ཁམས་སྨྱོན་ཧེ་རུ་ཀ                ཡུལ་ཤུལ།

དཔྱིད་ཀ་སླེབས་བྱུང་།

 

དཔྱིད་ཀ་སླེབས་བྱུང་། དཔྱིད་ཀ །རླུང་བུས་ཀུན་གྱི་གདོང་ལ་བྱམས་བརྩེའི་བྱིལ་བྱིལ་བྱེད་བཞིན་སླེབས་བྱུང་། ལྗོན་ཤིང་གི་ཚོགས་ལ་སྔར་མེད་ཀྱི་བརླན་མདངས་རྒྱས་ཏེ་ལྗན་ལྗིན་གྱི་དྲི་ངད་ལ་བདེ་མོ་འཇོག་བཞིན་སླེབས་བྱུང་། ལྗང་མྱུག་གི་མིག་ཟུང་གིས་དལ་གྱིས་ས་ཤུན་བརྟོལ་ཅིང་སླེབས་བྱུང་། འདབ་ལྡན་གྱི་སྙན་འཇབས་ཀྱི་གྲེ་འགྱུར་ཇེ་སྙན་ནས་ཇེ་སྙན་གྱུར་པའི་མཛེས་སྡུག་གི་དུས་ཚིགས་ཤིག་དལ་གྱིས་སླེབས་བྱུང་།

དར་དཀར་གྱི་ན་བཟའ་མནབས་ཤིང་མཆོར་སྒེག་གི་མཛེས་ཉམས་དོད་པའི་དཔྱིད་ཟླ་ར་བ་སླེབས་འདུག ། ཡོད་ཚད་རབ་དཀར་གྱི་འཇིག་རྟེན་ཞིག །དཀར་གསལ་གྱི་བཀྲག་མདངས་རྒྱས་པའི་སྐྱ་རེངས་བུ་མོའི་བཞིན་ཟླ་ལས་དྲོད་སྐྱིད་ཀྱི་སྤྱན་རས་གཡོ་བ་ཅི་འདྲ་མཚུངས་ཨང་། བསིལ་འཇམ་གྱི་མཁའ་དབུགས་དེས། ཁ་བའི་ཁྲོད་ཀྱི་གོམ་སྟབས་ལ་འགྱུར་བ་སྟབས་བཞིན་དཀར་ཞིང་གཙང་བའི་རབ་དཀར་གྱི་ལྭ་བ་མནབས་པའི་སྒེག་ལྡན་མ་ཞིག་བསྐྲུན། འཁྱག་སོབ་སོབ་ཀྱི་རུས་རྐང་གི་ནད་རིགས་མཐའ་དག་སྐད་ཅིག་ཉིད་ལ་གཞོམ་སོང་།

དཔྱིད་ཀར་སྤྲོ་ལྷང་ལྷང་གི་སོ་ནམ་པའི་སེམས་པ་དཔྱིད་ཀྱི་ཁ་བས་དབང་མེད་དུ་བཀུག་སྟེ་བཀྲ་ཤིས་ལོ་ལེགས་ཡོང་བའི་རྟེན་འབྲེལ་བརྗོད་བཞིན་གདོང་ལ་ཡིད་ཆེས་ཀྱི་ཁེངས་ནས་དཔྱིད་ཀྱི་ཁ་བ་ལ་བསྟོད་བསྔགས་བྱེད། འདི་ནི་ཁ་བའི་ཁྲོད་ཀྱི་ངོ་མཚར་རྨད་བྱུང་གི་བྱུང་བ་ཡིན་ལ། དཔྱིད་ཀར་བབ་པའི་མཛེས་སྡུག་ཡིད་དུ་འོང་བའི་ཁ་བ་འབབ་སྟངས་གཞན་ཞིག་ཀྱང་ཡིན།

དཔྱིད་ཀའི་ཁ་བ་ནི་སྤུ་སོབ་སོབ་ཀྱི་ཤིང་བལ་ཐང་ལ་བརྡལ་བ་དང་ཧ་ཅང་མཚུངས། ས་གཞིར་ཁད་ཀྱིས་དྲོད་ཁོལ་རྒྱས་པའི་དཔྱིད་ཀར་གདོང་ལ་སྤྲོ་འཛུམ་གྱིས་བརྟས་པའི་བྱིས་པའི་ངོ་གདོང་དང་ཅི་འདྲ་མཚུངས་ཨང་། དུ་བ་སྔོ་ལྷོག་གེར་འཕྱུར་བའི་དབེན་གྲོང་གི་ཁང་སྟེང་ཁ་བ། ནོར་འཛིན་གྱི་བུ་མོར་ཆགས་པའི་མི་ཟླུམ་གྱི་ཐུགས་ཀ་ནས་འཕྲོས་པའི་འདོད་བརྩེ་དྲག་པོའི་འོད་ཀྱི་ཟེགས་མ་རེ་རེས་ཀུན་ནས་གཞོམ། ཏག་ཏག་ཤུལ་དུ་བཞག་པ་ནི་དྲན་གདུང་གིས་ལྕི་བའི་དཔྱིད་ལྷགས་དེ་མ་ཡིན་ནམ།

ཁ་བའི་ཁྲོད་ཀྱི་དཔྱིད་ཀ །གཡུ་སྔོན་གྱི་ཞུན་མར་འཁུ་བའི་མཐིང་མདོག་གི་ཨ་སྔོན་དེ་འཕྲལ་མར་བཞིན་མདངས་མངོན་སོང་བ་རེད་དམ། ཐོལ་བྱུང་གི་མགུར་གླུ་འགའ་ཞི་དུལ་གྱི་དབེན་གནས་ཤིག་ནས་ཁ་བའི་ཀློང་ནས་དབང་མེད་བརྡོལ་དུས། དཔྱིད་ཀྱི་ཁ་བའི་འདབ་མ་རེ་རེས་ཅི་ཞིག་འཚོལ་བཞིན་ཡོད། རང་དབང་མེད་པར་ཉི་ཟེར་གྱི་མདའ་མོས་དལ་གྱིས་བཞུས་སོང་བའི་ཁ་བའི་འདབ་མ་དེ་ལའང་ར་མདའ་མེད་པ་ཅི་ཡིན་ནམ།

༢༠༡༩/༤/༡ཉིན་གྲུབ།

སྐྲ་ལོ་དཀར་པོ།

                           ____དྲིན་ཆེན་གྱི་ཨ་ནེ་ལ།

     དུས་ཚོད་ནི་གཙང་བོ་བཞིན་དལ་གྱིས་རྒྱང་རིང་རྒྱང་རིང་དུ་བཞུད་དུས། ཡ་གིའི་དཀར་གཙང་གི་གངས་རི་འདི་ཁྱེད་ཀྱི་བཞིན་རས་དང་། མ་གིའི་དྭངས་གཙང་གི་ཆུ་བོ་དེ་ནི་ཁྱེད་ཀྱི་འདས་སོང་གི་ལོ་ཟླ་ཡིན་པ་གཞི་ནས་རྟོགས་སོང་། ལོ་ཟླ་ནི་རླུང་བུ་བཞིན་མངོན་མེད་ངང་ཕྱོགས་བཞིར་ལྡང་འོང་དུས། ད་གཟོད་སྤྲིན་དཀར་གྱི་འོད་ཁྱིམ་དེ་ཁྱེད་ཀྱི་བརྩེ་བ་ཡིན་པ་ཚོར། རྫ་མགོའི་སྨུག་ལོང་དེ་ཁྱེད་ཀྱི་ང་ཚོ་ལ་བཞག་པའི་ཕྱི་མིག་གི་ཞེན་ཆགས་ཡིན་པ་ངང་གིས་རྟོགས་ཡོང་བ་ཆོས་ཉིད་ཅིག་ཏུ་འདོད།

ཨ་ནེ། ད་ནི་ཁྱེད་རང་ལོ་ལོན་འདུག །དུས་རླུང་དྲག་པོས་ཁྱེད་ཀྱི་གཞོན་དུས་ཀྱི་ལང་ཚོ་བཅོམས་སོང་། འཛུམ་བག་ཁྱེར་སོང་། འོན་ཀྱང་། ཁྱེད་ཀྱིས་དེ་དག་ལ་འཁང་ར་དང་འཁོན་སེམས་མེད་པ་དེ་ཁྱེད་ཀྱི་སེམས་རྒྱ་ལ་ང་ཚོས་སློབ་སྦྱོང་བྱ་དགོས་པར་འདོད། ཕལ་བ་མི་ཚེ་ཞིག་བློ་སྤོབས་དང་དད་སེམས་ཀྱིས་བསྐྱལ་བའི་མི་ཚེ་དང་། དཀའ་སྡུག་གི་མནན་པའི་མི་ཚེ་གཉིས་ཁྱད་པར་ཧ་ཅང་ཆེ། དྲང་མོར་བཤད་ན། ཨ་ནེ་ཁྱེད་རང་ལོ་ན་རྒས་སོང་། ངས་ཨ་ནེ་ཁྱེད་ཀྱི་འདས་སོང་གི་གོ་རིམ་ཇི་བཞིན་མི་རྟོགས་རུང་། ཁྱེད་ཀྱི་སྐྱིད་སྡུག་འདྲེས་མའི་ལོ་ཟླའི་ནང་ང་ཚོའི་ཆེད་དུ་མ་མྱངས་པ་མེད་པ་ངས་བློ་དཔོག་བྱེད་ཐུབ།

ཨ་ནེ། ཁྱེད་ཀྱི་ལུས་སེམས་རྒས་སོང་། ང་ཡི་ཡིད་སེམས་སྐྱོམ་བྱུང་། ངས་འདས་དོན་མང་པོ་ཞིག་ལ་ཞེ་བསམ་པའི་བསམ་གཞིགས་ཤིག་བཏང་ན། དྲན་གདུང་གིས་བསླངས་པའི་ཟླ་བའི་གཙང་གཞུང་ལས་ང་ཡི་མིག་ཆུ་བྲི། དྲིན་ཆེན་གྱི་ཨ་ནེ། ད་ནི་གླེང་མི་ཚར་བ་ནི་ཁྱེད་ཀྱི་བཀའ་དྲིན་ཡིན་ལ། བྲིས་མི་ཚར་བའང་ཁྱེད་ཀྱི་དྲིན་ལན་ཡིན། གནག་ཅིང་སྣུམ་པའི་སྐྲ་ལོའི་ལན་བུ་རེ་རེ་དུང་ལྟར་དཀར་བའི་གོ་རིམ་དེ་ཁྱེད་ཀྱིས་མྱངས་བཞིན་པ་དེ་སུ་ཡིས་རྟོགས།

དྲིན་ཆེན་ཨ་ནེ། ང་ཚོ་ཕྲེང་རྡོག་རེ་རེ་དེ་ཡིན་པའི་དབང་དུ་བཏང་ན། ཁྱེད་ནི་ཕྲེང་བའི་རྒྱུན་ཐག་དེ་ཡིན། ཕྲེང་བའི་མདོ་འཛིན་དེ་ཡིན། དཀའ་སྡུག་ཁྲི་མ་འབུམ་གྱིས་མནན་པའི་ཁྱེད་ཉིད་ནི། ང་ཚོ་གཉིད་ལས་དཀྲོག་མཁན་དེ་ཡིན། རྟག་པར་དགོད་སྒྲ་སློང་མཁན་དེ་ཡིན། ང་ཚོ་རིམ་གྱིས་ནར་སོན་དུས། ཨ་ནེའི་ལང་ཚོ་སྔ་ས་ནས་དགུན་ཟླའི་སྡོང་རྒན་ལ་འགྲན་ཟིན་པས། ངས་ཨ་ནེ་དྲན་དུས། ང་རང་ལང་ཚོ་རྒྱས་ཏེ་ཨ་ནེ་དང་རིང་དུ་བྲལ་བའི་ཐག་རིང་གི་གྲུ་ཟུར་ཞིག་ལ་ཡོད་པ་གཞི་ནས་ཚོར་བྱུང་།

ཨ་ནེ། ཁྱེད་ཉིད་དྲན་ཞོར་ངས་ཁྱེད་ཀྱི་རྒས་གསེར་གྱི་ཁེངས་པའི་བཞིན་རས་དང་། སེར་གས་ཁེངས་པའི་ཕྱག་ཟུང་། དཀར་པོ་དུང་ལ་འགྲན་པའི་དབུ་སྐྲ་དྲན་ངེས་ལ། ཡལ་དུ་མེད་པའི་ཨ་ནེའི་བྱམས་བརྩེ་ཡང་དྲན་སྲིད། ནོར་ཕྱུགས་ལྷས་ལ་བསྐྱིལ་ཞོར་བྲེལ་གྱིས་འདུར་བའི་སྣང་བརྙན་རེ་རེ་ངའི་དྲན་པའི་མེ་ལོང་ངོས་སུ་ནམ་ཡང་བསུབ་ཐབས་བྲལ་བ་ཞིག་ཏུ་གྱུར།

༢༠༡༩/༣/༢༥ཉིན་གྲུབ།

 

གྲོང་ཁྱེར་ནང་ནས་འབྲོག་པ་དྲན་ཚུལ།

 

གྲོང་ཁྱེར་ནང་ནས་བས་མཐའི་དབེན་འཇགས་ཁྲོད་ཀྱི་ནོར་དཀར་ལུག་ཁྱུ་ལ་འདྲེས་པའི་འབྲོག་སྡེ་དེ་དྲན་འོང་ལ། སྤང་ཐང་གི་གཡུ་རལ་འཁུར་བའི་འབྲོག་རྒོད་དག་ཀྱང་དྲན་འོང་། མཐོ་སྒང་གི་གྲང་ངར་ཀློང་ན་འབྲོག་པ་ཚོ་དཔའ་སྤོབས་ཀྱིས་འགྱིངས་ཤིང་། སྐྱ་ཆད་སྔོ་སྡུག་གི་དུས་སྐབས་ཤིག་ནས་ཉི་ནུབ་ཀྱི་དངན་པ་རྒྱབ་ཏུ་འཁུར་བའི་མི་ཚོགས་ལ་བདེ་མོ་སྔར་ནས་བཞག་ཟིན།

དེ་རིང་གྲོང་ཁྱེར་ནས་ངའི་ཡ་ཁོག་གི་འབྲོག་སྡེ་སྨུག་པོ་དེ་དྲན་ལ། མ་ཁོག་ནས་ཕ་མཁར་གྲུ་བཞི་དེའང་དྲན་འོང་། རྒྱུས་མེད་ཀྱི་ཁ་རླངས་ཀྱིས་སྦགས་པའི་གྲོང་ཁྱེར་གི་ངོ་གདོང་དེ་མཐོང་ཐེངས་རེར། གངས་ཆུའི་བཞུར་རྒྱུན་དང་འགྲོགས་པའི་ནོར་རྫི་ཚོ་དྲན་འོང་ལ། གྲོང་ཁྱེར་གྱི་མི་ཚོགས་དག་གི་གཤིས་སྤྱོད་མཐོང་དུས་མཐོ་སྒང་གི་བཙན་ས་སྲུང་བའི་འབྲོག་རྒོད་དག་ལྷག་ཏུ་དྲན་འོང་བ་ནི། ཁྱོད་དང་ཁ་ཐག་ཉེ་ཉེ་རུ་འགྲོ་བ་ཨེ་ཡིན་ནམ།

གྲོང་ཁྱེར་ནས་འབྲོང་རྒོད་བཏུལ་བའི་འབྲོག་གི་ཕོ་གསར་ཚོ་དྲན་འོང་ལ། དམངས་གཞས་སྙན་མོ་དག་གི་དབྱངས་རྟ་དང་འགྲོགས་པའི་འབྲོག་གི་མཛངས་མ་ཚོའང་དྲན་འོང་། ང་རང་གྲོང་ཁྱེར་ལ་ཐོན་དུས་གཞི་ནས་ང་རང་འབྲོག་པ་ཡིན་པ་ཚོར། གྲོང་ཁྱེར་ལ་ཐོན་དུས་ང་རང་སྔར་བཞིན་འབྲོག་ཕྲུག་ཀླད་མེད་ཅིག་བྱས་ཏེ་བསྡད་ན་ཆོག་པའི་གནས་ལུགས་དེ་རྟོགས།

གྲོང་ཁྱེར་ནང་དུ་མི་ཚོགས་མང་ཡང་རྒྱུ་འབྲས་བརྩི་བའི་མི་ཚོགས་ཧ་ཅང་ཉུང་། གྲོང་ཁྱེར་ན་ངོ་གདོང་ནག་ཀྱང་སེམས་རྩ་དཀར་བའི་འབྲོག་པ་དེ་བས་ཉུང་། གྲོང་ཁྱེར་ནས་ངོ་ཚ་མེད་པའི་མི་ཚོགས་དག་མཐོང་དུས། ངོ་ཚ་དོར་མེད་པའི་འབྲོག་ཕྲུག་དག་ལྷག་ཏུ་དྲན་འོང་།

སྔོན་ཆད་འབྲོང་རྒོད་འདུལ་མྱོང་མཁན་གྱི་འབྲོག་པ་ཁ་ཤས་ད་ལྟ་གྲོང་ཁྱེར་པ་ལ་འགྱུར་བཞིན་འདུག །ད་ལྟ་གྲོང་ཁྱེར་ན་གདོད་མའི་གཤིས་རྒྱུད་ལྡན་པའི་མི་མེད་ལ། འབྲོང་རྒོད་འདུལ་མྱོང་མཁན་གྱི་མི་དེ་བས་ཀྱང་མེད། གྲོང་ཁྱེར་ན་ངོ་ཚ་བོར་བའི་མི་ཡོད་ལ། གྲོང་ཁྱེར་ལ་སྒྲིག་ཁྲིམས་བརྩི་མཁན་མང་ཡང་རྒྱུ་འབྲས་བརྩི་མཁན་གྱི་མི་ཧ་ཅང་ཉུང་། གྲོང་ཁྱེར་ལ་ཡོད་པ་ནི་ཁྲ་ཁྲ་ཟིང་ཟིང་ལས་ཅི།

༢༠༡༩/༡/༡༠ཉིན་གྲུབ།

ཅི་ཡང་མེད་པའི་ཉིན་མོ།

ང་ཚོ་ལ་ཅི་ཡང་མེད། ཉིན་མོ་དེར། ལྷིང་འཇགས་སེའི་ཕྱི་རོལ་ན། ཉི་འོད་དང་སྐར་མའི་ཚོམ་ཡང་མེད། ཐ་ན་རླུང་བུ་ཙམ་ཡང་མེད་ལ། སྒྲོན་འོག་གི་སྦྲང་ཚོགས་ཀྱང་མེད།

ཅི་ཡང་མེད་པའི་ཉིན་མོ་དེར། ཅི་ཡང་མེད་པའི་ང་ལ་སུ་ཞིག་གིས་སེམས་ཁུར་བྱ། རང་ལ་སེམས་ཁུར་བྱེད་མཁན་ཡོད་མེད་ལ་བསམ་བློ་ཅི་ཙམ་བཏང་རུང་། ཐ་ན་མིག་ཟུར་ཙམ་གྱི་རྣམ་འགྱུར་གཏོང་མི་སྲིད།

ཅི་ཡང་མེད་པའི་ང་། བསླུ་བྲིད་ཀྱི་མཛེས་སྡུག་ཅིག་གི་ཆེད་དུ། དགུ་ཚིགས་ཀྱི་གཙང་ཆུ་ཅི་ཞིག་ཡིན་པ་ཙམ་ཡང་མ་ཚོར། ཅི་ཡང་མེད་པའི་རྒྱུ་མཚན་གྱིས་ཅི་ཡང་བསམ་མི་ཕོད་པའི་ང་།

དཀར་གསལ་ལེའི་ཉ་གང་གི་ཟླ་བ་ལ་རེ་སྒུག་བྱེད་མཁན་ལགས། ཅི་ཡང་འཛིན་འདོད་ཀྱི་སྨྱོན་ཧམ་མངའ་བའི་མིའི་རིགས་ལགས། རབ་རིབ་དང་ནག་ནོག་གིས་སྒྲིབ་པའི་ཉིན་མོ་དེར། ལྷིང་འཇགས་སེའི་ཕྱི་རོལ་གྱི་ཨ་སྔོན་ཡང་དག་ཅིག་འཚོལ་མཁན་ཡོད་དམ།

 

སྐོམ་གདུང་ཚད་མེད་ཀྱི་ཉིན་མོར། སྐྱོ་གཞས་ཐར་ཐོར་འཐུ་བཞིན་སེམས་པ་འདི་དམིགས་མེད་དུ་སེམས་གཡེང་བྱེད་དུས་སུ། ང་ལ་སེམས་ཁྲལ་ལྷག་མ་ཞིག་ཐོན་སོང་།

༢༠༡༩/༢/༢༠ཉུན་གྲུབ།

 

པཎ་ཆེན་ལགས། རིན་པོ་ཆེ།

 

དགུན་གཞུང་དེར། གཙང་བོ་དང་གཡོར་གྲུ་ཡོད་ཚད་འཁྱག་གིས་བསྡམས་ཤིང་། བྱ་ཁྱུ་དང་སྤྲིན་པ་མཁའ་མཐར་འཕུར། ད་དུང་། རི་རྩེའི་བསང་དུད་དག་ལྷ་ཡུལ་དུ་མཆེད་དུས། རིན་པོ་ཆེ། ཁྱེད་ཀྱང་མི་ལོ་སྟོང་ཕྲག་འགའི་ལོ་རྒྱུས་ཚེ་སྲོག་རིམ་བཞིན། ལྷགས་རླུང་གི་སོ་ཁ་ནས་མི་ཡུལ་ནས་ཕེབས་སོང་བ་བདེན་ནམ།

ས་ཆེན་པོ་འདིིའི་བྲང་གཞོང་ན་ལུས་པའི་ང་ཡི་མི་རིགས། ང་ཚོའི་ཆེད་དུ་མེས་པོའི་ཕྲག་གོང་གི་གསེར་གྱི་ཉི་མ་དེ་མུན་ནག་གི་སྒལ་ཚིགས་ལ་ལུས་པ་ཚོར་རམ། སྐུ་ཚེ་གང་བོར་བོད་མི་རིགས་ཞེས་མགྲིན་པ་བཏེགས་ཡོད་པ་དེ་བས་ཀྱང་ཤེས་སམ། བསྐལ་བ་ནས་བསྐལ་བའི་བར་ལེན་མི་ཐུབ་པའི་ཡིག་འབྲུ་ཁྲི་བདུན་མའི་གླུ་འདི་དེ་རིང་ཁྱེད་ཚོས་ལེན་ཕོད་དམ།  ང་ཡི་མི་རིགས། ནམ་ལངས་རྗེས་སུ་འོད་ལམ་ལམ་གྱི་ཉི་མ་ཤར་སྲིད་དམ།

པཎ་ཆེན་ལགས། རིན་པོ་ཆེ། ཁྱེད་ཉིད་གང་དུ་ཕེབས་སོང་།  དུང་ཟླ་དཀར་པོ་ཁྱེད་ཉིད་རྟབ་རྟབ་པོར་གང་དུ་ཕེབས་སོང་།  ཁྱེད་ཕེབས་ཤུལ་དུ་རི་རབ་དང་གཙང་བོ་ཐམས་ཅད་ཁུ་སིམ་མེར་གྱུར་སོང་། ཁྱེད་ཕེབས་ཤུལ་དུ་འཇིག་རྟེན་འདིའི་ཡོད་ཚད་སྨྲེ་སྔགས་ཀྱིས་ཁྱབ་སོང་། སྙིང་སྟོབས་ཀྱི་དར་ཆ་གངས་ལ་བཙུགས་རུང་། གངས་སེང་གི་ངར་སྐད་ཙག་རླུང་གིས་བསྡམས་སོང་། ཟླ་བ་འཚེར་ཆོག་པའི་མཁའ་ལམ་དང་། གངས་རི་འགྱིང་ཆོག་པའི་བསྟི་གནས་ནས་འབྲོང་གཡག་གི་རྭ་རྩེ་ངོམ་མི་ཆོག་དོན་ཅི། འོད་ཀྱི་གོང་བུ་ཞིག་མནར་གཅོད་ཀྱི་འཕྲང་ལམ་དུ་ང་ཚོའི་ཆེད་དུ་མ་འཛུལ་ལམ།

པཎ་ཆེན་ལགས། རིན་པོ་ཆེ། ཁྱེད་ནི་མགོ་ནག་བོད་པའི་སྐྱབས་མགོན། ཁ་བ་དཀར་པོའི་རྔམ་བརྗིད། ཁྱེད་ནི་བདེན་ལུགས་དང་རིགས་ཞེན་གྱི་དར་ཆ། ཁྱེད་ནི་ལ་རྒྱ་དང་རྟག་བརྟན་གྱི་རྡོ་རིང་། མི་ཡུལ་དུ་ཤོང་དཀའ་བའི་ཡིག་འབྲུ་ཞིག་གིས་ས་ཆེན་མོ་ཡོམ་ཡོམ་བསྒུལ་ཞིང་། སྐྱ་ལོག་གེར་གཟིམས་པའི་མི་རིགས་ཤིག་སྣུམ་ཤིག་གེར་གཏོང་མཁན་ཁྱེད་ལས་སུ་ཞིག་མཆིས། ཁྱེད་ཀྱི་གཟི་བརྗིད་ཀྱིས་བརྟས་པའི་སྐུ་གཟུགས་ལྷུན་པོ། སྟོད་དབུས་གཙང་རུ་བཞི་དང་། སྨད་ཀྱི་མདོ་ཁམས་སྒང་དྲུག་ཞབས་ཀྱིས་བཅགས་ཤིང་། བྱིན་གྱིས་བརླབས་པ་ཐེངས་གཅིག་གིས་ག་ལ་ཚད།  པཎ་ཆེན་ལགས། རིན་པོ་ཆེ།

ཆོས་སྲིད་ཀྱི་ཀ་ཆེན་ཞིག་དབྱིངས་སུ་བཏེགས་པ་ནས་བཟུང་། དམོད་མོ་དང་ཞེ་འཁོན་གྱིས་ས་གཞི་ཁྱབ་སོང་། མདོ་དབུས་མཐོ་སྒང་གི་གྲང་ངར་ཁྲོད་དུ་ཁྱེད་ཀྱི་མགུར་དབྱངས་ལྟ་བུའི་གསུང་སྐད་ཀྱི་མཚོ་མོ་འཁྱིལ་ཡོད། ཁྱེད་ཀྱི་བཀའ་དྲིན་ཁ་བ་རི་པའི་གླིང་དུ་ཁྱབ་ཡོད། ཁྱེད་ཀྱིས་ཞབས་རྗེས་གངས་རིའི་ལྗོངས་ལ་བཞག་ཡོད། ཁྱེད་ཀྱིས་བོད་ཅེས་པའི་ཡིག་འབྲུ་འདི་རི་བོ་ཧི་མ་ལ་ཡའི་རྔམ་བརྗིད་ཀྱི་དབུ་ལ་བརྐོས་སོང་། པཎ་ཆེན་ལགས། རིན་པོ་ཆེ།

པཎ་ཆེན་ལགས། རིན་པོ་ཆེ། ཁྱེད་རང་གང་དུ་བཞུད་སོང་།

ཁྱེད་མེད་པས་ནམ་མཁའ་སྨག་གིས་ཁྱབ་སོང་། ས་གཞི་རྡུལ་གྱིས་གཡོགས་སོང་། གངས་རིའི་ཉི་མས་མུན་ནག་གི་འོབ་དོང་ནས་གོམ་པ་ལྗིད་མོ་ཞིག་མཐོ་སྒང་གི་སྤྱི་གཙུག་ན་སྤོས་པ་དེའི་དྲིན་གྱིས་རྔམ་བརྗིད་ཆེ་བའི་མི་རིགས་ཤིག་ལ་ཕུགས་འདུན་བསྐྲུན་སོང་།  པཎ་ཆེན་ལགས། སྣང་བ་མཐའ་ཡས།

༢༠༡༩/༡/༢༨ཉིན་གྲུབ།