་ཡོད་པའི་ཆ་ཤེས་པར་བྱའོ།། ཞེས་གསུངས་པའི་ཕྱིར་རོ།།  དབྱེ་ཚུལ་གཞན་ཡང་། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི་དབྱེ་བ་ཡོངས་སུ་བརྗོད།། ཅེས་པའི་འགྲེལ་བ་དོན་གསལ་ལས།དཔེར་ན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་ལ་སོགས་པ། བརྟེན་པ་སྦྲང་རྩི་དང་ལི་ཁ་ར་ལ་སོགས་པའི་སྣོད་ཉིད་ཀྱིས་ཐ་དད་པ་དེ་བཞིན་དུ། བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ། རྟོགས་པར་བྱ་བ་ཐ་དད་པ་ཉིད་ཀྱིས་རྟེན་ཐ་དད་པ་ཉིད་དོ་ཞེས་བསྟན་ཏོ།། ཞེས་གསུངས་པ་ལྟར་རྟེན་སྣོད་ཉན་ཐོས་དང་རང་རྒྱལ་དང་བྱང་སེམས་ཀྱི་རིགས་གསུམ་མོ།། གཞན་ཡང་གྲུབ་མཐའ་མཛོད་ལས། རྟེན་དང་བརྟེན་པའི་སྒོ་ནས་དབྱེ་བ་དང་། གནས་སྐབས་ཀྱི་སྒོ་ནས་དབྱེ་བ་དང་། དཔེ་དོན་གྱི་སྒོ་ནས་དབྱེ་བ་སོགས་གཞུང་རྣམས་སུ་འདི་ལ་སྒོ་དུ་མ་ནས་དབྱེ་བ་བཤད་དོ།། གསུམ་པ་རིགས་སུ་འགྱུར་ཚུལ་ནི། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་དེ་སྒྲུབ་པའི་ཡུལ་དུ་བྱས་པའི་སྒོ་ནས་རིགས་སུ་འགྱུར་བ་ལ། དམིགས་པ་དང་གོ་འབྱེད་པ་གང་རུང་གི་སྒོ་ནས་རིགས་སུ་འགྲོ་བ་ཡིན་ཞིང་། ཡུལ་ཅན་ལམ་དེས་རིགས་དེ་ལ་དམིགས་པའི་སྒོ་ནས་རང་རྒྱུད་ཀྱི་སྒྲིབ་པ་སྤོང་བར་བྱེད་པས་དམིགས་པའི་སྒོ་ནས་རྟེན་དུ་འགྲོ་བ་དང་།  ཡུལ་ཅན་ལམ་དེས་རིགས་དེ་ལ་དམིགས་པའི་སྒོ་ནས་སེམས་ཀྱི་ཆོས་ཉིད་དེ་ངོ་བོ་ཉིད་སྐུའི་ངོ་བོར་འཕོ་རུང་དུ་བྱས་པས་གོ་འབྱེད་པའི་སྒོ་ནས་རིགས་སུ་གྱུར་པ་ཡིན་ཏེ། གྲུབ་མཐའ་མཛོད་ལས།དབྱིངས་ཀྱི་རང་བཞིན་གཞི་ཀུན་ལ་ཁྱབ་པར་གནས་དུས་ན། འཆར་གཞི་དབྱིངས་ཀྱི་ཆ་ནི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲ་སྟེ། གང་འདོད་འབྱུང་བའི་གཞིར་གནས་ལ་དངོས་སུ་གང་དུའང་མ་ཆད་པ་བཞིན་དུ། ཆོས་སྐུ་ངོ་བོ་ཉིད་སྐུའི་དབྱིངས་ཏེ་སྐུ་དང་ཡེ་ཤེས་འཆར་བའི་གོ་འབྱེད་པས་ན་བཞག་ལ། ཤར་བའི་ཡེ་ཤེས་སྣང་བའི་ཆ་རིག་པ་དང་སྐུ་ནི་རྐྱེན་སྒྲིབ་པ་བྲལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་མངོན་པར་འགྱུར་ངེས་ཀྱི་ཆ་ཙམ་ནས་འབྲས་བུ་ཅན་གྱི་ལྗོན་ཤིང་གོང་དུ་འཕེལ་བའི་དཔེས་གསུངས་ཏེ། དག་རྒྱུ་ལ་དག་འབྲས་ཀྱི་མིང་གིས་བཏགས་པའོ།། ཞེས་སོ།། ཐེག་ཆེན་པའི་ལུགས་ལ་དེ་ལྟར་འགྲོ་བའི་གནད་ནི། སེམས་ཀྱི་ཆོས་ཉིད་ལ་སྒྲིབ་པའི་དྲི་མ་དག་གློ་བུར་བ་ཡིན་པས་ཡིན་མོད། གློ་བུར་བའི་དོན་འཇོག་ཚུལ་ནི་དབུ་སེམས་གཉིས་མི་མཐུན་ཏེ། སེམས་ཙམ་པ་ལྟར་ན། སེམས་དང་སེམས་ལས་བྱུང་བ་གཞན་དབང་གི་ངོ་བོ་ཡིན་པས་རྫས་སུ་བདེན་ཡང་ཕུང་པོའི་གནས་ལུགས་ལས་གོལ་བའི་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པས་གློ་བུར་བར་འཇོག་ཅིང་། དབུ་མ་པ་རྣམས་ནི། དྲི་མ་ཞེས་པ་བློས་བཏགས་ནས་བཞག་པ་ཙམ་ཡིན་གྱི་དོན་ལ་རྫས་སུ་མ་གྲུབ་པའི་སྟོང་ཉིད་ཡིན་པས་གློ་བུར་བར་འཇོག་གོ། བཞི་པ་ཁྱད་པར་གྱི་ཆོས་ལ་མངོན་རྟོགས་རྒྱན་གྱིས་བསྟན་ཚུལ་དང་ངེས་ཚིག་དང་། མཚན་མ་དང་བཅས་གསུམ་ལས་དང་པོ་ནི། འདིར་མངོན་རྟོགས་རྒྱན་གྱི་སྐབས་དང་པོ་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་།། གཉེན་པོ་དང་ནི་སྤོང་བ་དང་།། དེ་དག་ཡོངས་སུ་གཏུགས་པ་དང་།། ཤེས་རབ་སྙིང་བརྩེར་བཅས་པ་དང་།། སློབ་མ་ཐུན་མོང་མིན་ཉིད་དང་།། གཞན་གྱི་དོན་གྱི་གོ་རིམ་དང་།། ཡེ་ཤེས་རྩོལ་བ་མི་མངའ་བར།། འཇུག་པའི་རྟེན་ལ་རིགས་ཤེས་བྱ།། ཞེས་པ་ལས་རྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་རྟེན་དུ་གྱུར་པའི་རིགས་དེ་རྣམ་མཁྱེན་མཚོན་བྱེད་དུ་བསྟན་ལ། དེ་ཡང་ཐེག་ཆེན་སྦྱོར་ལམ་གྱི་རྗེས་སུ་སྒྲུབ་པའི་རྟེན་རིགས་འཆད་པའི་རྒྱུ་མཚན་ཡོད་དེ། བཤད་ཟིན་གྱི་ངེས་འབྱེད་ཆ་མཐུན་བཞི་དང་འཆད་འགྱུར་གྱི་མཐོང་སྒོམ་གྱི་ལམ་སོགས་ཐེག་པ་ཆེན་པོའི་རིགས་སད་པའི་གང་ཟག་གི་རྒྱུད་ལ་སྐྱེ་བའི་ཕྱིར་དང་། སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་སྒྲུབ་པ་ཁྱད་པར་ཅན་དེས་རིགས་ལ་དམིགས་པའི་ནུས་པ་མཐུ་ཅན་དུ་སོང་ནས་རིགས་མི་འཁྲུལ་བ་དེའི་དབང་དུ་བྱས་ནས་སྐབས་འདིར་རྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་རིགས་བཤད་པའི་ཕྱིར་ཏེ། འགྲེལ་བ་དོན་གསལ་ལས། སྒྲུབ་པ་དང་ལྡན་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཇི་སྐད་བཤད་པ་དང་མཐོང་བའི་ལམ་ལ་སོགས་པ་གཞན་ཡང་འབྱུང་བས་སྒྲུབ་པའི་རྟེན་དུ་གྱུར་པ། ཞེས་གསུངས་པའི་ཕྱིར་རོ།། དེ་ཡང་བཤད་པའི་རིམ་པ་ཡིན་གྱི་རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ན་སེམས་བསྐྱེད་ཀྱི་སྔོན་དུ་རིགས་འཆད་དགོས་ཏེ། རྒྱན་སྣང་ལས། སེམས་བསྐྱེད་པ་དང་ཐར་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་རྣམས་ཀྱི་སྔོན་དུ་འགྲོ་བ་དེ་ཡིན་པས་དང་པོ་ཁོ་ནར་རིགས་སྟོན་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདིར་བཤད་ཅེ་ན། དེ་ནི་བདེན་མོད་ཀྱི་དེ་ནི་དོན་གྱི་གོ་རིམ་ཡིན་ལ། འདི་ནི་དང་པོ་འབྲས་བུ་བཤད་ནས་རྒྱུ་ཕྱིས་བསྟན་པ་ཡིན་པས་བཤད་པའི་གོ་རིམ་ཡིན་པའི་ཕྱིར་ཉེས་པ་མེད་དོ།། ཞེས་སོ།། སྐབས་དང་པོ་ལས་ཐེག་ཆེན་སྒྲུབ་པ་བཅུ་གསུམ་དུ་གྲངས་ངེས་པའི་ཕྱིར་རྟེན་དུ་གྱུར་པའི་རིགས་ཀྱང་བཅུ་གསུམ་དུ་བསྟན་ཏོ།། དེས་ན་འདིར་བསྟན་གྱི་རིགས་ནི་སྒྲུབ་པ་བཅུ་གསུམ་གང་རུང་གིས་ཁྱད་པར་དུ་བྱས་པའི་རིགས་ལ་འདོད་དགོས་པའི་ཕྱིར་རྟོགས་པའི་ཆོས་དྲུག་ལས་དང་པོ་སྦྱོར་ལམ་དྲོད་ནས་མ་མཐའི་མཚམས་བཟུང་སྟེ་རྒྱུན་མཐའི་བར་དུ་འཇོག་དགོས་པ་ཡིན་ནོ།། གཉིས་པ། དེ་ཡང་རྒྱ་གར་གྱི་སྒྲ་ལས། གཽ་ཏྲ་ཞེས་པའི་གོ་གུ་ཎ་ཞེས་བསྒྱུར་ན་ཡོན་ཏན་ཡིན་ལ། ཏྲ་ཏར་ཞེས་བསྒྱུར་ན་སྒྲོལ་བ་སྟེ། ཡོན་ཏན་གྱི་རྟེན་བྱས་ནས་འཁོར་བའི་ཕ་རོལ་ཏུ་སྒྲོལ་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། ཡོན་ཏན་ནི།། སྒྲོལ་བའི་དོན་དུ་ཤེས་པར་བྱ།། ཞེས་གསུངས་ཤིང་། འདི་ལས་ཡོན་ཏན་དག་སྐྱེ་ཞིང་འབྱུང་བའི་ཕྱིར་རིགས་སོ།། མིང་གི་རྣམ་གྲངས་ལ། བྱང་ས་ལས། རིགས་དེ་ནི་གཞི་ཞེས་ཀྱང་བྱ། སྟོན་པ་དང་རྒྱུ་དང་རྟེན་དང་ཉེར་གནས་དང་། སྔོན་དུ་འགྲོ་བ་དང་གནས་ཞེས་ཀྱང་བྱའོ་ཞེས་སོ།། གཞན་ཡང་། ཁམས་དང་བདེ་གཤེགས་སྙིང་པོ་ཞེས་ཀྱང་བྱ་སྟེ། གྲུབ་མཐའ་མཛོད་ལས། དྲི་མ་དང་བཅས་པའི་དུས་ན་རིགས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་ལ། ཞེས་པའི་སྔར་དྲངས་བའི་ལུང་དེས་གྲུབ་བོ།། འདི་ལ་མདོ་སྔགས་ཀྱི་གཞུང་རྣམས་སུ་ཐ་སྙད་མང་དུ་འབྱུང་བར་བཤད་དོ།།  གསུམ་པ། རིགས་དེ་ཡོད་པ་གང་ལས་ཤེས་ཞེ་ན། ཆོས་བཅུ་པའི་མདོ་ལས།དུ་བ་ལས་ནི་མེར་ཤེས་དང་།། ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།། རིགས་ནི་མཚན་མ་དག་ལས་ཤེས།། ཞེས་གསུངས་པ་ལྟར་རྟགས་དང་མཚན་མ་ལས་ཤེས་པ་དང་། ཤེས་བྱེད་མཚན་མ་ནི་དབུ་མ་འཇུག་པ་ལས་བསྟན་པ་ལྟར། * སོ་སོའི་སྐྱེ་བོའི་ཉིད་ནའང་སྟོང་ཉིད་ཐོས།། ནང་དུ་དགའ་བ་ཡང་དང་ཡང་ནས་འབྱུང་།། དགའ་བ་ལས་བྱུང་མཆི་མས་མིག་གང་ཞིང་།། ལུས་ཀྱི་བ་སྤུ་ལྡང་འགྱུར་གང་ཡིན་པ།། དེ་ལ་རྫོགས་པའི་བྱང་ཆུབ་ས་བོན་ཡོད།། ཅེས་གསུངས་སོ།། དེ་ལྟར་ངེས་དོན་བདེ་གཤེགས་སྙིང་པོའི་ངོ་བོ་དང་སེམས་ཅན་ཐམས་ཅད་འཚང་རྒྱ་རུང་བ་དང་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པའི་གནད་དམ་པ་འདི་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་དང་བཅས་ཏེ་ཅུང་ཟད་སྤྲོས་པའོ།། 

 

______________________________________

གཞུང་ལ་ལར་མདོ་ཕལ་བོ་ཆེ་ལས་དྲངས་ཞེས་ཀྱང་འཁོད།

གཞིའི་ཡེ་ཤེས་ལ་བཏགས་པའི་དུས་འཁོར་རྩ་རྒྱུད་ལས་བྱུང་བའི་སྔགས་གསར་མའི་ཆོས་སྐད།

ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པས་བསྒྱུར་བའི་འགྱུར་ལྟར་དྲངས།

དཔྱད་གཞིའི་ཁུངས་སུ་དྲངས་བའི་ཡིག་ཆ་དང་མཛད་པ་པོའི་སྐོར།

སྡོང་པོ་བཀོད་པའི་མདོ།     [བཅོམ་ལྡན་འདས་ཀྱིས་གསུངས།]

རྒྱུད་བླ་མ།        [རྒྱལ་ཚབ་བྱམས་པ་མགོན་པོས་མཛད།]

ཤེར་ཕྱིན་མངོན་རྟོགས་རྒྱན།      [རྒྱལ་ཚབ་བྱམས་པ་མགོན་པོས་མཛད།]

མངོན་པ་ཀུན་བཏུས།     [འཕགས་པ་ཐོགས་མེད་ཀྱིས་མཛད།]

བརྒྱད་སྟོང་འགྲེལ་ཆེན།     [ སློབ་དཔོན་སེངྒེ་བཟང་པོས་མཛད།]

འགྲེལ་བ་དོན་གསལ།      [ སློབ་དཔོན་སེངྒེ་བཟང་པོས་མཛད།]

གྲུབ་མཐའ་རིན་པོ་ཆེའི་མཛོད།    [ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད།]

ཡིད་བཞིན་རིན་པོ་ཆེའི་མཛོད།  [ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད།]

བདེ་གཤེགས་སྟོང་ཐུན་སེང་གེའི་ང་རོ།    [ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད།]

སྡུད་པ་རྒྱན་སྦྱར།       [ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད།]

རྒྱུད་བླའི་འགྲེལ་བ།    [ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད།]

མདོ་སྡེ་རྒྱན་གྱི་འགྲེལ་བ་ཐེག་མཆོག་བདུད་རྩིའི་དགའ་སྟོན།    [ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད།]

ལེགས་བཤད་གསེར་འཕྲེང་།       [རྗེ་ཙོང་ཁ་པ་ཆེན་པོས་མཛད།]

མཛོད་འགྲེལ་མངོན་པའི་རྒྱན།     [མཆིམས་འཇམ་པའི་དབྱངས་ཀྱིས་མཛད།]