ཧོར་ཟླ་གསུམ་པའི་ཉིན་གཉིས་པར་གློ་བུར་གྲགས་པའི་དབྱར་རྔ་ཞིག་གིས་དགོན་པའི་ཉེ་འདབས་ཀྱི་རི་གྲོང་ཐམས་ཅད་མུན་རུབ་པར་བྱས་ཤིང་བདག་ཀྱང་བྱིའུ་རླུང་འཛིན་ནང་ཚུད་པ་ལྟར་རང་གི་སྡོད་ཤག་གྲུ་བཞིར་ཡུན་རིང་བར་ལུས། སྤྱིར་ན་ཉིན་དེའི་འཆར་གཞི་ནི་མལ་ལས་ལངས་མ་ཐག་ཁ་ལག་གཙང་མར་བཀྲུས་ནས་ཞོགས་ཇ་དང་མཉམ་དུ་ཁ་བཏོན་ལ་རོལ་རྗེས། སྐུ་ཞབས་ཟླ་ནོར་དང་མཉམ་དུ་རླངས་འཁོར་ཞིག་བསྡད་ནས་ལྷ་སའི་ཤར་ཕྱོགས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་ཕྱོགས་སུ་གུ་ཡངས་ལ་སོང་ནས་སྔོན་མའི་སློབ་གྲོགས་བཀྲ་ཤིས་ལ་དུས་སྟབས་ཏེ་གནའ་བོའི་གྲོང་ཁྱེར་རྩེད་ཐང་ལ་དགུང་ཟས་རོལ་བ།ཕྱི་དྲོ་མགོན་པོ་རི་འཛེགས་ནས་ལུས་སྦྱོང་བྱེད་རྒྱུ་ཡིན་མོད། འོན་ཀྱང་ཞོགས་པ་དེར་གཉིད་ལས་སད་མ་ཐག་གནམ་གཤིས་མི་ལེགས་ཤིང་ཁ་དབུགས་མི་གཙང་བའི་གངས་ཆར་གྱི་རླུང་འཚུབ་དག་སྒེའུ་ཁུང་ནང་འཕོས་བཞིན་མལ་ནས་ལང་མི་འདོད་པར་ཕྱི་པོར་ལུས། ཅུང་མ་འགོར་བར་སྒོ་བརྡུང་བའི་སྒྲ་ཞིག་རྣ་བའི་བུ་གར་བརྟོལ་བས། ངས་ཆོས་གོས་རྣམས་ཚབ་ཚུབ་ཀྱིས་གྱོན་ཞོར་ག་ལེར་སྒོ་ཕྱེ་སྐབས་དུས་རྒྱུན་ང་དང་ཁ་ཐག་རིང་ཤོས་ཀྱི་གྲོང་པའི་ཨ་ཇོ་བསྟན་འཕེལ་རྔམས་སྐྲག་དང་བཅས་གདོང་གཤིས་རོག་པོར་གྱུར་ནས་མི་འདོད་པའི་རྣམ་འགྱུར་དུ་མ་སྟོན་བཞིན་ང་ལ་ཁྱོད་ནི་གྲྭ་ཆས་གྱོན་པའི་སྤྱང་ཀི་སྡུག་བཙུབ་ཅན་ཞིག་རེད།ཁྱོད་ཀྱིས་ངའི་ཕུགས་བསམ་དང་བདེ་སྐྱིད་ཡོད་ཚད་མེད་པར་བཟོས་སོང་། ཁྱོད་ནི་ངས་ནམ་ཡང་མཐོང་འདོད་མེད་པའི་མི་དེ་རེད་ཟེར་བཞིན་ཕྱིན་སོང་།རྐྱེན་ངན་ནི་མགོ་ཐོག་ཏུ་བཀབ་པའི་རས་ནག་པོ་ཡུག་གཅིག་དང་འདྲ་སྟེ་དེས་ངའི་རེས་གཟའ་ཉི་མའི་ཡར་ཀླུང་གཙང་པོའི་གུ་ཡངས་ཀྱི་བདེ་སྐྱིད་ཡོད་ཚད་ཁ་ཁ་སོ་སོར་བཏང་སོང་ལ་ལྷག་པར་དུ་རི་གྲོང་གི་ཆགས་སྒོ་ནི་གདོན་བགེགས་གཞན་དང་བསྡུར་ན་ལྟོས་བྲལ་གྱི་ཆགས་སྒོ་གཏིང་མཐུག་ལ་ཤིན་ཏུ་མནག་པ་ཞིག་ཡིན་པས་ཆགས་སྒོ་དེའང་ཚགས་དམ་ཞིང་བཟོད་དཀའ་བ་ཞིག་ཏུ་ཟད།

བདག་གི་མིང་ལ་སྨན་སྐྱབས་ཟེར་ཞིང་། ཕོ་ལོ་༣༠ཡིན་ལ། ཉེ་སྔོན་སློབ་ཆེན་འགྲིམས་ཤིང་ད་ལྟ་རི་གྲོང་དེའི་ཉེ་འདབས་ཀྱི་དགོན་པ་ཞིག་ཏུ་ཆོས་ཞུགས་ལ་སྡད་ནས་དགོན་པའི་ཟ་ཁང་གི་གཉེར་པའི་འགན་ཁུར་ཡོད། ལོ་བཅུའི་སྔོན་དུ་ཕ་ཡུལ་དང་ཁ་བྲལ་ནས་འདི་གར་གཞིས་སྡོད་བྱས། དེའི་རིང་རི་གྲོང་དེའི་མི་སེར་རྣམས་ལ་ག་ཚོད་མཐུན་མཐུན་བྱས་ཀྱང་ཉེ་བའི་གྲོགས་ལ་སྐྱོན་གྱི་མི་ཁ་མང་ཞེས་པ་ལྟར་དགོན་པའི་དོན་ལས་གྲོང་པ་དང་ཁ་ཐག་རིང་ཡང་ཨ་ཇོ་བསྟན་འཕེལ་ནི་དེ་བས་ང་དང་ཁ་ཐག་རིང་ཤོས་དེར་གྱུར། ལོ་གསུམ་གྱི་ཡར་སྔོན་དུ་གྲོང་ཁྱེར་ནང་ཡོད་པའི་དགོན་པའི་ཟ་ཁང་ཆུང་ཆུང་དེར་ལས་མི་བསྡུ་བའི་བརྡ་ཐོ་བཀྲམ་རྗེས་ཕྱོགས་མང་པོ་ནས་ལས་ཀ་འཚོལ་མཁན་མང་པོ་ཡོང་ནས་ཟླ་རེར་གླ་ཕོག་ག་ཚོད་སྤྲོད་དམ་ཟེར་ཞིང་ཚང་ཁ་འུར་འུར་བྱས་ཀྱང་ཁོ་ཚོའི་ཁྲོད་ལ་ང་ཚོར་དགོས་མཁོ་ཆེ་ལ་བསམ་སྡད་པའི་མི་གཞོན་ནུ་ཞབས་ཞུའི་རྣམ་འགྱུར་བཟང་བ།ལུས་དང་ངོ་གདོང་གི་རྣམ་པ་གང་མཚམས་ཡོད་པ་གཅིག་ཀྱང་མིན་འདུག  འོན་ཀྱང་ག་ལེར་དེ་སྔོན་ལྕགས་རི་རིང་པོ་ནས་ངོ་ཤེས་སྡད་པའི་གྲོགས་མོ་རྙིང་པ་སྐལ་ཆོས་ཀྱི་ཁ་པར་སླེབས་བྱུང་། དེའི་སྐོར་གླེང་རྒྱུ་བྱུང་བས་མོས་ང་ལ་ལས་མི་གསར་པ་ཞིག་ངས་འོས་འབྱོར་བྱེད་ཆོག་ཁོ་ནི་ཟ་ཁང་གི་ལས་ཀར་རྒྱུས་མངའ་ཟབ་ཅིང་གང་ཅིའི་འཐད་ནས་ང་ལ་དགོས་པའི་མི་དེར་གསལ་བཤད་བྱས། ཅུང་ཟད་བློ་ཁ་ཁེངས་ནས་སང་ཉིན་མི་དེ་ཟ་ཁང་དུ་བསུ་རྒྱུའི་འདུན་པ་བཅངས།  ཟ་ཁང་དུ་འབོད་རྗེས་ཁོ་ནི་ང་ཚོ་དང་ས་ཐག་ཉེ་ཤོས་དགོན་པའི་རྒྱབ་ཀྱི་གྲོང་པའི་ཨ་ཇོ་བསྟན་འཕེལ་རེད།སྐལ་ཆོས་ཁོ་གཉིས་ནི་མི་རིགས་སློབ་ཆེན་སྐབས་ངོ་ཤེས་སྡད་པའི་སློབ་གྲོགས་རྙིང་པ་ཞིག་རེད་འདུག་ལ་ཕན་ཚུན་རོགས་རམ་གྱི་རྣམ་པ་ཡང་ཆུ་མོའི་རྒྱུན་བཞིན་བར་མ་ཆད་པར་གནས་ཐུབ་མཁན་ཞིག་རེད་འདུག ཨ་ཇོ་བསྟན་འཕེལ་ནི་ངས་རྒྱུས་མངའ་ཆེན་པོ་ཡོད་པས། དེ་སྔོན་ང་དགོན་པར་ལས་འགན་མེད་པར་སྡོད་སྐབས་ཁོ་པ་སློབ་ཆེན་འགྲིམས་པའི་སྐབས་དང་མཚུངས་ཤིང་དེའི་སྐབས་ཁོའི་པ་ཕ་དང་ངེད་གཉིས་ཀོང་པོ་ལ་དགོན་པའི་མེ་ཤིང་ལེན་པར་འགྲོ་སྐབས་སྟབས་མ་ལེགས་པར་མོ་ཊའི་འཁོར་སྐག་སྐྱོན་ཤོར་ནས་འགྲིམས་འགྲུལ་གནས་ཚུལ་ཤུགས་ཆེན་བྱུང་ནས་བསྟན་འཕེལ་པ་ཕ་སྨན་ཁང་ཆེ་ཕྲ་ཆུང་གསུམ་ཐམས་ཅད་ལ་ནད་སྐྱོབ་གང་དྲག་བྱས་ཀྱང་མ་ཕན་པར་རྐང་པ་གཉིས་ཀར་གནོད་སྐྱོན་ཤོར་ནས་ཉལ་སར་ལུས།ང་ནི་དེ་ཙམ་གྱི་སྐྱོན་མ་བྱུང་ཡང་ལག་པ་གཡས་པའི་དཔུང་ཚིག་ལ་ཚོར་བ་མེད་པར་གྱུར་ནས་ད་བར་དཔུང་པ་མི་བདེ་བ་དེར་འགྱུར། ཉམ་ཐག་མི་ལ་གདོན་བགེགས་མགོ་བོ་མཐོ་ཞེས་པའི་དཔེ་ལྟར་ཁོའི་པ་ཕ་ཉལ་སར་ལུས་པའི་ཁར་ཨ་མས་ནང་དེ་མ་སྐྱོང་བར་གྲོང་པའི་ཨ་ཇོ་ཉི་མ་དང་མཉམ་དུ་ནང་འདི་ནས་ཁ་བྲལ་བའི་ལོ་རྒྱུས་སྐྱོ་པོ་ཞིག་བྱུང་བ་མ་ཟད་ཁྱིམ་ཚང་ནང་བུ་ཕྲུག་ཁོ་པ་ལས་མེད་རྐྱེན་ནང་ལ་པ་ཕའི་ནད་གཡོག་ཏུ་སློབ་ཆེན་ནས་ཕྱིར་འཐེན་མ་བྱེད་ཀ་མེད་བྱུང་ནས་ལས་ཀའི་ཐོབ་ཐང་ཤོར་སོང་བའི་སློབ་ཆེན་པ་ཞིག་རེད། དེ་ནས་བཟུང་ངས་གང་ས་གང་དུ་སློང་མོ་རྒྱུག་པ་དང་བུན་སྐྱེད་གཡར་བར་ཕྱིན་ནས་ཁོའི་པ་ཕའི་ནད་གཞི་སྐྱོབ་ཐབས་བྱས་ཏེ་ཁོ་མུ་མཐུད་སློབ་ཆེན་མཐར་ཕྱིན་པ་ཡོང་རྒྱུའི་རེ་བ་ཇི་ལྟར་བྱས་མོད་ཀྱང་། སློང་མོ་བྱས་པའི་སྒོར་ཁྲི་གཉིས་ཀྱི་ཁོའི་པ་ཕའི་ནད་དེ་བཅོས་རྒྱུ་ལྟ་ཞོག་སྔོན་འགྲོ་ཙམ་གྱི་འགྲོན་དངུལ་ལས་གཞན་ཅི་ཡང་མ་བྱུང་། སྨན་པས་བཤད་པའི་བརྒྱ་ཆ་བརྒྱད་ཅུའི་ཁས་ལེན་ལྟར་ནའང་འགྲོན་དངུལ་ཁྲི་སུམ་བཅུ་ལྷག་ཙམ་དགོས་ཀྱི་ཡོད་པར་བཤད། གང་ལྟར་འགྲིམས་འགྲུལ་ཉེན་ཚབ་བྱུང་བའི་སྐབས་ཁ་ལོ་བ་ང་རང་ཡིན་པའི་ཆ་ནས་བསྟན་འཕེལ་གྱིས་དེ་ནས་བཟུང་ང་ལ་ཁོོང་ཁྲོ་ཐེངས་མང་བྱས་ཤིང་ཐ་ན་ངའི་ཚེ་སྲོག་ལ་གནོད་པའི་བྱ་འགུལ་ཡང་སྤེལ་རྩིས་བྱས། དེ་བས་ཁོང་ཚོའི་ནང་ལ་གོད་ཆགས་དེ་འདྲ་ཡོང་རྒྱུ་ཚང་མ་ངའི་མགོ་ཐོག་ཏུ་བཀལ། འོན་ཏེ་ངས་སེམས་འཛིན་རྩ་བ་ནས་མ་བྱས་པར་བསྟན་འཕེལ་ཁོ་པར་བསྟུན་གང་ཐུབ་དང་རོགས་རམ་བྱེད་གང་ཐུབ་བྱས་ཀྱང་ཁོ་པའི་མིག་ནང་ང་ནི་ནམ་ཡང་མཐོང་འདོད་མེད་པའི་གྲྭ་རྒན་ཞིག་དང་ཁོང་ཚོའི་ཁྱིམ་ཚང་དཀྲུག་པའི་གྱོད་ཀྱི་གཏེ་བོ་ཞིག་ཏུ་འགྱུར། འོན་ཀྱང་ངས་བསྟན་འཕེལ་པ་ཕའི་ནད་བཅོས་ནས་བསྟན་འཕེལ་སློབ་མཐར་ཕྱིན་པ་བྱེད་རྒྱུའི་འདུན་པ་ནི་ནམ་ཡང་སེམས་ལས་ཡལ་མྱོང་མེད་ལ་དེའི་ཐོག་ལ་འབད་རྩོལ་ཡང་ཧུར་ཐག་བྱེད་བཞིན་ཡོད། འོན་ཀྱང་སྟབས་མ་ལེགས་པར་ལོ་དེའི་སྟོན་ཀར་བསྟན་འཕེལ་ཁོའི་པ་ཕ་འཇིག་རྟེན་འདི་ནས་ཁ་བྲལ་སོང་།  ང་ཡང་དྲན་མེད་རྟ་ཕོ་བྱང་ཐང་མྱུལ་བ་བཞིན་དུ་ག་ཡིན་འདི་ཡིན་མེད་པར་དར་གཅིག་རིང་ཡོད་ཚད་རེ་ཐག་ཆད་པའི་སྣང་བ་ཞིག་འཁྱེར་ནས་སྡོད་དགོས་བྱུང་བ་ལས་ཐབས་གཞན་མ་རྙེད། དེ་ནས་བཟུང་ཁོའི་པ་ཕའི་རྗེས་མཇུག་རྣམས་སྒྲུབ་ནས་བསྟན་འཕེལ་ཁོ་པ་ཡང་ཡུལ་འདི་ནས་ཁ་བྲལ་རྩིས་བྱས། ངས་ཁོ་པར་ཁྱོད་འདི་ནས་མ་འགྲོ་ཁྱེད་ཀྱི་འཚོ་བའི་འགན་དང་སློབ་ཆེན་བརྒྱུད་གཞུང་ཞབས་པའི་ཡིག་རྒྱུགས་ལོན་པ་ངས་བྱས་ཆོག་བཤད།

དྲང་མོར་བཤད་ན་ང་ཡང་ཆོས་སྒོར་མ་ཞུགས་པའི་སྔར་སློབ་ཆེན་འགྲིམས་ནས་བསྟན་འཕེལ་དང་ཆ་འདྲ་བ་ཞིག་ཡིན་པས། ང་ཚོ་དང་འདྲ་མཉམ་སློབ་ཆེན་པ་དག་ལ་བསམ་ཤེས་དང་རྒྱབ་བསྐྱོར་བྱེད་རྒྱུ་ནི་ངའི་མི་ཚེ་འདིའི་བརྒྱུད་རིམ་ལས་ཉམས་མྱོང་ཆེ་ཤོས་དེ་ཡིན་པ་གོར་མ་ཆགས། ཁོ་པ་ཐེངས་དང་པོ་ཟ་ཁང་དུ་ཡོང་བའི་ཉིན་མོ་དེར་ང་ཚོ་སློབ་གྲོགས་ཁ་ཤས་དང་མཉམ་དུ་ཟ་ཁང་འགྲམ་གྱི་བོད་པའི་གངས་རྒྱན་བསིལ་ཟས་ནང་དེའི་སྤྱིན་བདག་དབང་འདུས་དང་མཉམ་དུ་ཚོང་ལས་ཐོག་ལ་སེམས་གཏམ་ཤོད་རེས་རྩིས་བཞིན་དགོད་སྒྲས་ཁ་མི་ཟུམ་པའི་དུས་ཤིག་ཡིན། བསྟན་འཕེལ་ཁོ་པ་ཡང་གྲོང་ཁྱེར་ནང་ལ་ལས་ཀ་བཙལ་ནས་ཡུན་རིང་སོང་ཟིན་ཡང་ལས་ཀ་ངོ་དྲག་པ་ཞིག་མ་རྙེད་པའི་སྐབས་དང་སྟབས་ཁེལ་བས་ང་ཚོའི་ཟ་ཁང་གི་ལས་མིར་མ་ཞུགས་ཐབས་མེད་དུ་འགྱུར།  ངའི་བསམ་པར་ཨ་ཇོ་བསྟན་འཕེལ་ཁོས་དེ་རིང་ང་དང་ཁ་ཐག་ཉེ་སའི་ཟ་ཁང་འདིར་ཡོང་བ་ནི་ཁོའི་སེམས་ལ་འགྱུར་བ་ཕྱིན་པའི་རྟགས་ཤིག་ཡིན་ནམ་སྙམ་པའིིདགའ་ཚོར་དམིགས་བསལ་བ་ཞིག་སྐྱེས། དེ་སྐབས་ཟ་ཁང་དུ་ལས་མི་གཉིས་ལས་མེད་པ་དེ་ཡང་མངའ་རིས་ནས་ཡིན་པའི་པད་སྒྲོན་དང་སྟག་རྩེ་ནས་ཡིན་པའི་སྒྲོན་སྐྱིད་གཉིས་ལས་མེད། ཐོག་མར་བསྟན་འཕེལ་ནི་གསར་དུ་སླེབས་པའི་བག་མ་དང་འདྲ་བར་སེམས་རྩ་ཁོལ་ཞིང་ལས་ལ་བརྩོན་པ་གང་ཅིའི་ཐད་ནས་ཁ་བཀོད་བྱེད་མི་དགོས་པ་ཞིག་ཏུ་ཟད་ནའང་། ང་ལ་ད་དུང་ཡང་འཛུམ་པའི་རྣམ་འགྱུར་སྟོན་གི་མེད། དེ་ནས་བཟུང་ང་ཚོ་བཞི་པོའི་མཐུན་སྒྲིལ་བཟང་པོའི་སྟོབས་ཤུགས་ལས་ཟ་ཁང་གི་ཚོང་ལས་ཉིན་རེ་ལས་ཉིན་རེ་ཇེ་བཟང་དང་ཇེ་ཡག་ཏུ་སོང་ནས་གྲོང་ཁྱེར་དེའི་ནང་གི་གྲགས་ཆེ་བའི་ཉི་མ་ལྷ་སའི་བོད་ཟས་ཁང་ཞིག་ཏུ་འགྱུར། ཉིན་ལྟར་ཞབས་ཞུ་བྱེད་སའི་མི་འབོར་མང་བས་ཁོ་ཚོ་ཡང་དཀའ་ངལ་ཆེ་བར་དོགས་ནས་ལས་ཀའི་རྣམས་གྲངས་ཅུང་ཟད་ང་རང་གི་འཕར་མ་བྱེད་དགོས་ཁེལ།

ཐབ་ཆུང་ཆུང་མེ་ཚ་བ་ལྟར་གུ་དོག་ལ་སྣུམ་ཞགས་ལྡན་པའི་ཉི་མ་ལྷ་སའི་ཚགས་ཤའི་འཐེན་ཐུག་དང་ཚགས་ཤའི་སྟིག་ཧྲུག་ལ་གྲོང་ཁྱེར་དེའི་ཡུལ་མི་མང་པོས་བསྟོད་བསྔགས་བྱས་ཤིང་ལྷག་པར་ཕྱི་ཕྱོགས་ནས་ཡོང་བའི་ཁོ་ཚོའི་མགྲོན་པོ་ཕྱི་གླིང་བ་རྣམས་ལ་ཕེབས་བསུ་ཞུ་སའི་ཟ་ཁང་གཙོ་བོ་ཞིག་ཏུ་འགྱུར། ཨ་ཇོ་བསྟན་འཕེལ་ཁོ་ཚོ་ཡང་ལས་ཀ་མང་ལ་ལས་མི་ཉུང་བའི་རྐྱེན་གྱིས་ཉིན་དེ་དག་རིང་དཀའ་ལས་ཆེན་པོ་བྱུང་སོང་། དེའི་རིང་ངས་བསྟན་འཕེལ་ལ་ཡང་བསྐྱར་སློབ་ཆེན་འགྲིམས་རྒྱུའི་ཁ་བརྡ་འགའ་བྱས་ཀྱང་ཁོས་ཁས་མ་བླངས་པར་ཟ་ཁང་ནང་གི་ལས་ཀར་ཟད་སོང་། སྒྲོན་སྐྱིད་དང་བསྡུར་ན་པད་སྒྲོན་ནི་དེ་འདྲའི་བློ་ན་རྣོ་བ་ཞིག་མིན་ལ། མོས་ཡིག་ངོ་ཆོད་པ་ཙམ་མ་གཏོགས་ཡི་གེ་ཁོ་ནར་བརྟེན་ནས་ཤེས་དགོས་པའི་དོན་ཟབ་མོ་དག་ནི་མོ་དང་འབྲེལ་བ་མེད་ཅེས་བཤད་ཆོག་སྟེ།  དཔེར་ན་སྒྲོན་སྐྱིད་ཀྱིས་ཡི་གེའི་བརྡ་ཆད་དག་ནི་གཅིག་ཀྱང་མི་ཤེས། ཡིན་ནའང་མོ་ནི་རང་བཞིན་གྱི་ཚོར་བ་རྣོ་བ་དང་། དོན་གསར་བ་ཐམས་ཅད་ཤེས་འདོད་ཆེ་ཞིང་དེ་དག་ལ་ཨ་གསར་བྱེད་ཐུབ་མཁན་ཞིག་ཡིན། ཟ་ཁང་ནང་དུ་ཡོང་ནས་ཉི་མ་མང་པོ་མ་འགོར་བར་མོས་བརྙན་འཕྲིན་ནང་གི་སློབ་ཁྲིད་ལ་བལྟས་ཏེ་ཚལ་སྣ་མང་པོ་གཡོས་སྦྱོར་བྱེད་ཤེས་པར་གྱུར་ཅིང་། ང་ཚོའི་དགོང་ཟས་ཀྱང་སྐབས་རེ་འཐེན་ཐུག་ལས་ཚལ་རིགས་ཀྱི་ཟས་སྣ་ཞིག་ཏུ་མོས་བསྒྱུར་སོང་། ངས་ཁོ་ཚོ་ལ་ཟླ་ཕོགས་ཐེངས་གཉིས་པར་སྦྱིན་དུས། སྒྲོན་སྐྱིད་ཀྱིས་དབྱིན་ཡིག་སྦྱོང་བའི་བརྩིས་འཕྲུལ་ཞིག་ཉོས་ནས་དགོང་མོའི་དུས་སྟོང་བེད་སྤྱད་ནས་ཕྱི་སྐད་ལ་བྱང་འགོ་བརྩམས། ཡིན་ཡང་ཟ་ཁང་གི་འཐེན་ཐུག་དང་ཏིག་ཧྲུག་ནི་པད་སྒྲོན་གཅིག་པུ་ལས་བསྟན་འཕེལ་ཁོ་གཉིས་ཀྱི་བྲོ་བ་ཆེན་པོ་དེ་ཙམ་བཟོ་ཤེས་ཀྱི་མེད། དེ་བས་དགོད་བྲོ་བ་ཞིག་ལ་ང་ཚོ་ཕན་ཚུན་ལས་ཀ་གང་ཡིན་ཀྱང་ལས་འཕྲོ་མི་བཞག་པར་ཉིན་གཅིག་གི་ལས་ཀའི་འཆར་གཞི་ཚང་མ་ལས་ཐུབ་པ་བྱེད་ཀྱི་ཡོད། སྐབས་རེ་ཨ་ཇོ་བསྟན་འཕེལ་སྣ་ཁུང་ཐུང་བ་དང་སྒྲོན་སྐྱིད་ཁ་རྣོ་བ། པད་སྒྲོན་ཨུ་ཚུགས་ཚ་བ། ང་རང་གླེན་རྟགས་ཆེ་བ་བཅས་ཀྱིས་ཅུང་ཟད་མི་མཐུན་པ་ཡོང་གི་ཡོད་མོད་ཀྱང་སེམས་གཏིང་ནས་འཁོན་འཛིན་བཅངས་ཏེ་སྡོད་མཁན་ཞིག་མེད་པས་རྩ་བའི་ཆ་ནས་ཡིད་ཆེས་དང་སྤྲོ་སྣང་དོད་པོ་ཡོད། ད་དུང་ང་ཚོའི་ཁྲོད་ལ་སྤོབས་པ་དང་དད་གུས་བྱེད་སའི་མི་སྣ་ཞིག་ཡོད་པ་ནི་ཨ་ཇོ་བསྟན་འཕེལ་གྱིནམ་ཡང་བར་སྟོང་གི་དུས་ཚོད་མ་རླགས་པར་གཞུང་ཞབས་པའི་དཔེ་ཀློག་ལ་མཚམས་མི་འཇོག་པ་དང་སེམས་ཤུགས་ལ་བར་མ་ཆད་པ་དེ་རེད།

ཐེངས་ཤིག་ཟ་ཁང་ལས་བར་ཐག་སྤྱི་ཁྲེ་བཅུ་ཡོད་པའི་གྲོང་ཁྱེར་སྤྲག་སྲིད་ཁང་ནས་བརྡ་ཐོ་ཞིག་འབྱོར་ཞིང་། ཁ་ཕྱེ་ནས་བལྟ་སྐབས་དེ་ནི་བསྟན་འཕེལ་དང་འདྲ་བའི་སློབ་མ་རྣམས་ལ་ཆེད་དུ་བཀོད་སྒྲིགས་བྱས་པའི་གཞུང་ཞབས་པའི་ཡིག་རྒྱུགས་ལ་འགྲོ་ཆོག་པའི་བརྡ་ཐོ་དམིགས་བསལ་བ་ཞིག་རེད་འདུག  ལམ་གསེང་ངས་བསྟན་འཕེལ་སྐད་གཏང་ནས་ཡི་གེ་དེ་སྤྲོད་སྐབས་ཁོའི་སེམས་ནང་རྨ་བྱས་འབྲུག་སྒྲ་ཐོས་པའི་རྣམ་པ་དེ་མངོན་བཞིན་ལོ་ངོ་བརྒྱད་ཙམ་རིང་སྐོམ་པ་ཆུ་འདོད་ལྟར་གྱི་རེ་འདུན་དེ་དེ་རིང་སྒྲུབ་ལ་ཉེ་སོང་ཞེས་ལག་པ་གཡུགས་གཡུག་བྱས་ནས་སྒྲོན་སྐྱིད་དང་པད་སྒྲོན་ཁོ་གཉིས་ལ་གཏམ་བཟང་དེ་ཤོད་པར་བརྩམས།  གང་ལྟར་བསྟན་འཕེལ་གྱི་ཉིན་མདེ་དག་ནང་ཉིན་མོར་དེར་སྟོན་པའི་འཛུམས་མདངས་འདྲ་བ་ཞིག་དགོད་མ་སོང་ལ་ངས་མཐོང་མྱོང་ཡང་མེད།   བསྟན་འཕེལ་གཞུང་ཞབས་པར་རྒྱུགས་སྤྲོད་བྱ་རྒྱུ་དེ་སྔ་ས་ནས་ངའི་རེ་བ་དང་འབད་ཁུངས་བྱ་ཡུལ་ཞིག་ཡིན་པའི་ཆ་ནས་ང་ཡང་དགའ་ཚོར་ཆེན་པོ་བྱུང་།  དེ་ནས་དེའི་རྗེས་ཀྱི་རེས་གཟའ་ཟླ་བའི་ཞོགས་པར་བསྟན་འཕེལ་ཟ་ཁང་ནས་ཉིན་ཤས་དགོངས་ཞུ་བྱས་ཏེ་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་བར་ཕྱིན། དེ་ཤུལ་ལ་ང་ཚོས་ཉེ་འཁོར་གྱི་དགོན་སྡེ་ཁག་ལ་བསངས་ཁ་བསང་གསོལ་དང་སྲུང་མར་འཕྲིན་བཅོལ་ཕུལ་ཞིང་དགོང་མོ་ཁ་ལག་ཟས་ཚར་རྗེས་སྒྲོལ་མ་བསགས་ནས་བསྟན་འཕེལ་གཞུང་ཞབས་པའི་ཡིག་རྒྱུགས་ལོན་པའི་ཐབས་ལ་འབད་བཞིན་སྐབས་རེ་ངེད་ཅག་གྲོལ་དུས་ནམ་གུང་གི་ཆུ་ཚོད་གསུམ་པར་ཉེ་བ་ཡང་ཡོང་གི་ཡོད། མ་ཟད་རྒྱུགས་རྭར་ང་ཚོ་གསུམ་རེས་མོས་ཀྱིས་སོང་ནས་བསྟན་འཕེལ་གྱི་སེམས་ཤུགས་འཕར་ཐབས་བྱེད་ཀྱི་ཡོད་མོད། གཟའ་ཟླ་བ་ནས་རྩིས་པའི་བདུན་ཕྲག་གཅིག་གི་མཇུག་ཏུ་ཡིད་ཐང་ཆད་པའི་གནས་ཚུལ་ཞིག་ང་ཚོའི་སྒོ་རྩར་སླེབས། དེ་ཡང་ཁ་དྲག་གཏམ་གསུམ་དབང་བཙན་པའི་གྲོང་ཁྱེར་ཕྱུག་བདག་དག་གིས་ཕ་མས་ཡིག་རྒྱུགས་གཏོང་མཁན་རྣམ་པར་དངུལ་སྤྲད་ནས་བསྟན་འཕེལ་ལྟ་བུ་ཉམ་ཆུང་སློབ་མའི་ཡིག་རྒྱུགས་བརྐུས་ནས་བདེ་བླག་མ་བྱུང་བའི་སྐད་ཆ་དེ་རེད། དེ་ལྟ་བུའི་ཞེ་མིར་ལང་བའི་སྐད་ཆ་དེས་བསྟན་འཕེལ་གྱི་ལོ་ངོ་ལྔ་ལྷག་གི་རྒྱལ་ཁའི་ཕུགས་བསམ་ཐམས་ཅད་སེར་བས་མྱུ་གུ་བཅོམ་པ་བཞིན་དུ་དབང་མེད་དུ་བཅོམ་ནས་རེ་ཞིག་ཁོ་པ་ཐང་དཀར་རྒོད་པོ་གཤོག་སྒྲོ་ཉམས་ནས་གཡང་ལ་ལྷུང་བ་བཞིན་ཡིད་ཐང་ཆད་ནས་ཟླ་ཤས་ལུས། ཉིན་དེ་དག་རིང་ཟ་ཁང་ལས་བྲེལ་ཚ་ཡང་ང་ཚོས་བསྟན་འཕེལ་ཁོ་པར་སེམས་གསོ་བྱས་ནས་བློ་སྟོབས་རྒྱས་སུ་བཅུག་པ་ལས་གཞན་གྱི་ལས་ཀའི་འཆར་གཞི་སོགས་གང་ཡང་མ་བཀོད། དེ་བས་ང་ཚོའི་འབྲེལ་བ་ནི་ལས་རོགས་དཀྱུས་མ་ཞིག་གི་འབྲེལ་བ་ཡིན་ཡང་ཕན་ཚུན་ཡིད་ཆེས་དང་བརྩི་བཀུར་ཞིག་གི་ཐོག་ནས་གཞོན་སྐྱེས་ཤིག་སློབ་མཐར་ཕྱིན་ནས་མེས་རྒྱལ་དང་མི་རིགས་ལ་སྲི་ཞུ་སྒྲུབ་མཁན་ཞིག་འོང་རྒྱུར་འབད་བརྩོད་ལྷོད་མེད་གནང་བཞིན་པ་དེ་རེད།  ལོ་དེའི་ཟླ་བ་དགུ་པའི་ནང་དགོན་པའི་དབུ་ཁྲིད་སོགས་ལ་གྲོས་བྱས་ནས་ཉིན་ཤས་ཟ་ཁང་སྒོ་བརྒྱབ་ནས་ང་ཚོ་རྒྱ་ནག་གྲོང་ཁྱེར་ཧྲན་ཀྲང་བརྒྱུད་ཡུལ་སྐོར་ལ་འགྲོ་རྒྱུ་བྱས་ཀྱང་གཟའ་འཁོར་དེའི་རེས་གཟའ་སྤེན་པའི་ཞོགས་པ་མ་གཏོགས་ཐོན་མ་ཐུབ།  དེའི་ཞོགས་པ་ནམ་མཁའ་གཡའ་དག་ཅིང་མཁའ་རླུང་རྣམས་སྒྱུ་མ་མཁན་གྱི་གར་འཁྲབ་པ་བཞིན་ལང་ལིང་དུ་ལྡང་ཞིང་འགྲུལ་མི་རྣམ་པར་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྟེར་གིན་གནམ་གྲུའི་ཞབས་ཞུ་མས་ང་ཚོ་འགྲུལ་མི་རྣམས་ལ་བདེ་འཇག་གི་སྐུལ་མ་གཏོང་ཞོར་བསྐྱོད་འགོ་བརྩམས།  བསྟན་འཕེལ་དང་སྒྲོན་སྐྱིད་ནི་སྔོན་ལ་འགྲོ་མྱོང་ཡོད་པ་ལས་པད་སྒྲོན་ང་གཉིས་གནམ་གྲུ་ནང་སྡད་ནས་དེ་ཕྱོགས་ལ་འགྲོ་བ་ཐེངས་དང་པོ་ཡིན་དུས་རྔམས་སྐྲག་ཀྱང་གཞན་དང་མ་འདྲ་བ་ཞིག་སྐྱེས་བྱུང་། ཆུ་ཚོད་འགའི་རྗེས་སུ་ཡུལ་དེར་འབྱོར་ནས་ཁང་པ་ཞིག་གླས་ཏེ་ཡུལ་དེའི་བྲོ་ལྡན་ཐུག་པ་འཐུང་བར་ཕྱིན། དེ་ནས་བཟུང་གང་ལྟར་ཉིན་བཅོ་ལྔའི་རིང་ང་ཚོས་གླང་ཆེན་འགྱིང་རི་དང་རི་བོ་རྩེ་ལྔ།རི་བོ་བྱ་རྐང་སོགས་གནས་ཆེན་ཁག་ལ་གང་འདོད་ཀྱི་སྤྲོ་བསང་བྱས་ནས་ཚུར་ཉི་མ་ལྷ་སའི་བོད་ཟས་ཁང་དུ་ལོག   དུས་ཡུན་དེ་དག་རིང་བསྟན་འཕེལ་ཁོ་པ་སྤྲོ་སངས་དོད་པོ་དེ་ཙམ་བྱུང་མེད་པ་མ་ཟད་ང་ལ་དེ་བས་འཁང་ར་བྱེད་པའི་རྣམ་འགྱུར་དེ་རྒྱུན་གཏན་ལས་རགས་པ་ཞིག་ཏུ་འགྱུར་སོང་།  ཡིན་ཀྱང་ངས་ཁོ་པའི་རེ་འདུན་དང་སྔར་གྱི་ཁོང་ཚོའི་ཁྱིམ་ཚང་གི་གུན་གསབ་ལ་བསམ་བློ་བཏང་ནས་ངག་འཇམ་པོས་གཞུང་ཞབས་པའི་ཡིག་རྒྱུགས་ལ་རང་སེམས་ཁྲལ་དགོས་མ་རེད་རྗེས་སུ་གོ་སྐབས་ཡོང་གི་རེད་ཡང་ཡང་བཤད། འོན་ཀྱང་དེ་སྐབས་ཡིག་རྒྱུགས་ལ་གཏོང་མཁན་མི་འབོར་མང་བ་དང་དེར་དོ་སྣང་བྱེད་མཁན་ཤུགས་ཆེ་བ། ད་དུང་ལྐོག་རྔན་སྤྲད་ནས་ཤེས་ཚད་ཀྱི་དམིགས་རིམ་བཞིན་ཡིག་རྒྱུགས་ཚད་མཐུན་འགྲོ་མ་ཐུབ་པའི་དབང་གིས་གོ་སྐབས་རགས་ཁག་པོ་རེད་ལ་རག་ཀྱང་ལོན་ཁག་པོ་རེད།  འོན་ཀྱང་དེ་ནས་བཟུང་ངས་ཟ་ཁང་གི་ཡོངས་འབབ་ལས་ཁྲི་བཅུ་གཡར་ནས་གོང་རིམ་དབུ་ཁྲིད་ངོ་ཤེས་ཡོད་ཚད་ལ་འབྲེལ་བ་དམ་ཟབ་བཟོས་ནས་དོན་དེ་མངགས་བྱ་ནན་ཏན་བྱས། དེ་མིན་ལས་མི་ངོ་ཤེས་ཡོད་ཚད་ལ་མངགས་བྱ་བྱས་ནས་མཐར་སྟོད་ལུང་ནས་ཡིན་པའི་གྲོང་ཁྱེར་སློབ་གསོ་བཅུད་ཀྱིས་ཅུས་ཀྲང་པད་མ་ཚེ་རིང་གིས་དེའི་ཐོག་ལ་རོགས་པ་གནང་ནས་ཟླ་དེའི་ཚེས་བཅུ་དགུ་ནས་བསྟན་འཕེལ་གཞུང་ཞབས་པའི་ཡིག་རྒྱུགས་ལ་ཞུགས་ཐུབ་པ་བྱུང་།

དེ་ཉིན་གཞི་ནས་བསྟན་འཕེལ་གྱིས་དགའ་ཚོར་ཆེན་པོས་ང་ལ་ཁྱོད་ནི་ངའི་དྲིན་ཅན་ཡིན་ཞེས་འཛུམ་མདངས་དྭངས་མ་ཞིག་སྟོན་ཞིང་དགོང་མོ་སྒྲོན་སྐྱིད་དང་པད་སྒྲོན་མཉམ་དུ་གླུ་གར་ཁང་ལ་འགྲོ་རྒྱུའི་རེ་བ་སྟོན་བྱུང་།  ངས་ཀྱང་ཁས་བླངས།  དེ་བས་ཡིག་རྒྱུགས་གཏོང་བའི་དུས་ཡུན་ནང་ཟ་ཁང་པད་སྒྲོན་ཁོང་གཉིས་ལ་འགན་སྤྲད་ནས་ང་རང་ག་ས་གང་དུ་འབྲེལ་བ་བསྒྱུར་བར་ཕྱིན་ཏེ་བསྟན་འཕེལ་གཞུང་ཞབས་པའི་ཡིག་རྒྱུགས་ལེགས་གྲུབ་ཡོང་ཆེད་ཐབས་ལམ་ལ་འབད་ནས་སྡད།  རིང་པོར་མ་སོང་བར་བསྟན་འཕེལ་གྲོང་ཁྱེར་དེ་ནས་བར་ཐག་སྤྱི་ལེ་༤༠༠ ཡོད་པའི་རྫོང་ཞིག་གི་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ལ་ལས་བསྐོས་རགས།  ངས་བསྟན་འཕེལ་གྱི་ཕའི་འགན་ཁུར་ནས་རྫོང་དེར་འགྲོ་བའི་དགའ་སྐྱེལ་གྱི་གྲ་སྒྲིག་བྱས་ཏེ་ཅུང་གྲ་རྒྱས་པའི་དགའ་སྐྱེལ་ཞིག་གཏང་ནས་བསྟན་འཕེལ་རྫོང་དེར་སྐྱེལ་བར་ཕྱིན།  འོན་ཀྱང་ལོ་ངོ་བདུན་ལྷག་གི་འཛའ་བརྩེའི་འཆིང་འཐག་དམ་པོས་མ་གློད་བཞིན་བསྟན་འཕེལ་ང་ཚོ་དང་ཁ་དགྱེས་སོང་ལ་དེ་བས་སྒྲོན་སྐྱིད་དང་བསྟན་འཕེལ་ཁོ་གཉིས་བྲལ་མ་ཕོད་པའི་སྣང་བརྙན་ཞིག་མངོན་གསལ་དོད་པོ་བྱུང་།  དེ་ནས་བཟུང་ང་རང་ཡང་བསྟན་འཕེལ་ལ་ཆད་པའི་གུན་གསབ་རྣམས་ཕྲོད་པའི་དགའ་བ་དང་བཅས་རེ་ཞིག་ཟ་ཁང་གི་ལས་ཀ་སྔོན་བསྟན་འཕེལ་གྱི་བྱེད་རྒྱུ་དང་རང་གིས་ལས་རྒྱུ་གཉིས་ཀ་དུས་གཅིག་ཏུ་ཟླ་བ་གཉིས་རིང་འཕར་མ་ལས་པ་ཡིན།  ཟླ་བ་གཉིས་ཀྱི་རྗེས་སྟོད་ལུང་ནས་ཡིན་པའི་འབྲུག་གྲགས་རྒྱ་མཚོ་ང་ཚོའི་ཟ་ཁང་གི་ལས་མིར་སླེབས།  ཟ་ཁང་གི་ཚོང་ཡང་སྔར་ལས་རྒྱས་ཤིང་ཉིན་ལྟར་བྲེལ་ཚུབ་ཁོ་ནས་ཟླ་བ་བདུན་ལྷག་འགྲོ་གི་འདུག་ལ་དེའི་ནང་བསྟན་འཕེལ་དང་ཁ་པར་འབྲེལ་མཐུད་མ་བྱུང་བས་དེ་ཉིན་ཁ་པར་བརྒྱབ་ནས་ཁོ་དང་སྐད་ཆ་མང་པོ་ཤོད་རྒྱུ་བྱུང་ལ་ཁོ་པ་ཡང་གང་ཅིའི་ཐད་ནས་གནང་དག་མེད་པ་ཤོད་ཀྱིན་འདུག  ད་དུང་སྒྲོན་སྐྱིད་དང་པད་སྒྲོན་སྐོར་དྲིས་ནས་ཁོང་གཉིས་ལ་འཚམས་འདྲི་ཞུ་རོགས་ཟེར་བྱུང་། འོན་ཀྱང་དེ་སྐབས་སྒྲོན་སྐྱིད་དང་ཁོ་གཉིས་ཁ་པར་ཐོག་འབྲེལ་བ་དམ་ཟབ་ཡོད་པ་ངས་མི་ཤེས།  གང་ལྟར་དགོན་པའི་ལས་བསྐོས་བཞིན་ང་དགོན་པའི་ཟ་ཁང་དེར་སླེབས་ནས་ལོ་ངོ་གཉིས་དང་ལོ་ཕྱེད་ལྷག་ཙམ་ཕྱིན་ཚར་འདུག   དེའི་རིང་དགོན་པར་འབུལ་རྒྱུའི་ཡོང་འབབ་ཀྱང་ཧ་ཅང་མང་པོ་བྱུང་། དགོན་པའི་ཐོག་མའི་འཆར་གཞི་ཡང་ཟ་ཁང་ནང་ལོ་གསུམ་སྡོད་དགོས་པ་དང་དེ་ནས་བརྗེ་ལེན་བྱེད་རྒྱུའི་མངགས་བྱ་ཡོད་པས་ང་ཡང་བསྡོད་ཆ་རྫོགས་ལ་ཉེ་བས་ཡར་དགོན་པར་ལོག་རྒྱུའི་གྲ་སྒྲིག་བྱས།

འོན་ཀྱང་ལོ་དེའི་ཟླ་བ་བཅུ་པའི་ཟླ་མཇུག་ཏུ་སྒྲོན་སྐྱིད་ཟ་ཁང་ནས་ཐོན་རྩིས་བྱས་ཤིང་བསྟན་འཕེལ་ཡང་མཉམ་དུ་སླེབས་ནས་ཁོ་གཉིས་མཉམ་དུ་ཟ་ཁང་ཞིག་འཛུགས་རྒྱུ་ཟེར་བ་དང་ཟ་ཁང་དེ་ཡང་དགོན་པའི་ཉི་མ་ལྷ་སའི་བོད་ཟས་ཁང་གི་ཡན་ལག་ཞིག་ཏུ་སྒོ་འཛིན་གཉེར་ཆོག་པའི་རེ་བ་འདོན་པར་སླེབས་བྱུང་།  ང་ཡང་རེ་ཞིག་ཅི་ཤོད་འདི་ཤོད་མེད་པར་སྔར་ཁོ་གཉིས་བྲལ་མ་ཕོད་པའི་རྣམ་པ་གཙང་མ་དེ་དྲན་ཞོར་ཁོ་གཉིས་ཀྱི་འབྲེལ་བ་ཡང་སྤྱིར་བཏང་ཞིག་མིན་པ་ཚོར་བཞིན་དོན་དེ་ངས་ཐག་ཆོད་ཀྱི་མེད། དགོན་པའི་དབུ་ཁྲིད་ལ་ཞུ་དགོས་རེད་ཞེས་བཤད། ཁོ་གཉིས་ཅུང་ཟད་མ་འདོད་པའི་རྣམ་འགྱུར་སྟོན་བཞིན་སྒོ་ཕྱིར་དོན་སོང” ཅུང་མ་འགོར་བར་ཡར་སླེབས་ནས་དགོན་པའི་དབུ་ཁྲིད་ལ་ཁྱེད་ཀྱིས་ཞུ་རོགས་ཟེར། ངས་ཀྱང་ཁོ་གཉིས་ཀྱི་འདོད་པ་བཞིན་དབུ་ཁྲིད་ལ་ཁ་པར་རྒྱབ་ནས་དེ་ལྟར་ཞུ་སྐབས་དབུ་འཛིན་གྱིས་”  དེ་ལྟར་སྒོ་འཛིན་ང་ཚོའི་ཟ་ཁང་གི་ཡན་ལག་ཏུ་གཉེར་ནས་ཟ་ཁང་བཙུགས་ན་ཆོག་ཀྱང་དགོན་པར་ལོ་རེར་ཁ་གསབ་ཏོག་ཙམ་བྱེད་དགོས་པའི་སྐུལ་མ་གནང་།  ཁོ་གཉིས་ཀྱིས་དོན་དེར་མོས་མཐུན་བྱུང་ནས་དེ་ལྟར་གཏན་འཁེལ་བྱས།  ངས་ལམ་གསེང་སྒྲོན་སྐྱིད་ཀྱི་ཟླ་བཞིའི་གླ་ཆ་སྤྲོད་རྒྱུ་བསྡད་པ་དེ་སྤྲད་ནས་ཁོ་གཉིས་ཟ་ཁང་ལས་མར་ཙམ་བསྐྱལ། ཉིན་ཤས་རྗེས་གྲོང་ཁྱེར་དེའི་ནུབ་ངོས་ཤམ་པ་ལའི་མགྲོན་ཁང་ཁ་སྤྲོད་དུ་ཁོ་གཉིས་ཀྱིས་ཡན་ལག་ཟ་ཁང་དེ་བཙུགས་སོང་ལ་ང་ཡང་སྒོ་འབྱེད་མཛད་སྒོར་སྐད་བཏང་བ་བཞིན་ཕྱིན་པ་ཡིན། ཡིན་ཀྱང་ལོ་དེའི་ཟླ་བ་བཅུ་གཅིག་པའི་ཚེས་ཤར་ནས་ང་རང་ཟ་ཁང་ལ་སྡོད་ཆ་རྫོགས་ནས་དགོན་པར་ལོག་དགོས་འཁེལ་ཏེ་ཁོ་གཉིས་སར་འགྲོ་རྒྱུ་མ་བྱུང་ཞིང་དེ་བས་ཁོ་གཉིས་ཀྱིས་ལས་ཀའི་བྱེད་ཕྱོགས་ལ་བལྟ་རྒྱུ་མ་བྱུང་། བསྟན་འཕེལ་གྱིས་ངལ་གསོའི་སྐབས་མ་གཏོགས་རྫོང་དེར་ལས་ཀ་རང་ཅག་བྱས་ནས་ཟ་ཁང་ནང་སྒྲོན་སྐྱིད་དང་དེ་མིན་ལས་མི་གཉིས་གླད་ཡོད་ཟེར།  ཁོ་གཉིས་ཀྱི་ཕུགས་འདུན་ཡང་སྔར་ཉི་མ་ལྷ་སའི་བོད་ཟས་ལ་མི་མང་པོས་དགའ་པོ་བྱས་ཤིང་ཚོང་བྲིན་པོ་ཡོད་པའི་དགེ་མཚན་ལ་བསམས་ནས་བཙུགས་པ་ཡིན་ནམ་སེམས།   དེ་ནས་ངའི་ཚབ་ཏུ་དགོན་པ་ནས་ཉི་མ་ལྷ་སའི་བོད་ཟས་ཁང་ལ་སྐུ་ཞབས་ཟླ་ནོར་བཏང་སོང་།   བསམ་ཡུལ་ལས་འདས་པ་ཞིག་ལ་ཟླ་བ་གཉིས་ཀྱི་རྗེས་སུ་བསྟན་འཕེལ་དང་སྒྲོན་སྐྱིད་གཉིས་པོས་བསམ་ངན་བཅངས་ཏེ་དགོན་པའི་ཟ་ཁང་ཉི་མ་ལྷ་སའི་བོད་ཟས་ཁང་གཙོ་བོ་དེ་གོང་རིམ་དབུ་ཁྲིད་ཁག་ལ་འབྲེལ་བ་བསྒྱུར་ནས་བདག་དབང་ཡོངས་རྫོགས་ཁོ་གཉིས་ལ་ཐོབ་པའི་ངན་ཇུས་བཤམས། མ་ཟད་དགོན་པའི་ཟ་ཁང་ཉི་མ་ལྷ་སའི་བོད་ཟས་ཀྱི་མ་བྱན་གཙོ་བོ་པད་སྒྲོན་ཡང་ཟླ་རེར་གླ་ཆ་ལྡབ་འགྱུར་སྤྲད་དེ་ཕར་འཐེན་ནས་ཚགས་ཤའི་ཐུག་པ་དང་ཚགས་ཤའི་ཏིག་ཧྲུག་བཟོ་བཅུག་ནས་མགྲོན་པོ་ཕྱི་རྒྱལ་མང་པོར་དགོན་པའི་ཟ་ཁང་གི་མཁོ་འདོན་མ་ཡིན་བཞིན་དུ་དེར་གསལ་བཤད་འདྲ་ཆགས་བྱས། ད་དུང་ལྐོག་ཏུ་དགོན་པའི་ཉི་མ་ལྷ་སའི་བོད་ཟས་ཁང་གནས་འདིར་སྤོས་བཞག་པ་རེད་ཅེས་གྲོང་འཁྱམས་བར་ལ་ཁྱབ་སྒྲགས་བྱས། འོན་ཏེ་སྔར་ནས་དར་བཞིན་པའི་དགོན་པའི་ཉི་མ་ལྷ་སའི་བོད་ཟས་ཁང་ངོ་མ་ནི་མིང་ཙམ་ལས་མེད་པར་འགྱུར་ལ་ཁད་ཅིང་ཐབས་མཁས་རྩལ་དྲུག་གིས་ཉི་མ་ལྷ་སའི་བོད་ཟས་ཁང་གཙོ་བོ་དེ་ཆོག་འཆན་མེད་པར་བདག་དབང་ཡོངས་རྫོགས་ཁོ་གཉིས་ཀྱི་ཟ་ཁང་ལ་བསྒྱུར་རྒྱུའི་གྲ་སྒྲིག་བྱས། དེ་བས་ང་དང་དགོན་པའི་གནས་འབབ་ཡོད་ཚད་རྡོག་རོལ་གཏོང་བའི་འཁྲབ་གཞུང་གསར་བ་ཞིག་འཁྲབ་པའི་ཇུས་འགོ་བརྩམས།  དེའི་སྐོར་སོགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་དགོན་པའི་གླིང་ནང་གྲགས་ཤིང་དེའི་ཡས་མས་སུ་དབུ་ཁྲིད་ངའི་སར་ཕེབས་ནས་སང་ཉིན་ང་ཚོ་མཉམ་དུ་ཟ་ཁང་ཡོད་སར་འགྲོ་དགོས། མི་དེ་ཚོས་ཁྲིམས་ལུགས་ལས་འདས་པའི་བྱ་སྤྱོད་རྩིང་པོ་འགས་དགོན་པའི་ཟ་ཁང་མིང་ཙམ་ལས་མེད་པ་བཟོས་འདུག་ཟེར་ནས་ཕྱིན་སོང་།  སང་ཉིན་དེར་དབུ་ཁྲིད་ངེད་གཉིས་མཉམ་དུ་ཟ་ཁང་དེར་ཕྱིན་ནས་བསྟན་འཕེལ་ཁོ་གཉིས་ལ་སྐད་ཆ་བྱེད་རྩིས་བྱེད་དུས་ཁ་ཤུགས་ཆེན་པོས་ཁོ་གཉིས་ལ་ཉེས་པ་མེད་པའི་སྐོར་མང་དག་ཞིག་ཧམ་བཤད་བྱས།  དགོན་པའི་དབུ་ཁྲིད་སོགས་ང་ཚོས་ཀྱང་ཁོ་གཉིས་ཀྱི་ཁུངས་མེད་སྐད་ཆ་དེར་མ་ཉན་པར་བཟོ་ཚོང་ཅུས་ལ་སོང་ནས་གནས་ཚུལ་གསལ་སྒྲགས་བྱས་ཏེ་ལས་ངན་དེ་དག་ཁྲོད་ཀྱི་འབྲེལ་ཡོད་དབུ་ཁྲིད་སོགས་ཚང་མ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་རེ་བ་རྒྱ་ཆེན་སྟོན།   ངས་ཀྱང་གནོང་འགྱོད་ཆེན་པོས་ཁོ་གཉིས་ཀྱི་མདུན་སར་དྲིན་ལན་ལོག་འཇལ་བྱེད་མཁན་མི་ཁྱོད་ཚོའི་རིགས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་རང་རེད།  ངས་སྔར་ཡོད་ཚད་བློས་བཏང་ནས་ཁྱོད་གཞུང་ཞབས་པའི་ཡིག་རྒྱུགས་ལ་ལོན་ཐུབ་པ་བྱུང་བ་རེད། འོན་ཀྱང་ཁྱོད་ཀྱིས་ད་ལྟ་ང་ཙམ་མ་ཟད་དགོན་པའི་ཁེ་དབང་ལ་གནོད་པའི་ལས་ངན་འདི་འདྲ་སྤེལ་བ་རེད་ཟེར་བཞིན་ཉེན་རྟོག་པའི་སར་ཕྱིན།  དེ་ནས་མི་རིང་བར་ཁྲིམས་ལྟར་བསྟན་འཕེལ་དུས་བཀག་བཙོན་འཇུག་ལོ་གསུམ་དང་གཞན་ལྐོག་ཟ་རུལ་སྲུང་མཁན་དབུ་ཁྲིད་ཁག་གཅིག་ལོ་གཉིས།སྒྲོན་སྐྱིད་མངལ་དུ་ཕྲུ་གུ་ཡོད་པའི་རྐྱེན་ལས་ཉིན་བཅོ་ལྔ་བཅས་བཙོན་འཇུག་ལག་སྟར་བྱས་ཤིང་ཁོ་ཚོའི་སྔར་གྱི་ཐོབ་ཐང་ཚང་མ་མེད་པར་བཟོས།  དགོན་པའི་ཟ་ཁང་ཉི་མ་ལྷ་སའི་བོད་ཟས་ཁང་ཡང་རིམ་བཞིན་བདེན་པའི་མཐུ་ལས་སྔར་བཞིན་ཚོང་ཁ་རྒྱུག་པོ་བྱུང་བ་མ་ཟད། པད་སྒྲོན་ཡང་སྔར་རྒྱུན་ལྟར་ཚུར་ལོག་ཐུབ་པ་བྱུང་།  ལོ་གསུམ་གྱི་རྗེས་སུ་བསྟན་འཕེལ་དུས་བཀག་བཙོན་འཇུག་ཡོལ་ནས་ཕ་ཡུལ་ལ་ལོག་བྱུང་བ་དང་ང་མཐོང་མ་ཐག་ཁོང་ཁྲོ་ཆེན་པོས་ཁྱོད་ནི་ངའི་མི་ཚེ་གང་པོའི་གཏན་དགྲ་ཡིན་ཟེར་ཞིང་ང་དང་སྔར་ལས་ཀྱང་ཁ་ཐག་ཇེ་རིང་དུ་འགྱུར་སོང་། མ་ཟད་བསྟན་འཕེལ་ཁོ་པ་ཡང་སྔར་གཞུང་ཞབས་པའི་ལས་བསྐོས་རགས་པ་དེ་ལས་གནས་དབྱུང་གཏང་ནས་མཐར་ཅི་ཡང་མེད་པའི་འཚོ་བ་ངན་ངོན་ཙམ་ཞིག་མ་སྐྱེལ་རང་སྐྱེལ་ཤར་སོང་།

དེ་ནས་བཟུང་ང་ཡང་”གོང་གི་ཨ་ཇོ་བསྟན་འཕེལ་གྱིས་སྒོ་བརྡུང་ཞིང་རྔམས་སྐྲག་དང་བཅས་གདོང་གཤིས་རོག་པོར་གྱུར་ནས་ང་ལ་རྡེག་པའི་བར་རི་གྲོང་གི་ཆགས་སྒོ་དེའི་ཟློས་གར་ལ་འཁྱུད་ཅིང་མི་ཚེའི་དགའ་སྡུག་བརྗོད་བའི་ངང་ཚུལ་སྒྲུང་གཏམ་ནས་གླེང་བ་རྫོགས་སོ།།