དབྱིན་ཇིའི་རྩོམ་མཁན་ཨན་ཐོལ་ལོ་ཕུས(安*特罗洛普) “རྩོམ་པ་པོ་ཞིག་མར་བསྡད་ནས་སྒྲུང་གཏམ་འབྲི་ཚེ།ངེས་པར་དུ་གཏམ་རྒྱུད་ལེགས་པོ་ཞིག་བཤད་རྒྱུ་ཡོད་དགོས།” ཞེས་གསུངས་པ་ལྟར། སྤྱིར་རྩོམ་པ་པོ་ཞིག་ཡིན་ཙ་ན་དཔྱོད་ཤེས་ལས་ཚོར་ཤེས་ཤུགས་དྲག་ཅིང་གཏན་ཚིགས་ལས་འཆར་ཡན་དབང་བཙན་པའི་ཁྱད་གཤིས་ཤིག་མངོན་གསལ་དུ་ཡོད་དགོས་ཤིང་། ལྷག་པར་དུ་སྒྲུང་རྩོམ་འབྲི་མཁན་ཞིག་ཡིན་ན་རྟོག་བཟོ་དང་འཆར་ཡན་ལ་རབ་ཏུ་བྱང་ཞིང་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་སྣ་ཚོགས་སྨྲ་བར་གཞན་འདྲིང་མི་འཇོག་པ་ཞིག་ཡོད་ཚེ། ད་གཟོད་ཤ་མིག་ཕལ་པས་རིག་མི་ཐུབ་པའི་འཚོ་གནས་ཀྱི་ཆགས་འཇིག་དང་མི་གཤིས་ཀྱི་ཟབ་ཚད་མངོན་སུམ་དུ་ཚོར་ཐུབ་ཅིང་། འདི་སྣང་མྱོང་གོམས་སུ་སོང་བའི་མཐོང་ཐོས་དྲན་རེག་གི་ཆ་སྟེ། སྐྱ་བོ་མདོག་བྲལ་དང་གྲུ་བཞི་ཚུགས་མེད་ཀྱི་སྣང་ཚུལ་རགས་པ་དེ་དག་ལས་ཆེས་ཆེར་བརྒལ་བའི་མི་ཚེའི་གཏན་ཚིགས་དང་ཆགས་སྡང་གི་ཁ་དོག་གླེང་ཐུབ། དེ་བས། ཨ་ཧྥུ་ཧན(阿富汗)གྱི་སྒྲུང་གཏམ་མཁན་ཁལ་ཏི་ཧུ་སི་ཉི(卡勒德*胡塞尼)ནི་ཏག་ཏག་གཏམ་རྒྱུད་བཤད་པར་ལྷག་ཏུ་མཁས་ཤིང་འཆར་ཡན་དང་ཞིབ་འབྲི་ལ་རབ་ཏུ་བྱང་བའི་རྩོམ་པ་པོ་ཞིག་སྟེ། ཁོའི་འཐུས་ཚབ་བརྩམས་ཆོས《ཤོག་བྱ་འདེད་མཁན།》(追风筝的人)ཞེས་པར་མངར་སྐྱུར་འདྲེས་མའི་གཏམ་རྒྱུད་ཡིད་དབང་འཕྲོག་པ་ཞིག་བྲིས་ཡོད་ཅིང་། གཏམ་རྒྱུད་ཀྱི་སྔ་རྐྱེན་ཕྱིས་འབྱུང་དང་བྱུང་རིམ་གྱི་གྲུབ་ཆ་རེ་རེས་མི་སྣའི་རང་གཤིས་གྲུབ་པ་དང་གཏམ་རྒྱུད་རྙོག་འཛིང་ཅན་དུ་འཕེལ་བར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་སོང་བ་ལས། དགོས་མེད་ཀྱི་སྤྲོས་བཤད་དང་འཕྲི་ཆོག་ཆོག་གི་ཚིག་རྒྱན་ཞིག་རྩོམ་ཧྲིལ་པོར་ཧ་ལམ་མཐོང་དུ་མེད་པ་ནི་ཧ་ལས་པའི་ཚོད་དུ་སྣང་། ལྷག་པར་དུ་མི་སྣའི་སེམས་ཁམས་ཀྱི་འགལ་འདུ་དག་ཕྱོགས་མང་པོ་ནས་བཤམས་སྟོན་ཕུན་སུམ་ཚོགས་པ་བྱས་ཤིང་ནང་སེམས་ཀྱི་ཆགས་སྡང་དང་གནོང་འགྱོད།ཕྲག་དོག སུན་སྣང་། དོགས་འཚབ་སོགས་རེ་རེ་བཞིན་ཐ་སྙད་རགས་པ་ཙམ་དུ་མ་ལུས་པར་མངོན་སུམ་རྗེན་གཅེར་དུ་མྱོང་རྒྱུ་དང་ཚོར་རྒྱུ་ཡོད་པར་བྲིས་འདུག་པ་ནི་སྨྱུ་གུ་འཛིན་པ་ཕལ་མོ་ཆེས་བསམ་ཕོད་པ་ལས་བསྒྲུབ་མི་ཐུབ་པའི་སྒྱུ་རྩལ་གྱི་མཐོ་ཚད་ཅིག་ཏུ་མངོན། 

དུས་རབས་གོང་མའི་དུས་མཇུག་ཏུ་ཨེ་ཤེ་ཡའི་དབུས་ཤར་ཁུལ་གྱི་ཡུལ་དུས་གནས་བབ་དང་དམངས་སྲོལ་གོམས་གཤིས།ཆོས་ལུགས་དད་མོས། འདུ་ཤེས་འཛིན་ཚུལ་སོགས་ཇི་ལྟ་བར་ཡོད་པ་ནི་གཏམ་རྒྱུད་དེའི་དུས་རབས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཡིན་ཞིང་།བྱེ་བྲག་ཏུ་ཨ་ཧྥུ་ཧན་གྱི་གྲོང་ཁྱེར་ཁ་པུར(喀布尔)ནི་སྒྲུང་གཏམ་དེའི་བྱུང་རིམ་གྱི་བརྒྱ་ཆ་བདུན་ཅུ་ཙམ་ཞིག་འཕྲེད་གཞུང་གཉིས་སུ་བསྲིང་སའི་ཁོར་ཡུག་གམ་རྒྱབ་ལྗོངས་ཡིན། གྲོང་ཁྱེར་ཁ་པུར་དུ་གནས་འཆའ་བའི་ཁྱིམ་ཚང་དེ་ནི་སྦྱིན་བདག་ཕ་བུ་གཉིས་དང་གཡོག་པོ་ཕ་བུ་གཉིས་ཏེ། སྐྱེས་པ་བཞི་ལས་གྲུབ་པའི་ཁྱིམ་ཚང་དམིགས་བསལ་བ་ཞིག་རེད། གཏམ་རྒྱུད་དེའི་ནང་གི་སྦྱིན་བདག་ཕ་བུ་གཉིས་པོས་གཡོག་པོ་ཕ་བུ་གཉིས་ལ་ནམ་རྒྱུན་སེམས་དང་གློ་བ་ཇི་ལྟར་ཉེ་ན་ཡང་། དེ་ཉིད་རང་གི་གྲོགས་པོའམ་སྤུན་ཟླ་ཡིན་པར་མངོན་ལྐོག་གཉིས་ཀ་ནས་ཁས་ལེན་ཐུབ་ཀྱིན་མེད་པའང་དུས་སྐབས་དེའི་ཨ་ཧྥུ་ཧན་གྱི་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་མཚམས། ཤོག་ཁག་དང་གྲུབ་མཐའི་དབར་གྱི་འགལ་རྩོད་སོགས་གྲལ་རིམ་ཕྱོགས་འཛིན་གྱི་འདུ་ཤེས་གུ་དོག་དེའི་ངན་ཤན་དང་། གང་དེར་ཐོད་བརྒལ་དང་རྒྱབ་གཏོད་བྱེད་མི་ཕོད་པའི་མི་གཤིས་ཀྱི་ཉམ་ཆུང་གི་ཆ་དེས་ཀྱང་ཡིན་སྲིད། མ་ཟད། སྒེར་སེམས་དང་རང་འདོད་ཀྱི་བག་ཉལ་གཏིང་ཟབ་པོ་དེའི་དབང་དུ་སོང་བ་མིན་པའི་ངེས་པའང་མེད། གང་ལྟར་ཡང་།ནང་སེམས་ཀྱི་སྡར་མའི་རང་གཤིས་དང་སྒེར་སེམས་ཀྱི་ཆ་དེས་དེད་ཅིང་སྐུལ་བའི་མཐའ་མར་སྒྲུང་ནང་གི་མི་སྣ་གཙོ་བོ་ཨར་མིར(阿米尔) གྱིས་རང་ཉིད་ལ་ལྷག་བསམ་རྣམ་པར་དག་པའི་གྲོགས་པོའམ་གཡོག་པོ་ཧ་སང(哈桑)ལ་རྒྱབ་གཏོད་བྱས་པ་དང་། རང་སེམས་ཀྱི་གནོང་འགྱོད་དང་ངོ་ཚ་ལས་གཡོལ་ཕྱིར་མ་ཉེས་ཁ་གཡོགས་ཀྱིས་རྐུན་ཁག་བཙུགས་ཏེ་ཧ་སང་ཕ་བུ་གཉིས་ཁྱིམ་ཚང་གི་སྒོར་ཕུད་ཚུལ་བྲིས་པ་དེ་ཡང་ཨར་མིར་གནོང་འགྱོད་དང་ངོ་ཚས་མ་བཟོད་པས་དེ་དག་ལ་གཡོལ་ཐབས་བྱས་པ་ཙམ་ཞིག་ག་ལ་ཡིན་ཏེ། དོན་དངོས་སུ་ཨ་ཕའི་བརྩེ་བ་རང་ཉིད་ཁོ་ནས་སྒེར་སྡེམ་བྱ་འདོད་པའི་བག་ཉལ་གྱི་ཆ་དེས་ངོ་འབག་གཞན་ཞིག་གི་འོག་ནས་བྱ་སྤྱོད་སྤེལ་བ་ཙམ་རེད། དེ་ཡང་ཧྥུ་རོ་དབྱི་ཏེའི(佛洛伊德)སྐད་ཆ་ལྟར་ན། མིའི་གདོད་གཤིས(本我)ཀྱིས་རང་ཉིད་མངོན་དུ་བྱ་ཕྱིར་གཡོ་ཟོལ་གྱི་འཁྲབ་སྟོན་ཐེངས་ཤིག་བྱས་པ་ཙམ་རེད། བག་ཏུ་ཉལ་བའི་ཨར་མིར་གྱི་སྒེར་སེམས་དང་སྡར་གཤིས་དེ་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་སིམ་ནས་ཡོད་རྐྱེན་གཏམ་རྒྱུད་རྙོག་འཛིང་ཇེ་ཆེ་དང་སྒྲུང་གི་མཐོ་རླབས་གཅིག་མིན་གཉིས་མིན་དུ་འཕྱོ་བའི་ཁྱད་ཆོས་སམ་མཛེས་པ་དེ་བྱུང་བ་རེད། འོན་ཏེ། སྒེར་སེམས་དང་སྡར་གཤིས་དེ་དག་ནི་ཁོའི་གདོད་གཤིས་ཀྱི་ཟབ་ས་དེ་ཕྱིར་མངོན་ཚུལ་ཙམ་ཡིན་པ་ལས། འགོང་བའི་བདག(超我)གི་སྣང་ངོར་དེ་དག་ནི་ནག་ཉེས་དང་ནོར་འཁྲུལ་གྱི་ཕུང་པོ་ཞིག་ཡིན་པར་ངོས་གསལ་པོ་ཟིན་གྱི་ཡོད་པས། ཁོའི་སེམས་སུ་མི་གཤིས་དང་ལྷ་གཤིས་ཀྱི་འཐབ་འཁྲུག་ཚ་ཚ་འུར་འུར་ཞིག་ལངས་བྱུང་བ་རེད་ལ། སྒྲུང་གཏམ་འདིར་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པ་ལྷག་ཏུ་མང་ཞིང་གསོན་ཉམས་དོད་པའང་གཙོ་བོ་ཨར་མིར་གྱི་ནང་སེམས་ཀྱི་རིག་ཤེས་དང་ཚོར་ཤེས་ཀྱི་འགལ་འདུས་བསྐྱེད་པའི་སེམས་ཁྲལ་དང་གནོང་འགྱོད། སྒེར་སེམས་དང་མི་གཤིས། སླར་ཡང་གནོང་འགྱོད་དང་འགྱོད་བཤགས་ཏེ། མི་གཤིས་ཀྱི་ཆེས་ཟབ་སར་རེས་གསལ་རེས་མོག་ཏུ་ཡོད་པའི་ཆ་དེ་བཤམས་སྟོན་འོས་ཤིང་འཚམ་པ་བྱས་ཡོད་པས་རེད་སྙམ། 

མ་གཞི་ཨར་མིར་གྱིས་ཧ་སང་ཕ་བུ་སྒོར་འཕུད་ཐུབ་པ་བྱུང་ཡང་། ནང་སེམས་ཀྱི་གནོང་འགྱོད་དང་འགལ་འདུ་དེ་དག་སྔར་བཞིན་ཕྱིར་འཕུད་ཐབས་མི་འདུགདམག་འཁྲུག་དང་རྫས་མདེལ་གྱིས་ཁོ་ཚོའི་ནར་མའི་འཚོ་བ་ཕུ་དཀྲུག་མདའ་དཀྲུག་ཏུ་གཏོར་ཞིང་བཤིག་པས་ཁོས་གཏམ་རྒྱུད་ཡོད་ཚད་འབྱུང་ཡུལ་གྱི་ཁྱིམ་ཚང་དང་ཕ་ཡུལ། རྒྱལ་ཁབ་དང་བཅས་པ་རྒྱབ་ཏུ་བཞག་སྟེ་ཁོར་ཡུག་གསར་པ་ཞིག་ཏུ་གནས་བཅས་ཤིང་སློབ་གྲྭ་འགྲིམས། ལས་གནས་ཐོབ་ཅིང་ཁྱིམ་ཚང་བཟུང་ན་ཡང་། ལས་དབང་དང་ལྟེས་དབང་གང་རུང་གིས་ཁོ་པ་སླར་ཡང་ཕ་ཡུལ་དུ་ལོག་ནས་ཧ་སང་གི་བུ་ཆུང་དྭ་ཕྲུག་ཏུ་ལུས་པ་དེ་སྐྱོབ་པ་དང་སྐྱོང་བའི་འགན་འཁྲི་ཕྲག་ཏུ་ལྷུང་བ་ནི། ཏག་ཏག་ཤོག་བྱའི་ངང་ཚུལ་ཏེ། ཁྱོད་རང་ས་ངོས་ལས་ཇི་ཙམ་འཕགས་ཤིང་ནམ་འཕང་བཅད་ནའང་གང་ལྟར་སྐུད་སྣེ་སུ་ཞིག་གིས་དམ་པོར་བཟུང་འདུག་པ་ལྟར། ཨར་མིར་ཡང་ཤོག་བྱ་ཞིག་དང་འདྲ་བར་ལས་དབང་དང་ལྟེས་དབང་གང་རུང་གི་སྐུད་སྣེས་ཧ་སང་དང་ཧ་སང་གི་གཏམ་རྒྱུད་ལ་དམ་པོར་འབྲེལ་ཡོད་པ་ཡིན་འདུག་ཅིང་།འདི་ཡང་རྩོམ་པ་པོས་ཁོ་གཉིས་ཀྱི་གཏམ་རྒྱུད་ཡོད་ཚད་ཤོག་བྱ་དང་འབྲེལ་ནས་དཀྱུས་སུ་བསྲིང་བའི་དོན་སྙིང་བྱེ་བྲག་པ་ཞིག་ཡིན་ངེས།

 

མཐའ་མར་ཨར་མིར་གྱིས་ཧ་སང་རང་གི་ཕ་གཅིག་པའི་བུ་སྤུན་ཡིན་པར་ཤེས་པ་དང་། དེའི་བརྒྱུད་རིམ་ཁྲོད་ནས་ཀྱང་ཨ་ཕའི་བྱས་ཉེས་དང་ལོ་རྒྱུས་ཤེས་ཤིང་། དེ་སྔོན་གྱི་ཨ་ཕའི་བསམ་སྤྱོད་གཏམ་གསུམ་ཐམས་ཅད་ལ་བསམ་ཤེས་དང་ངོས་ཟིན་ཐུབ་པ་དང་། ཧ་སང་དང་ལཱ་ཤིན་ཧན་གྱིས་ཨར་མིར་གྱི་བྱས་ཉེས་དང་ནོར་འཛོལ་དག་སྔ་མོ་ནས་ཤེས་ཚོར་བྱུང་བ་མ་ཟད་དེ་ལ་གུ་ཡངས་དང་བཏང་སྙོམས་སུ་བཞག་ཟིན་པ་རྟོགས་རྗེས། གཏམ་རྒྱུད་ཀྱི་ཕྱི་ཤུན་ཆུ་འཇགས་ཀྱི་གྲམ་པ་ལྟར་གསལ་བོར་སོང་ཡོད་མོད།དེའི་རྒྱབ་ངོས་སུ་ཀློག་པ་པོར་བསམ་གཞིགས་དང་རྟོག་འཆར་གྱི་ས་བོན་ཆེན་པོ་ཞིག་བཞག་ཡོད་པ་ནི། སྒེར་སེམས་དང་བརྩེ་བ། ཕྲག་དོག་དང་གུ་ཡངས། ནོར་འཁྲུལ་དང་སྡིགས་བཤགས་སོགས་ཡོད་ཚད་ཀྱི་ཡོད་ཚད་ཕན་ཚུན་བལྟོས་བཅས་སུ་གྲུབ་པ་ཙམ་མ་ཟད། དུས་དང་སྐབས་མང་པོ་ཞིག་ཏུ་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་དུ་གྲུབ་ཡོད།དེ་ལྟར་བསམ་ན། མི་སེམས་ཀྱི་ཇི་འདྲའི་རྙོག་འཛིང་ཆེ་ཞིང་གཏིང་མཐའ་མི་མངོན་པ་ཞིག་རེད།དེ་ལ་ང་ཚོས་བཟང་ངན་ཡག་བཙོག་ཟེར་བའི་ཀུན་སྤྱོད་ཀྱི་ཚད་ཐིག་སྟབས་བདེ་པོ་ཞིག་ཁྱེར་ཡོང་ནས་འཇལ་ཆོག་ཆོག་ཅིག་ག་ལ་ཡིན།

 

མ་གཞི་གཏམ་རྒྱུད་ཀྱི་ཁྲོད་དུ་ཨར་མིར་གྱིས་བསམ་མ་ཤེས་པར་མ་རབས་ཀྱི་སྦྱོར་བ་མི་ཉུང་བ་ཞིག་བརྩམས་ཡོད་ལ། ནར་སོན་རྗེས་སུ་ཡང་སྔར་བཞིན་སྒེར་སེམས་དང་སྡར་གཤིས་ལས་ཐར་ཐུབ་ཀྱིན་མེད་མོད། ཀློག་པ་པོ་སུ་ཞིག་གིས་ཀྱང་ཨར་མིན་ནི་བྱིས་པ་མ་རབས་ཐ་ཤལ་ཞིག་རེད་སྙམ་པའི་ཞེ་ལོག་དང་། གཤིས་ངན་སྒེར་སེམས་ཅན་ཞིག་རེད་སྙམ་པའི་ངོས་འཛིན་དང་དཔྱད་བརྗོད་བྱ་མི་སྲིད་དེ། རྒྱུ་མཚན་ནི་རྩོམ་པ་པོས་ཨར་མིར་གྱི་སེམས་ཁམས་ཞིབ་འབྲི་བྱས་པ་ལྷག་ཏུ་ཞིབ་ཅིང་གསོན་ཉམས་ཀྱིས་ཕྱུག་པ་དང་། སྣང་ཚུལ་རགས་པ་དང་སྤྱི་བམ་པ་ཙམ་གྱི་ཚད་དུ་མ་ལུས་པར་མི་གཤིས་ཀྱི་ཟབ་གནད་ཅི་ཞིག་དམར་དམར་རྗེན་རྗེན་དུ་བཤམས་སྟོན་བྱས་ཡོད་པས། ཀློག་པ་པོས་ཨར་མིར་གྱི་བསམ་སྤྱོད་གཏམ་གསུམ་གྱི་ཁྲོད་ནས་རང་ཉིད་ཀྱི་གཟུགས་བརྙན་རབ་རིབ་རེ་ཞར་དང་ཞོར་ལ་མཐོང་འོང་བ་དེས་མཉམ་འུར་ཤུགས་དྲག་པོ་ཞིག་བསྐྱེད་པས་ཡིན་ངེས་ཤིང་། ཨར་མིར་ལ་སྒེར་སེམས་དང་སྡར་གཤིས་ཡོད་པ་ཙམ་དུ་མ་ཟད། གནོང་འགྱོད་དང་བརྩེ་བ་ཡང་ཡོད་པས་ཤ་ཁྲག་གདོས་བཅས་དང་ཆགས་སྡང་ཟུང་ལྡན་གྱི་མི་གསོན་པོ་ཞིག་ཏུ་གྲུབ་ཡོད་པས་ཀྱང་ལོས་ཡིན།

 

དེའི་རྐྱེན་གྱིས་ཨར་མིར་གྱི་བསམ་སྤྱོད་ལས་ཀློག་པ་པོར་ཞེ་ལོག་དང་དགག་སྒྲུབ་ཀྱི་འདུ་ཤེས་སྐྱེ་རྒྱུ་ལྟ་ཞོག  དེ་ལས་ལྡོག་སྟེ་ཁོ་དང་ཧ་སང་གི་བྱིས་དུས་ཀྱི་འཚོ་བའི་སྤྲོ་སྣང་ལ་ཡིད་སྨོན་དང་དགའ་མགུ་འཆོར་ཞིང་། ཕྱིས་སུ་ཁོ་གཉིས་ཀྱི་མཛའ་འབྲེལ་ལ་གས་ཁ་ཤོར་ཞིང་ཧ་སང་ཁྱིམ་ནས་ཕུད་པ། དམག་འཁྲུག་དབང་གིས་གཏན་དུ་གྱེས་པ། མཐར་ཧ་སང་འཆི་ཁར་ཡང་ཨར་མིར་དང་ཐུག་འཕྲད་མ་ཐུབ་པ་སོགས་ལ་ཕངས་སེམས་སྐྱེ་བ་ལས་ཞེ་སྡང་མི་བསྐྱེད། ལྷག་ཏུ་ཨར་མིར་གྱི་སེམས་ཁམས་ཞིབ་འབྲི་བྱེད་སྐབས་ཀློག་པ་པོར་ཡང་ཆབས་ཅིག་ཏུ་སེམས་ཁྲལ་དང་གནོང་འགྱོད་སྐྱེ་རུ་འཇུག་པ་ནི་རྩོམ་འདིའི་ལེགས་གྲུབ་ཀྱི་ཆ་གཙོ་བོ་ཞིག་སྟེ། རྩོམ་རིག་གསར་རྩོམ་ནི་སྒྱུ་རྩལ་གྱི་ལས་ཀ་ཞིག་ཡིན་པས་གང་དེའི་བསྙེག་བྱ་མཐར་ཐུག་པ་ནི་ལེགས་ཉེས་བླང་དོར་གྱི་དང་གོ་བསྐོན་བློ་འགུག་གི་བསླབ་བྱ་གཏོང་རྒྱུ་མ་ཡིན་ཞིང་། ཡོད་མེད་ཡིན་མིན་གྱི་རྣམ་གཞག་དང་བདེན་རྫུན་བཟང་ངན་གྱི་གཏན་ཚིགས་བསྒྲིག་རྒྱུ་ནི་དེ་བས་ཀྱང་མིན་པར། རྒྱལ་ཕམ་ཐོབ་ཤོར་དང་དགེ་སྐྱོན་ཕན་གནོད་ཀྱི་གཟེབ་དྲ་གུ་དོག་པོ་དེ་ལས་ཕྱིར་ཐོན་ཏེ། བྱ་དངོས་གང་དེ་གཙང་རྐྱང་ཁེར་བཅད(孤立绝缘)དུ་མྱོང་རོལ་དང་གཟིགས་རྟོགས་བྱེད་པ་ནི་མཛེས་རྟོག་གི་རྣམ་འགྱུར་ཡང་དག་པ་དེའོ།། དེ་ཡང་དཔེ་གཞི་དང་སྦྱར་ནས་བཤད་ན། རྩོམ་པ་པོས་ཨར་མིར་གྱི་བྱས་ཉེས་བྲིས་པ་ནི་ཀློག་པ་པོར་བྱིས་པ་མ་རབས་ཤིག་གི་སྣང་བརྙན་བསྟན་ཏེ་ལྡོག་ཕྱོགས་ནས་ཡ་རབས་ཚུལ་ལྡན་གྱི་གལ་ཆེའི་རང་བཞིན་བཤད་པ་འདོད་པ་མ་ཡིན་ཞིང་། ཁོས་མཐའ་མར་འགྱོད་བཤགས་དང་སྦྲགས་ཧ་སང་གི་བྱིས་པར་བདག་སྐྱོང་བྱས་པ་ལས་རང་བྱས་ཀྱི་རྒྱུའི་འབྲས་བུ་རང་ཐོག་ཏུ་སྨིན་ངེས་པའི་གནས་ལུགས་དང་ཆོས་ཉིད་བསྟན་སྙམ་པ་དེ་བས་ཀྱང་ཡིན་མི་སྲིད། བརྩམས་ཆོས་དེའི་རིན་ཐང་ཡོད་ཚད་ནི་ཨར་མིར་དང་ཧ་སང་གཉིས་ཀྱིས་གཙོས་པའི་མི་སྣ་དེ་དག་དང་དེ་འབྲེལ་གྱི་གཏམ་རྒྱུད་རང་སྟེང་ན་ཡོད་པ་ཡིན་ལ། མི་གཤིས་ཀྱི་བཤམས་སྟོན་དང་སྤྱི་ཚོགས་ཀྱི་སྣང་ཚུལ་བྲིས་པ་ཡང་དགག་སྒྲུབ་ཀྱི་ཆེད་དུ་མ་ཡིན་པར་མི་གཤིས་ཀྱི་ངོ་བོ་རྣལ་མ་དང་མཛེས་པ་གཙང་རྐྱང་གང་དེ་མཚོན་ཆེད་ཙམ་ཡིན་ལ། གཞན་སྤྱི་ཚོགས་ཀྱི་སྣང་ཚུལ་དང་གཏམ་རྒྱུད་རྙོག་འཛིང་ཅན་མང་པོ་བྲིས་པའང་མཐར་ཐུག་ན་མི་སྣ་འབྲི་བཞེངས་ལ་ཞབས་འདེགས་ཞུ་བའི་ཆེད་དུ་ཡིན། དེ་བས།བརྩམས་ཆོས་ནང་གི་མི་སྣ་གང་རུང་ཐ་ཆད་དུ་བྲིས་དྲགས་ནས་ཀློག་མཁན་ལ་ཞེ་སྡང་བསྐྱེད་པ་དང་བདེན་དགེ་མཛེས་གསུམ་ཅན་དུ་བྲིས་དྲགས་ནས་ཀློག་མཁན་ལ་དད་པ་སྐྱེད་པ་གང་ཡང་རྩོམ་རིག་གི་མཛེས་པ་ངོ་མ་མྱོང་རོལ་བྱེད་པའི་བགེགས་དང་བཀག་རྒྱ་ཡིན། དོན་དུ། འཇིག་རྟེན་གྱི་མི་དངོས་མ་གང་ཡང་བཟང་མཐའ་དང་ངན་མཐར་ལྷུང་བ་ཞིག་ཡིན་མི་སྲིད་པར། མི་ཕལ་ཆེ་བ་ནི་ཨར་མིར་ལྟར་བཟང་ངན་དགེ་སྐྱོན་གྱི་འདུས་གཟུགས་སུ་གྲུབ་ཡོད་པ་ཡིན་ལ། ཁོ་མི་ཇི་འདྲ་ཞིག་ཏུ་འཁྱོང་མིན་ནི་ཏག་ཏག་ཁོའི་རྒྱབ་ཏུ་གཏམ་རྒྱུད་གང་འདྲ་ཞིག་ཡོད་པ་ལ་རག་ལས་ཡོད་པ་མིན་ནམ། ལྷག་ཏུ་ཨར་མིར་ལྟ་བུའི་མི་གཤིས་ངོ་མ་དེར་རང་ངོས་ཀྱི་མཛེས་པ་དམིགས་བསལ་བ་ཞིག་ཡོད་ཅིང་དེས་ཀློག་པ་པོར་མཉམ་འུར་སློང་བ་ལས་ཆགས་སྡང་དང་བླང་དོར་གྱི་འདུ་ཤེས་མི་བསྐྱེད་པ་ནི་སྒྲུང་གཏམ་འདིའི་ཁྲོད་ཀྱི་མི་སྣ་ཞིབ་འབྲི་ལེགས་གྲུབ་བྱུང་བའི་རྟགས་ཡང་དག་ཡིན་ངེས།

ད་དུང་། རྩོམ་འདིར་ཨར་མིར་གྱི་སེམས་ཁམས་ཞིབ་ཅིང་སྣང་བརྙན་ཅན་དུ་བྲིས་ཡོད་པ་དང་ཨ་ཕའི་སྐད་ཆ་སྒེར་གཤིས་དང་ཁྱད་ཆོས་ཅན་དུ་བྲིས་ཡོད་པ་ནི་མི་སྣ་འདི་གཉིས་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་པ་གཞན་ལས་ལྷག་པའི་རྒྱུ་མཚན་ངོ་མ་དེ་རེད་སྙམ་ལ། དེ་བཞིན་གཏམ་རྒྱུད་ཀྱི་བྱུང་རིམ་བསྲིང་ཚུལ། མི་སྣའི་དབར་གྱི་འགལ་འབྲེལ། དཔེ་འཇོག་དང་སྣང་བརྙན་སྐྲུན་ཚུལ་སོགས་གང་ས་ཅི་ཐད་ནས་ཀྱང་སྒྲུང་གཏམ་འདི་ཕུལ་བྱུང་ཟླ་མེད་དུ་སྣང་བས་དགེ་མཚན་ཇི་ཡོད་རེ་རེ་བཞིན་བྲིས་ཀྱིས་ག་ལ་ལང་། དེས་ན་ད་ཐེངས་དཔེ་ཀློག་གི་བརྗེད་ཐོའམ་བལྟས་ཟིན་མྱོང་གླེང་གི་ཚུལ་དུ་འདི་ཙམ་གྱིས་ཆོག་པར་བྱའོ།།

 

སྤྱི་ལོ2018ལོའི་ཟླ་བ9པའི་ཚེས28ཉིན་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་ཁང་དུ་ཡི་གེར་ཕབ་པ་དགེའོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=931