1
2
སྤྱིར་བཏང་ཉལ་ཐའི་མེ་ཏོག་ནི་ཕྱི་ལོའི་སྔོན་ཏུ་ཨེ་ཅིབ་མི་རིགས་ཀྱིས་ཚོར་ཉམས་ཀྱི་རྫས་སུ་ཤེས་རྟོགས་བྱུང་བས་རིམ་གྱིས་དུས་རབས་བརྒྱད་པ་ཙམ་ནས་རྒྱ་དཀར་ནག་དང་ཏ་ཟིག་སོགས་ལ་ཡོངས་ཁྱབ་སོང་། དེ་རྗེས་ཉལ་ཐའི་དམག་འཁྲུག་སྔ་མཇུག་གཉིས་པོ་རིམ་གྱིས་བྱུང་སྟེ་མི་མང་པོ་སྡུག་བསྔལ་གྱི་འདམ་དུ་བྱིང་། དུས་རབས་ཉི་ཤུའི་སྨད་དུ་ལིའང་ཧྲན་ས་ཁུལ་ལ་དུག་ཐ་ཉོ་འཚོང་གི་སྲོལ་ངན་དར།
དུས་དེར་ཉལ་ཐ་ནི་དབྱི་རིགས་ན་གཞོན་ཕོ་མོ་ཚོས་རྗེས་སྤྲོས་ཀྱི་དངོས་པོ་ཞིག་དང་། མིའི་གོ་གནས་དང་འཇོན་ཐང་གི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱས། དབྱི་རིགས་ན་གཞོན་ཚོས་ལབ་གླེང་བྱེད་ཙ་ན་གྲོང་ཁྱེར་ལ་སྐྱིད་པོ་བྱེད་དུ་འགྲོ་ཞེས་ཁ་སྲོལ་ཞིག་ཀྱང་ཆགས་ཡོད་སྐད། ཕོ་མོ་དབྱེ་བ་མེད་པར་ན་གཞོན་ཁྱུ་ཁྱུ་བྱས་ཏེ་གྲོང་ཁྱེར་ལ་འཁྱམ་ཉུལ་དུ་སོང་། རིམ་གྱིས་ལག་ནང་གི་སྒོར་མོ་ཚར་བ་དང་མཉམ་དུ་སྐྱེས་མ་ཚོས་སྨད་འཚོང་བྱེད་པ་དང་། སྐྱེས་པ་ཚོས་རྐུ་འཕྲོག་དང་ཉལ་ཐའི་གཡོ་འཚོང་བྱས། མཐར་རང་ཉིད་ཀྱིས་ཀྱང་ཉལ་ཐ་འཐེན་པ་དང་ཁབ་བརྒྱབ་ཏེ་ཉལ་ཐའི་དབྱིངས་ཞུགས་ནས་མང་ཆེ་ཤོས་གྲོང་ཁྱེར་ནས་ཚེ་སྲོག་ཤོར། ཚེ་ཡི་མཇུག་ཙམ་ལྷག་ཡོད་པ་འགའ་རེ་ཕྱིར་རང་ཡུལ་ལ་ཐོན་ཙམ་བྱས་ནའང་གོང་ལྟར་གཅིག་རྗེས་གཉིས་མཐུད་དུ་འཆི་ལམ་བསྙེགས། ཕ་མ་དང་ཉེ་འབྲེལ་སྤུན་ཟླ་རྣམས་ལ་བསམ་ཡུལ་ལས་འདས་པའི་སྡུག་བསྔལ་མང་པོ་བསྐྲུན། རིམ་གྱིས་ཨེ་ཛི་ནད་དུག་དབྱི་རིགས་ས་ཁུལ་དང་ཡུལ་ཤོག ཁྱིམ་ཚང་རྣམས་ཀྱི་ནང་ལ་ཡོངས་སུ་སུམ་འཛུལ་བྱས། སྐབས་དེར་དབྱི་རིགས་ཁྱིམ་ཚང་35་ནང་ན་ཉལ་ཐ་སྤྱོད་མཁན་གྱི་ཁྱིམ་ཚང་33་ཡོད་པ་རེད་ཅེས་ཆེད་མཁས་པས་བཤད་ཡོད། སྤྱིའི་ཆ་ནས་ལབ་ན་HlVནད་དུག་འགོས་ཚད་བརྒྱ་ཆའི་བདུན་བཅུ་དོན་གྲངས་ལས་བརྒལ་ཡོད་པ་གཙོ་བོ་ཉལ་ཐ་འཐེན་པ་ལས་བསྒོས་པ་རེད། དེའི་ཕྱིར་དབྱི་རིགས་ནི་ད་ཆ་སྐྱོབ་དཀའ་བའི་ཚད་ལ་ལྷུང་ཡོད་དོ། །
3
སྐབས་ཤིག་ཏུ་དབྱི་རིགས་ལ་ཕ་མ་དང་དགེ་རྒན་གྱི་སློབ་གསོའི་སྒྲིག་གཞི་མེད་པ་དང་། ཆོས་ལུགས་དང་ཡ་རབ་ཀུན་སྤྱོད་ཀྱི་འདུ་ཤེས་མེད་ཅིང་ལངས་ཤོར་ཏུ་སོང་བའི་ན་གཞོན་མང་པོ་ཞིག་གྲོང་ཁྱེར་ལ་སོང་ནས་འཆལ་སྤྱོད་སྒྲུབ། དབྱི་རིགས་ཀྱི་ན་གཞོན་མང་ཆེ་བ་འཁྱམ་ཉུལ་བྱེད་ཡུལ་གཙོ་བོ་སི་ཁྲོན་ཁྲིན་ཏུ་དང་། པེ་ཅིང་། ཀང་ཀྲོའི་སོགས་ཀྱི་མེ་འཁོར་འབབ་ཚུགས་དང་རླངས་འཁོར་ས་ཚུགས་སོགས་མི་མང་འདུས་སྡོད་བྱེད་གནས་དང་། མ་རབ་ཀྱི་སྤྱོད་ངན་དར་བའི་ཁོར་ཡུག་སོགས་ཡིན་ཚོད། རིག་གསར་རྗེས་སུ་ལེངས་ཧྲིན་ས་ཁུལ་ལ་རྒྱ་རིགས་འདུས་སྡོད་མང་དུ་སོང་བ་དང་ཆབ་ཅིག་འཆལ་ཉོག་གྱི་སྤྱོད་ངན་སྣ་ཚོགས་ནགས་ལ་མེ་དཔུང་མཆེད་པ་བཞིན་གང་སར་ཁྱབ། དུག་འཚོང་རྒྱག་མཁན་ཇེ་མང་དུ་སོང་བ་དང་བསྟུན་དབྱི་རིགས་པ་ཚོ་དབང་མེད་དུ་རླུང་རྟ་མར་རྒྱུགས་ཀྱིས་གྲི་རོར་སོང་།
ཉལ་ཐ་ལ་རིགས་མི་མི་གཅིག་པ་དང་ཐ་སྙད་འདོགས་སྟངས་མང་དུ་སྣང་། ད་ལྟ་མང་ཆེ་བས་(海洛因)ཧེ་རུན་ཞེས་འབོད་ཀྱིན་ཡོད། ཉེ་རབས་ཧེ་རུན་གྱི་འབྱུང་ཁུངས་གཙོ་བོ། ལ་ཝོ་སི་དང་། ཐེ་ལན་དི། འབར་མ་རྣམས་རེད། ཀྲུང་གོའི་ཉལ་ཐ་མང་ཆེ་ཤོས་འབར་མ་ནས་ལྐོག་འདྲེན་བྱེད་ཀྱིན་ཡོད་པ་དང་། མ་ཟད་ལེའོ་ཉིན་དང་ཡུན་ནན་སོགས་ས་གནས་མང་པོར་དུག་ཐའི་ས་ཞིང་ཡོད། དབྱི་རིགས་ས་ཁུལ་ལ་ཉལ་ཐའི་མེ་ཏོག་གམ་རྒྱ་མེན་罂粟་ས་ཞིང་མང་པོ་བསྐྲུན་ཡོད་པ་དང་། ལེ་བར་བརྒྱད་དགུ་ཞིག་གི་ཕར་ནང་ནས་ཉལ་ཐའི་དྲི་ཚོར་ཐུབ་པ་ཨེ་ཛིའི་ནད་པ་ཞིག་གིས་བཤད། སེམས་ཕམ་པ་ཞིག་ལ། སྲིད་གཞུང་གིས་སྔོན་འགོག་འཕྱིས་དྲག་པ་དང་། མི་རིགས་རང་གི་ཁྲོད་དུ་ཤེས་འཇོན་ཅན་གྱི་སྣེ་ཁྲིད་མེད་པ་སོགས་ཀྱི་དབང་གིས་དབྱི་རིགས་པ་ཚོ་འཇིགས་པའི་གནས་སུ་སོན། 2007ལོ་ལིའང་ཧྲན་ཨེ་ཛི་འགོ་མཆེད་སྐོར་གྱི་བརྡ་ཁྱབ་ཞིག་ཏུ་རྫོང་སྒོ་བཅུ་བདུན་གྱི་ཨེ་ཛི་ནད་པ་དྲུག་སྟོང་ལྷག་ཞིག་ད་ཆ་གཏན་ནས་སྐྱོབ་ཐབས་མེད་པའི་སར་བསླེབས་འདུག་ཅེས་ཁྱབ་བསྒྲགས་བྱས།
4
ཉལ་ཐ་ནི་འཛམ་གླིང་མི་རིགས་ལ་འཇིགས་སྐུལ་སློང་བའི་ཡ་མེད་ཀྱི་འདྲེ་གདོན་ཞིག་རེད། ཉལ་ཐ་ནི་མིའི་རིགས་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་མཐའ་དག་རྨང་ནས་གཞོམ་པའི་འབར་མདེལ་ལྟ་བུ་ཤིག་རེད། ཉལ་ཐ་ནི་རིམ་ནད་ཀྱི་གཤེད་མ་སྣ་ཚོགས་སྣེ་ཁྲིད་བྱེད་པའི་དམག་སྤྱི་བ་ལྟ་བུ་ཤིག་རེད། ཡང་འགའ་རེས་འདི་ལྟར་བསམ་སྲིད། ཉལ་ཐ་རྔུབ་པས་རང་ཉིད་ཀྱི་ཚེ་སྲོག་དང་དཔལ་འབྱོར་ལ་གནོད་ཚབ་ཡོད་པ་བདེན་མོད། ཨེ་ཛི་སོགས་ཡམས་ནད་འགོས་ཁྱབ་ལ་ཅི་ཞིག་འབྲེལ་བ་ཡོད་ཅེ་ན། དེ་ལྟ་མ་ཡིན་དེ། མཆེད་མཁས་པ་ཚོས་བཤད་ན། ཉལ་ཐ་དང་ཨེ་ཛི་ནི་བུ་ཕྲུག་འཚེ་མ་ལྟ་བུ་ཡིན་ཞེས་བཤད་ཡོད། ཉལ་ཐ་སྤྱོད་མཁན་ཚོའི་གཟུགས་ཕུང་གི་རིམ་འགོག་མ་ལག་གྱི་ནུས་པ་བཅོམ་བརླག་ཏུ་འགྲོ་གི་ཡོད་པ་དང་། ཉལ་ཐ་རྔུབ་མཁན་མང་པོ་མཉམ་དུ་འདུས་སྡོད་བྱེད་ཀྱིན་ཡོད། སྐབས་དེ་དང་བསྟུན་ནས་རིམ་ནད་སྣ་ཚོགས་འགོ་སླ་བ་དང་། སེམས་ཁམས་ཚོད་འཛིན་མེད་པའི་ཚད་ཅིག་ལ་བསླེབས་འགྲོ་གི་ཡོད་སྐད། ཉལ་ཐའི་དབྱིངས་ཞུགས་པ་དང་མཉམ་དུ་སྡོད་མི་ཚུགས་པར་དེ་མ་ཐག་ཏུ་ཁྲག་ཁབ་རྒྱག་པ་དང་། དུག་སེལ་མ་བྱས་པའི་ཁབ་མགོ་གཅིག་གིས་མི་མང་པོར་གཙགས་པས་HlVནད་དུག་འགོས་ཁྱབ་འགྲོ་གི་ཡོད་པ་རེད། རྒྱུ་མཚན་དེས་ན་འཛམ་གླིང་གི་ཨེ་ཛི་ནད་དུག་མང་ཆེ་བ་ལས་འབྲེལ་དང་ཁབ་ཀྱི་བརྒྱུ་ལམ་ནས་འགོ་གི་ཡོད་པ་ཤེས་དགོས། ལས་འབྲེལ་ལས་འགོས་པའི་ཨེ་ཛི་ནད་དུག་ལ་ལྟོས་ན་ཁྲག་ལམ་ནས་འགོས་པའི་ནད་པའི་ཚེ་ཐག་ཐུང་ཐུང་ཡིན་ཟེར། གང་ལྟར་ཉལ་ཐ་འཐེན་མཁན་ཡིན་ན་ཨེ་ཛིའི་ནད་དུག་ཡོད་པའི་ཁྱབ་ཅེས་བཤད་ན་ཐལ་མཐའ་རུ་མི་ལྟུང་ངོ་། །
5
འོ་ན་ཨེ་ཛིའི་ནད་པ་ཡིན་ན་ཉལ་ཐ་སྤྱོད་མཁན་ཡིན་ནམ་ཟེར་ན་དེ་ཡང་མིན་ནོ། མང་ཆེ་བ་ཕན་ཚུན་གཅིག་གིས་གཅིག་ལ་བསྒོས་འགྲོ་གི་ཡོད། བོད་ཡུལ་གྱི་ནག་ཆུ་ལྟ་བུར་མཚོན་ན་མ་འོངས་པར་ལིའང་ཧྲན་ལྟ་བུར་ཆགས་རྒྱུའི་ཉེན་ཁ་འདུག་ཅེས་ཞིབ་འཇུག་པ་ཞིག་གིས་བཤད་སོང་ཟེར། དེ་ཡང་གཙོ་ཆེར་འགོས་ཁྱབ་རང་བཞིན་ཅན་གྱི་བབས་ཡིན། གང་ལྟར་ཆོས་དང་རིག་གནས་ཀྱི་སློབ་གསོ་ཞན་པའི་ཡུལ་གྲུ་མང་ཆེ་ཤོས་ལ་ཨེ་ཛི་ནད་པ་ལོ་རེ་དང་ཟླ་རེ་ནས་ཇེ་མང་ལ་འགྲོ་གི་ཡོད་པ་གསལ་བོ་རེད། དེ་ཚོ་ཚང་མ་ཉལ་ཐ་འཐེན་མཁན་ཡིན་པའི་ངེས་པའང་མེད། མདོར་དྲིལ་སྟེ་བཤད་ན། ང་ཚོས་ད་ཕན་ཆོད་མི་སྲོག་བླུ་བའི་བྱ་འགུལ་སྤེལ་དགོས་ཀྱི་འདུག སྲོག་ཆགས་ཆུ་གནས་ཀྱི་རིགས་དང་རྟ་ནོར་ལུག་གསུམ་སྲོག་བླུ་བྱས་ན་བཟང་མོད་དེ། དལ་བརྒྱད་འབྱོར་བཅུ་ཚངས་བའི་མི་ལུས་རིན་པོ་ཆེ་ཞིག་བླུས་པ་ཡིན་ན་ཕན་ཡོན་ལྷག་ཏུ་ཆེ་བ་ཆོས་གཞུང་གིས་སྒྲུབ་ཐུབ། དཔེར་ན་དགྲ་བཅོམ་དང་། མི་ཕལ་བ། དུད་འགྲོ་གསུམ་གསད་ན་རིམ་བཞིན་མཚམས་མེད་དང་། ཕམ་པ། ལྟུང་བྱེད་གསུམ་རྫོགས་ཀྱི་ཡོད་པ་རེད། རྒྱུ་མཚན་གཙོ་བོ་རྟེན་གྱི་བཟང་ངན་དང་སྐབས་བབས་ཀྱི་དགོས་པ་སོགས་ལ་གོ་བ་བླངས་ཏེ་ཉེས་པ་ལྕི་ཡངས་གླེང་དགོས། རྒྱུ་མཚན་དེས་ན། མི་རིགས་སྲུང་ན་ཆོས་སྲུང་བ་རེད། སྐད་ཡིག་སྲུང་བ་རེད། ཀུན་སྤྱོད་སྲུང་བ་རེད། འཚོ་གནས་སྲུང་བ་རེད། རྒྱུ་འབྲས་སྲུང་བ་རེད། སྲིད་སྲུང་བ་རེད། ཐར་བ་སྲུང་བ་རེད། མདོར་ན་ཆབ་དཔལ་རིག་གསུམ་ཐེ་བའི་སྣོད་བཅུད་གཉིས་ཀ་སྲུང་བ་རེད། ང་ཚོས་སྐྱ་སེར་དང་ལས་རིགས་ཀྱི་དབྱེ་བ་མེད་པར་ཀུན་གྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ཨེ་ཛི་སྔོན་འགོག་ལ་འབད་བརྩོན་བྱ་དགོས་ཀྱི་འདུག་གོ། མཐར་སུམ་གཉིས་ས་ཡི་མངའ་བདག་ཏུ་འབོད་པའི་ཁ་བ་གངས་ཅན་པའི་མི་རིགས་འདི་ཉིད་སྔར་བཞིན་གདུང་རུས་གཙང་ཞིང་སེམས་ཁམས་དྭངས་བའི་བཀྲ་ཤིས་སྨོན་འདུན་ཞུ། །
ཕྱི་ལོ་2019/1/1་ཉིན་ཤར་ཁ་ནས་གྲུབ་པར་བྱས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=965
ཉེ་མཆན།