སློབ་མའི་དོ་དམ་བྱེད་ཐབས་ཀྱི་སྐོར་མདོར་ཙམ་གླེང་བ།

ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་།  སྒྲོལ་མ་ཚེ་རིང་།

 

སློབ་མའི་ཀུན་སྤྱོད་སློབ་གསོ་ནི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ཡིན་ལ།  ཀུན་སྤྱོད་ཀྱིས་ཤེས་བྱ་ལ་ཁ་གསབ་བྱེད་ཐུབ་ལ།  ཤེས་བྱས་ཀུན་སྤྱོད་ལ་ཁ་གསབ་བྱེད་མི་ཐུབ་པ་ནང་བཞིན། སློབ་གྲྭ་ཞིག་གི་སློབ་མའི་ཀུན་སྤྱོད་སློབ་གསོ་མཐོར་འདེགས་གཏོང་དགོས་ན་སྒྲིག་ལམ་ཞིབ་ཚགས་ལྡན་པ་ཞིག་དགོས། དེ་བས་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་ཐབས་ཤེས་སྣ་ཚོགས་སྤྱད་དེ་སློབ་མའི་སྒྲིག་ལམ་ཚད་ལྡན་དང་འཐུས་ཚང་ཅན་དུ་གཏོང་དགོས།  སྒྲིག་ལམ་དོ་དམ་བྱེད་ཐབས་ལ་བསླབ་ཚན་དགེ་རྒན་གྱིས་སློབ་མའི་སྒྲིག་ལམ་དོ་དམ་བྱེད་ཐབས་དང་འཛིན་བདག་གིས་འཛིན་གྲྭའི་སྒྲིག་ལམ་དོ་དམ་བྱེད་ཐབས།  སློབ་རིམ་བདག་དམ་པས་སློབ་མའི་སྒྲིག་ལམ་དོ་དམ་བྱེད་ཐབས།  སྲིད་སྟོན་ཁང་གིས་སློབ་མའི་སྒྲིག་ལམ་བདག་དམ་བྱེད་ཐབས། ཉལ་ཁང་གི་འཚོ་བའི་མཛུབ་སྟོན་པའི་སྒྲིག་ལམ་བདག་དམ་བྱེད་ཐབས། ཉིན་ཐུན་དང་མཚན་ཐུན་དགེ་རྒན་གྱིས་ཤག་སྡོད་སློབ་མའི་སྒྲིག་ལམ་བདག་དམ་བྱེད་ཐབས།  ཉལ་ཁང་བདག་དམ་པའི་སློབ་མའི་སྒྲིག་ལམ་བདག་དམ་བྱེད་ཐབས། ལས་རེས་དགེ་རྒན་གྱི་སྒྲིག་ལམ་བདག་དམ་བྱེད་ཐབས། གསོལ་ཁང་གི་བདག་དམ་པས་སློབ་མའི་སྒྲིག་ལམ་བདག་དམ་བྱེད་ཐབས་སོགས་ཕྱོགས་ཡོངས་ལ་རང་རང་གི་འོས་འགན་ལྟར་དོ་དམ་ནན་མོའི་སྒོས་ལྟ་རྟོག་ཞིབ་བཤེར་བྱེད་དགོས། ལྟ་རྟོག་དང་ཞིབ་བཤེར་བྱེད་དུས་ཕྱོགས་གཅིག་ནས་སློབ་གྲྭ་དང་སྲིད་སྟོན་ཁང་གི་གཏན་འཁེལ་ལྟར་སྒྲིག་འགལ་སློབ་མར་སློབ་མ་སྒེར་དང་འཛིན་གྲྭའི་སྤྱིའི་སྐར་གྲངས་འཕྲི་འཐེན་བྱེད་དགོས།  གཉིས་ནས་སྒྲིག་འགལ་སློབ་མར་སྐྱོན་ཆ་ངོས་ལེན་བྱེད་དུ་འཇུག་པ་དང་འབྲེལ་བྱས་ཉེས་ཀྱི་ཡང་ལྗིད་རབ་འབྲིང་ཐ་གསུམ་ལྟར་འགྱོད་བཤགས་གང་ལེགས་༼སྤྱོད་ཁང་གཙང་སྦྲ་བྱེད་པ་དང་སློབ་ཁང་གཙང་སྦྲ་བྱེད་པ།  ཁོར་ཡུག་གཙང་སྦྲ་བྱེད་པ་སོགས་ཀྱི་ཆད་པ་ཁུར་དགོས༽བྱེད་དུ་འཇུག་པ་སོགས་ཀྱི་བཅོས་བསྒྱུར་གྱི་བྱེད་ཐབས་གང་མང་འདོན་དགོས། གཤམ་ནས་སློབ་མའི་སྒྲིག་ལམ་དོ་དམ་བྱེད་ཐབས་རེ་རེ་ནས་རགས་བསྡུས་ཀྱིས་གླེང་བར་བྱ།

 

གཅིགབསླབ་ཚན་དགེ་རྒན་གྱིས་སློབ་མའི་སྒྲིག་ལམ་བདག་དམ་བྱེད་ཐབས།

 བསླབ་ཚན་དགེ་རྒན་གྱིས་སློབ་མ་ལ་རྒྱུས་ཟབ་མོ་ལོན་དགོས་༼སློབ་སྐབས་རེར་ཁྱིམ་བཅར་ལ་འགྲོ་ཐེངས་ལྔ་ལས་མི་ཉུང་བ༽ལ་རང་ཉིད་ཀྱི་འཛིན་གྲྭའི་ནང་དུ་སློབ་སྦྱོང་གི་འགན་མི་འགྲུབ་པ་དང་གཙང་སྦྲ་མི་བཟང་བ།  སྤྱི་རྫས་ལ་གཅེས་སྤྲས་མི་བྱེད་པ།  རྩེད་མོར་གཡེང་བ།  སློབ་ཐུན་སྐབས་རྣམ་གཡེང་བྱེད་པ།  རྒྱུགས་འབྲས་མི་བཟང་བ། སློབ་ཐུན་རྗེས་མི་ཆོད་པ།  འཁོན་དང་རྡུང་རེས། རྐུ་བྱེད་པ་སོགས་སྒྲིག་ལམ་ལ་འགལ་བའི་སློབ་མའི་གནས་ཚུལ་རེའུ་མིག་ཏུ་འགོད་དགོས།

རུས་མིང་། སྒྲིག་འགལ་གྱི་ནང་དོན། སྒྲིག་འགལ་དུས་ཚོད།   ཐུན། གསལ་བཤད།

བསླབ་ཚན་དགེ་རྒན་གྱིས་སློབ་མ་སྒྲིག་ལམ་ལ་འགལ་ན་གནས་ཚུལ་རྒྱུས་ལོན་གསལ་བོ་བྱེད་དགོས་པ་ལས་གང་འདོད་དུ་གཅར་བ་དང་རྡུང་བ།  བཙན་གྱིས་འགེལ་བའི་རྣམ་པ་མི་སྤྱོད་པར་སློབ་མས་སྐྱོན་ཆ་ངོས་ཟིན་དུ་འཇུག་རྒྱུ་དང་ཐེངས་གཉིས་པར་དེ་མཚུངས་ཀྱི་སྒྲིག་ལམ་ལ་མི་འགལ་བའི་ཁག་ཐེག་བྱེད་རྒྱུ།  བྱས་ཉེས་ཀྱི་ཡང་ལྗིད་རབ་འབྲིང་ཐ་གསུམ་ལྟར་ཆད་པ་གཅོད་དགོས། སློབ་མ་གཅིག་བསླབ་ཚན་དགེ་རྒན་གྱི་སྒྲིག་ལམ་ལ་ཐེངས་གསུམ་འགལ་ན་འཛིན་བདག་ལ་གནས་ཚུལ་བཤད་ནས་སློབ་མའི་སྒྲིག་འགལ་གྱི་གནས་ཚུལ་འཛིན་བདག་ལ་ཤེས་སུ་འཇུག་དགོས།

 

གཉིས། འཛིན་བདག་དགེ་རྒན་གྱིས་འཛིན་གྲྭའི་སྒྲིག་ལམ་དོ་དམ་བྱེད་ཐབས།

སློབ་མ་ཞིག་ལ་སློབ་སྐབས་གཅིག་ལ་སྐར་༡༠༠ཚད་ཐིག་ཏུ་འཇོག་པ་དང་དེ་ནས་སྒྲིག་ལམ་ལ་འགལ་བའི་གནས་ཚུལ་ལྟར་སློབ་མ་སྒེར་གྱི་སྐར་གྲངས་ལས་འཕྲི་འཐེན་བྱེད་པའི་ལམ་ལུགས་འཛུགས་དགོས།

འཛིན་བདག་གིས་གཙོ་བོ་བསླབ་ཚན་དགེ་རྒན་གྱིས་ཡར་སྤྲད་པའི་སྒྲིག་འགལ་སློབ་མ་དང་དེ་མིན་འཛིན་གྲྭའི་སྒྲིག་ལམ་ལ་འགལ་བ། དཔེར་ན། ལས་རེས་མི་བྱེད་པ།  དུས་ལྟར་སློབ་ཐུན་ལ་མི་ཐོན་པ། འཛིན་གྲྭ་གཞན་པའི་སློབ་མ་དང་འཛིང་རེས་བྱེད་པ། གཞན་གྱི་ཅ་དངོས་རྐུ་འཕྲོག་བྱེད་པ། སྤྱི་རྫས་ཕངས་མེད་དུ་གཏོང་བ།   དགེ་རྒན་གྱི་ངག་བཀོད་ལྟར་མི་ཉན་པ།  དགེ་རྒན་ལ་རྣམ་འགྱུར་སྟོན་པ་སོགས་བྱ་སྤྱོད་མི་ལེགས་པ་སྣ་གཅིག་ཀྱང་གུ་ཡངས་མི་གཏོང་བར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་པ་དང་སྦྲགས་ཆད་པ་གཅོད་དགོས་ལ།  བྱས་ཉེས་ཀྱི་ཡང་ལྗིད་ལྟར་སློབ་མའི་སྐར་གྲངས་འཕྲི་འཐེན་བྱེད་དགོས་ལ་རེའུ་མིག་ཏུ་ཁ་སྐོངས་ནས་ཡིག་ཚགས་འཐུས་ཚང་གཏོང་དགོས།

རུས་མིང་། འཛིན་གྲྭ སྒྲིག་འགལ་གྱི་ནང་དོན། སྒྲིག་འགལ་དུས་ཚོད།   ཐུན། གསལ་བཤད།

 

བསླབ་ཚན་དགེ་རྒན་གྱིས་ཡར་སྤྲད་པའི་སྒྲིག་འགལ་སློབ་མའི་གནས་ཚུལ་ལ་གཞིགས་ནས་སློབ་མའི་སྐར་གྲངས་འཕྲི་འཐེན་བྱ་རྒྱུའི་འགན་འཛིན་བདག་གིས་འཁུར་དགོས། དེ་དང་མཉམ་དུ་འཛིན་གྲྭའི་སྒྲིག་ལམ་ལ་འགལ་བ་དང་སློབ་གྲྭའི་སྒྲིག་ལམ་ལ་འགལ་བའི་གནས་ཚུལ་ལ་གཞིགས་ནས་གཟའ་འཚོགས་སྐབས་དག་ཐེར་བྱ་རྒྱུ་དང་སྒྲིག་འགལ་གྱི་གནས་ཚུལ་ལྟར་འཛིན་གྲྭའི་ནང་ཁུལ་དུ་ཐག་གཅོད་ཐུབ་པ་རྣམས་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་ཐག་གཅོད་མི་ཐུབ་པ་སློབ་རིམ་བདག་དམ་པར་གནས་ཚུལ་བཤད་ནས་སློབ་རིམ་བདག་དམ་པ་དང་སྲིད་སྟོན་ཁང་གིས་གནས་ཚུལ་ཐག་གཅོད་བྱ་རྒྱུ།

 

གསུམ། སློབ་རིམ་བདག་དམ་པས་སློབ་མ་དོ་དམ་བྱེད་ཐབས།

 སློབ་རིམ་བདག་དམ་པས་གཟའ་མཇུག་གི་སློབ་གསོ་ཁོ་ན་ཡིས་སློབ་མའི་ཀུན་སྤྱོད་སློབ་གསོ་མཐོར་འདེགས་གཏོང་བར་ནུས་པ་ཐོན་མི་ཐུབ་། དེ་བས་སློབ་རིམ་བདག་དམ་པས་སློབ་རིམ་དེའི་དགེ་རྒན་དང་སློབ་མ་ལ་རྒྱུས་ལོན་གསལ་བོ་ཡོད་དགོས་པ་མ་ཟད་སློབ་རིམ་དེའི་ཁྲོད་ཀྱི་སྦྱངས་འབྲས་ཞན་པ་དང་སློབ་སྦྱོང་གི་འགན་དུས་ལྟར་མི་འགྲུབ་པ། ལས་བྱ་མི་སྤྲོད་པ།  འཁོན་རྡུང་རེས་དང་ཆེ་ཆུང་བར་ཐུབ་ཚོད་བྱེད་པ། རྐུ་འཕྲོག་གི་ལས་སོགས་སློབ་གྲྭའི་སྒྲིག་ལམ་ལ་འགལ་བའི་སློབ་མའི་ཡིག་ཚགས་བཟོ་བ་དང་།  འཛིན་བདག་དང་འབྲེལ་འདྲིས་མང་ཙམ་བྱས་ནས་འགྲིག་ལམ་ལ་འགལ་བའི་སློབ་མའི་ཀུན་སྤྱོད་བཅོས་བསྒྱུར་གྱི་བྱ་བ་ལ་རོགས་རམ་བྱེད་དགོས།

 

བཞི། སྲིད་སྟོན་ཁང་གིས་སློབ་མར་བདག་དམ་བྱེད་ཐབས།

སྲིད་སྟོན་ཁང་གིས་སློབ་གྲྭ་སྤྱིའི་སྒྲིག་ལམ་དང་གཙང་སྦྲ།  བདེ་འཇགས་སོགས་ཀྱི་འགན་ཁུར་མང་ཡང་འདིར་སློབ་མའི་དོ་དམ་གྱི་སྐོར་ནས་རགས་ཙམ་གླེང་བར་བྱ། སྒྲིག་ལམ་བདག་དམ་ལ་ཐོག་མར་སློབ་རིམ་བདག་དམ་པ་བཀོད་སྒྲིག་དང་དེའི་འགན་ཁུར། འཛིན་བདག་དང་འཛིན་གྲྭ་བདག་དམ་བྱེད་ཐབས། ཉལ་ཁང་བདག་དམ་བྱེད་ཐབས། སློབ་གྲྭ་སྤྱིའི་སློབ་མའི་ཀུན་སྤྱོད་ཀྱི་ཁ་ཕྱོགས། ཚད་ལྡན་གྱི་སྒྲིག་ལམ་དང་སྒྲིག་འགལ་སློབ་མའི་ཡིག་ཚགས།  ཐག་གཅོད་བྱས་ཟིན་པ་དང་ཐག་གཅོད་མ་བྱས་པ་སོགས་ཀྱི་ཡིག་ཚགས་སྣ་ཚོགས་གོ་རིམ་ཡོད་ལ་རིགས་ཞིབ་མོར་བགར་ནས་ཡིག་ཚགས་ཉུང་བའི་གནད་དོན་ཐག་གཅོད་བྱེད་དགོས།

སྲིད་སྟོན་ཁང་ལ་སྤྲད་ཟིན་པའི་སྒྲིག་འགལ་སློབ་མའི་གནས་ཚུལ་ལ་གཞིགས་ནས་འཛིན་གྲྭའི་སྐར་གྲངས་འཕྲི་འཐེན་བྱ་རྒྱུ།  འཛིན་གྲྭ་གཅིག་ལ་སྐར༡༠༠ཚད་ཐིག་ཏུ་འཇོག་པའི་ལམ་ལུགས་འཛུགས་དགོས། འཛིན་བདག་དགེ་རྒན་གྱིས་སྒྲིག་འགལ་སློབ་མ་སྲིད་སྟོན་ཁང་ལ་རང་ལྕོག་གིས་སྤྲད་ན་སྐར་གྲངས་འཐེན་པའང་༡ནས་༣བར་དང་། འཛིན་བདག་གིས་ཡར་མ་བཤད་པར་སློབ་གྲྭ་དང་སྲིད་སྟོན་ཁང་གིས་འགྲིག་འགལ་སློབ་མ་རྩད་གཅོད་བྱས་པ་ཡིན་ན་སྐར༣ནས་༦འཐེན་པའི་ལམ་ལུགས་འཛུགས་དགོས།

སློབ་མ་དང་འཛིན་གྲྭ་སོགས་ཀྱི་འགྲིག་འགལ་སློབ་མའི་གནས་ཚུལ་ཐོ་འགོད་བྱེད་པའི་རེའུ་མིག་བཟོ་བ་དང་བཀྲམ་པ།  བདག་གཉེར་དང་སྤྱི་སྡོམ་སོགས་ཀྱི་བྱ་བའི་འགན་ཁུར་དགོས་ལ་སློབ་གྲྭའི་སྒྲིག་ལམ་གྱི་ཚད་ཐིག་ལེགས་པོ་ཞིག་བཟོ་བ་དང་ཚད་ཐིག་གང་ལ་འགལ་ན་སློབ་མ་སྒེར་ལ་ཆད་པ་ཅི་ལྟ་བུ་ཞིག་གཅོད་པ་དང་འཛིན་གྲྭའི་ཐུན་མོང་གི་སྐར་གྲངས་ཅི་ཙམ་འཕྲི་འཐེན་བྱེད་པ།  སློབ་ལོ་གཅིག་གི་ཕུལ་བྱུང་འཛིན་གྲྭ་དང་འཛིན་བདག་བདམས་པ་སོགས་ཀྱི་བྱ་བཞག་སྒྲུབ་པར་ཡིག་ཚགས་འཐུས་ཚང་གཏོང་དགོས།

རུས་མིང་། འཛིན་གྲྭ སྒྲིག་འགལ་གྱི་ནང་དོན། སྒྲིག་འགལ་དུས་ཚོད། སྐར་གྲངས་འཕྲི་འཐེན། རྒྱུ་མཚན།

སྔོན་ཐོན་འཛིན་གྲྭ་འདེམས་པར་གཟའ་འཁོར་གཅིག་གི་དར་ཆའི་མང་ཉུང་ཁོ་ནས་མི་ཕྱེ་བར་འཛིན་གྲྭ་དེའི་ཕྱོགས་ཡོངས་ལ་དམིགས་ནས་གཏན་འཁེལ་བྱས་ན་ལེགས། དེ་ལ་སློབ་ལོ་ཧྲིལ་བོའི་གཙང་སྦྲ་དང་སྒྲིག་ལམ་གྱི་སྐར་གྲངས་སྤྱི་སྡོམ། ༼འདུ་བྱེད་སོགས་གང་རུང་ལས་ཐོབ་པའི་ཐུན་མོང་གི་བྱ་དགའ་དང་སློབ་མ་སྒེར་གྱི་བྱ་དགའ་ཡོད་ན་སྐར་མ་སྣོན་པའི་ལམ་ལུགས་ཡོད་ན་ལེགས། ༽  སྒྲིག་འགལ་སློབ་མའི་སྐར་གྲངས་འཕྲི་འཐེན་བྱས་པའི་སྤྱི་སྡོམ་སོགས་ཀྱིས་སྔོན་ཐོན་འཛིན་གྲྭ་བདམས་པའི་ལམ་ལུགས་བཙུགས་ན་ལེགས།

 

ལྔ། ཉལ་ཁང་གི་འཚོ་བའི་མཛུབ་སྟོན་པའི་སྒྲིག་ལམ་བདག་དམ་བྱེད་ཐབས།

ཉལ་ཁང་གི་འཚོ་བའི་མཛུབ་སྟོན་དགེ་རྒན་གྱིས་ཉལ་ཁང་གི་གཙང་སྦྲ་ཁོ་ན་གཙིགས་སུ་མི་འཛིན་པར་དེ་ལས་ལྷག་པར་སློབ་མའི་འཚོ་བ་དང་ཉལ་ཁང་གི་མཐུན་སྒྲིལ། སྤྱི་རྫས་ལ་གཅེས་སྤྲས་བྱེད་མིན།  ཆེ་ཆུང་བར་ཐུབ་ཚོད་བྱེད་པ། དུས་ལྟར་མི་ཉལ་བ་དང་སློབ་གྲྭའི་འགྲིག་ལམ་ལ་འགལ་བའི་བྱ་སྤྱོད་སྒྲུབ་པའི་སློབ་མ་ཡོད་མེད་སོགས་ལ་རྒྱུས་ལོན་བྱེད་རྒྱུ་དང་།  ཉལ་ཁང་གི་འཚོ་བ་ཇེ་ལེགས་སུ་གཏོང་བར་ཀུན་སྤྱོད་སློབ་གསོ་ལེགས་པོ་གཏོང་དགོས་ལ།  ཉལ་དཔོན་དང་ཉལ་ཁང་གི་ལས་རེས་པ་བཀོད་སྒྲིག་སོགས་ཀྱི་བྱ་བ་འཐུས་ཚང་སྒྲུབ་དགོས། སྒོས་སུ་ཉལ་ཁང་གི་མཁོ་ཆས་ཚང་མིན་དང་སྐྱོན་ཡོད་མེད་ལ་མཉམ་འཇོག་བྱེད་དགོས།  ཉལ་ཁང་དུ་གཙང་སྦྲ་ལེགས་པོ་མི་བྱེད་པ་དང་སྤྱི་རྫས་ལ་གཅེས་སྤྲས་མི་བྱེད་པའི་འགྲིག་འགལ་སློབ་མ་ཡོད་ན་ཉལ་ཁང་བདག་དམ་པར་གནས་ཚུལ་གསལ་བོར་བཤད་དགོས།

རུས་མིང་། འཛིན་གྲྭ སྡོད་ཤག་ཨང་གྲངས། སྒྲིག་འགལ་གྱི་ནང་དོན། སྒྲིག་འགལ་དུས་ཚོད།
 

དྲུག ཉིན་ཐུན་དང་མཚན་ཐུན་དགེ་རྒན་གྱིས་ཤག་སྡོད་སློབ་མའི་སྒྲིག་ལམ་བདག་དམ་བྱེད་ཐབས། 

ཉིན་ཐུན་དགེ་རྒན་གྱིས་སློབ་མ་གང་འདོད་དུ་སློབ་གྲྭའི་སྒོའི་ཕྱི་རུ་མི་མངགས་པ་དང་། གལ་ཏེ་བྱ་བ་གལ་ཆེན་དང་ཁྱིམ་བདག་ལེན་དུ་ཡོང་ན་འཛིན་བདག་གིས་གནང་བ་བྱིན་ཡོད་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གྱིས་ཐོ་འགོད་བྱས་རྗེས་ད་གཟོད་ཆོག་མཆན་བཀོད་ཆོག  དུས་བཅད་བྱེད་རྒྱུ་གལ། སྒོར་སོང་བའི་སློབ་མ་ཕྱིར་ཡོང་དུས་ཉིན་ཐུན་དགེ་རྒན་ལ་བརྡ་སྤྲོད་དགོས་པ་གསལ་བཤད་བྱེད་དགོས། སྒོས་སུ་ཁྱིམ་བདག་སོགས་ཕྱི་མི་ནང་ལ་ཡོང་དུ་མི་འཇུག་པ་དང་སློབ་མའི་ཞོར་ཟས་གཏན་འགོག་ཡིན་པས་ལྟ་རྟོག་ནན་མོ་བྱེད་དགོས།

ཉིན་ཐུན་དགེ་རྒན་གྱིས་སློབ་མའི་འགྲོ་འདུག་སྤྱོད་སྟངས་ལ་མཉམ་འཇོག་གང་ལེགས་བྱ་དགོས་ལ།  འགྲིག་ལམ་ལ་འགལ་བའི་སློབ་མ་ཡོད་ན་དུས་ཐོག་ཏུ་སློབ་གསོ་གཏོང་དགོས་ལ།  འཛིན་བདག་དང་སྲིད་སྟོན་ཁང་ལ་གནས་ཚུལ་བཤད་དགོས།  ༼ངེས་པར་དུ་འགྲིག་འགལ་སློབ་མའི་གནས་ཚུལ་ཐོ་འགོད་རེའུ་མིག་ཏུ་འགོད་དགོས༽  གཟའ་སྤེན་པ་དང་གཟའ་ཉི་མ་ལ་ཉིན་ཐུན་པས་ཉལ་ཁང་གི་གཙང་སྦྲ་ལ་ལྟ་རྟོག་དང་སློབ་མ་དག་རྩ་འཛུགས་ཀྱིས་བྱ་འགུལ་སྣ་ཚོགས་སྤེལ་ཅི་ཐུབ་བྱ་དགོས། སློབ་མ་ཚོ་སློབ་ཁྲིད་ཐོག་ཁང་དུ་འགྲོ་རུ་འཇུག་མི་ཉན་ལ་ཉིན་གུང་དང་ཕྱི་དྲོ་ཐེངས་གཉིས་ལ་སློབ་གྲྭའི་ཁོར་ཡུག་དང་ཉལ་ཁང་ལ་ལྟ་རྟོག་བྱེད་དགོས། ཁྱིམ་བདག་དང་སློབ་མས་ཞོར་ཟས་སྣ་ཚོགས་སློབ་གྲྭའི་ནང་ཁྱེར་ཡོང་མིན་ལ་ཞིབ་བཤེར་ནན་མོ་བྱེད་དགོས། ཉིན་གཅིག་གི་སློབ་གྲྭ་དང་སློབ་མའི་བདེ་འཇགས་ལ་ཁག་ཐེག་བྱ་དགོས།

མཚན་ཐུན་དགེ་རྒན་གྱིས་དགོང་ཚོགས་སྐབས་ཀྱི་སློབ་མའི་སློབ་སྦྱོང་གི་གནས་ཚུལ་དང་དགེ་རྒན་ཡོང་ཡོད་མེད་ལྟ་རྟོག་ནན་མོ་བྱེད་དགོས་པ་དང་ཡིག་ཐོག་ཏུ་ཐོ་འགོད་ལེགས་པོ་བྱེད་དགོས།  དགོང་འཚོགས་གྲོལ་རྗེས་སློབ་ཁྲིད་ཐོག་ཁང་ནང་གི་གློག་དཀར་ཡོད་པ་སྒོ་རྒྱག་པ་དང་གཅིག་ཐོག་གི་སྒོ་ཆེན་དམ་པོར་རྒྱག་དགོས། དེ་རྗེས་སློབ་མའི་ཉལ་ཁང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་ལ།  གཙང་སྦྲ་དང་འགྲིག་ལམ་ལ་ཡང་ལྟ་རྟོག་ནན་མོ་བྱས་ཏེ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་པར་བརྩོན་དགོས།   གལ་ཏེ་འགྲིག་ལམ་ལ་འགལ་བའི་སློབ་མ་ཡོད་ན་གནས་ཚུལ་རྒྱུས་ལོན་གསལ་བོ་བྱས་ནས་སློབ་མའི་སྐྱོན་ཆ་ངེས་ཟིན་དུ་འཇུག་དགོས་པ་དང་འགྲིག་འགལ་སློབ་མའི་གནས་ཚུལ་རེའུ་མིག་ཏུ་སྐོངས་ནས་ཉལ་ཁང་བདག་དམ་པར་སྤྲོད་དགོས།  དུས་ལྟར་ཉལ་བ་དང་དུས་ལྟར་ཡར་ལངས་པ།  སློབ་མའི་ཉལ་ཁང་གི་མི་གྲངས་ཞིབ་བཤེར་ནན་མོ་བྱེད་པ་དང་དགོང་མོའི་སློབ་མའི་བདེ་འཇགས་ལ་ཁག་ཐེག་བྱ་དགོས།

 

བདུན། ཉལ་ཁང་བདག་དམ་པས་སློབ་མའི་སྒྲིག་ལམ་དོ་དམ་བྱེད་ཐབས།

ཉལ་ཁང་བདག་དམ་པས་གཙོ་བོ་ཉལ་ཁང་གི་སློབ་མའི་འཚོ་བའི་མཛུབ་སྟོན་དགེ་རྒན་བཀོད་སྒྲིག་དང་སློབ་མར་ཉལ་ཁང་བཀོད་སྒྲིག  ཉལ་ཁང་གཅིག་གི་མི་གྲངས་གཏན་འཁེལ། ཉལ་ཁང་གི་གཙང་སྦྲ།  བར་འཁྱམས་ཀྱི་གཙང་སྦྲ། ཉལ་ཁང་གི་སྒྲིག་ལམ་བཅས་ལ་ལྟ་རྟོག་དང་ཞིབ་བཤེར་གྱི་འགན་འཁུར་དགོས།

ཉལ་ཁང་བདག་དམ་པས་ཞོགས་པ་དང་ཉིན་གུང་།  ཕྱི་དྲོ་བཅས་ལ་ཉལ་ཁང་རེ་རེའི་གཙང་སྦྲའི་གནས་ཚུལ་ཞིབ་བཤེར་བྱས་ནས་ཉལ་ཁང་ཞིབ་བཤེར་རེའུ་མིག་ཏུ་འགོད་དགོས་ལ།  ཉལ་ཁང་རེ་རེར་སློབ་མའི་འཚོ་བའི་མཛུབ་སྟོན་པ་ཐོན་ཡོད་མེད་དང་འགན་ཁུར་མིན་ལ་ཡང་ཞིབ་བཤེར་བྱེད་དགོས། གཟའ་མཇུག་གི་ཉིན་གཉིས་ལ་ཡང་ལས་རེས་བཀོད་སྒྲིག་བྱས་ཏེ་ཉལ་ཁང་གི་གནས་ཚུལ་རྒྱུས་ལོན་བྱས་ན་ལེགས།  སྒོས་སུ་མཚན་ཐུན་དང་ཉིན་ཐུན་དགེ་རྒན་གྱིས་ཉལ་ཁང་དུ་བྱུང་བའི་སྒྲིག་འགལ་སློབ་མའི་མིང་ཐོ་ལ་གཞིགས་ནས་སློབ་མའི་བྱས་ཉེས་ཡང་ལྗི་རབ་འབྲིང་ཐ་གསུམ་ལྟར་ཆད་པ་གཅོད་པ་དང་སྐྱོན་ཆ་ལེགས་བཅོས་བྱེད་པའི་ཐབས་གང་མང་འདོན་དགོས། དེ་དང་མཉམ་དུ་སྒྲིག་འགལ་སློབ་མའི་མིང་ཐོ་གཟའ་རེར་ཕྱོགས་སྡོམ་བྱས་པ་སྲིད་སྟོན་ཁང་ལ་སྤྲོད་དགོས།

 

བརྒྱད། ལས་རེས་དགེ་རྒན་གྱི་སྒྲིག་ལམ་བདག་དམ་བྱེད་ཐབས།

ལས་རེས་དགེ་རྒན་ནི་གཟའ་འཁོར་གཅིག་གི་སློབ་གྲྭའི་སློབ་མའི་ཕྱོགས་ཡོངས་ལ་ལྟ་རྟོག་དང་ཞིབ་བཤེར་བྱེད་པའི་ལས་འགན་ཁུར་ཡོད་པས་གཟའ་འཁོར་དེའི་གཙང་སྦྲ་དང་སློབ་སྦྱོང་།  སྒྲིག་ལམ་སོགས་ཀྱི་རྒྱུ་སྤུས་ཡང་ལས་རེས་དགེ་རྒན་རྣམ་པར་འབྲེལ་བ་དམ་པོ་ཡོད། ལས་རེས་ཀྱི་དུས་ཚོད་ནི་གཟའ་ཟླ་བ་ནས་ཉི་མ་སྟེ་ཉིན་བདུན་གྱི་སློབ་གྲྭའི་སློབ་མའི་གཙང་སྦྲ་དང་སྒྲིག་ལམ་སོགས་ཕྱོགས་ཡོངས་ལ་ལྟ་རྟོག་ནན་མོ་བྱེད་དགོས་ལ། གཟའ་པ་སངས་ཀྱི་ཕྱི་དྲོ་ཕྱོགས་སྡོམ་བྱས་པ་སྒོ་སམ་སྟེང་ལེགས་པོར་འགོད་དགོས། གཟའ་མཇུག་གི་ཉིན་གཉིས་ཀྱི་སློབ་མའི་བདག་དམ་ཡང་ལས་རེས་དགེ་རྒན་རྣམ་ལ་ལས་བགོས་གང་ལེགས་བྱས་ནས་སློབ་མའི་དོ་དམ་དང་གཙང་སྦྲ།  སྒྲིག་ལམ་སོགས་ཞིབ་བཤེར་ལེགས་པོ་བྱེད་དགོས་ལ་རྩ་འཛུགས་ལེགས་པོས་བྱ་འགུལ་སྣ་ཚོགས་པ་སྤེལ་ཐུབ་ན་རབ་ཡིན།

གཙང་སྦྲ་ལ་ཉིན་གཅིག་ལ་སྔ་དྲོ་དང་ཉིན་གུང་།  ཕྱི་དྲོ་བཅས་ཐེངས་གསུམ་ལ་སློབ་ཁང་དང་བར་འཁྱམ།  ཁོར་ཡུག་བཅས་ལ་ཕྲ་ཞིང་ཞིབ་པར་ལྟ་རྟོག་བྱེད་དགོས།  སྒོས་སུ་སློབ་ཁང་གི་ཅོག་ཙེ་འོག་དང་དྲ་མའི་སྟེང་།  སྒོ་སམ་གྱི་འོག་དང་གྲུ་ག་དག་གི་གཙང་སྦྲ་ལ་ཞིབ་མོར་བལྟས་ཏེ་འཛིན་གྲྭ་རེ་རེའི་གཙང་སྦྲ་བྱས་པ་བཟང་ངན་ལྟར་སྐར་གྲངས་ལ་བར་ཁྱད་ཅུང་ཙམ་ཕྱེ་ན་ལེགས།

སྒྲིག་ལམ་ལ་ཞོགས་སྦྱོང་དང་ཞོགས་རྩལ། སློབ་གསེང་རྩལ་སྦྱོང་། ༼སྐོར་བྲོ ༽ ཉིན་གུང་དང་ཕྱི་དྲོའི་གྲལ་སྒྲིག་པ། དགོང་འཚོགས་བཅས་ཀྱི་དོ་དམ་ཐད་ནས་དུས་ལྟར་ཐོན་དགོས་པའི་བླང་བྱ་འདོན་དགོས། ཞོགས་རྩལ་དང་སློབ་གསེང་རྩལ་སྦྱོང་། ༼སྐོར་བྲོ ༽ ཉིན་གུང་དང་ཕྱི་དྲོའི་གྲལ་སྒྲིག་སྐབས་དུས་ལྟར་མི་ཐོན་པའི་འཛིན་གྲྭར་སྐར་མ་འཕྲི་འཐེན་བྱེད་པ་དང་ཡང་ན་འཛིན་གྲྭ་གཅིག་གི་སློབ་མ་བཅུ་ཡན་མེད་ན་སྐར༣འཐེན་པ།  གྲལ་སྒྲིག་དུས་མ་ཐོན་ན་སྐར་༡༠འཐེན་པ་སོགས་ཀྱི་ཐབས་སྤྱོད་དགོས། བསླབ་ཚན་དགེ་རྒན་གྱིས་དུས་ལྟར་འཚོགས་དགོས་ལ་དུས་ལྟར་གྲོལ་དགོས། སྒོས་སུ་ཐུན་བཞི་བ་དང་ཕྱི་དྲོ། དགོང་འཚོགས་གྲོལ་དུས་དགེ་རྒན་གྱིས་དུས་ལྟར་སློབ་མ་མངགས་དགོས། དགོང་འཚོགས་གྲོལ་བ་དང་མཉམ་དུ་སློབ་མ་དག་སྔོན་ལ་སློབ་ཁང་ལས་སྒོར་ཕུད་པ་དང་དགེ་རྒན་གྱིས་སློབ་ཁང་གི་གློག་སྒོ་རྒྱག་པ་དང་།  སློབ་ཁང་སྒོ་བརྒྱབ་ནས་སློབ་མའི་རྗེས་དེད་ནས་ཡོང་དགོས་ལ་སློབ་མའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།  གཟའ་པ་སངས་དང་སྤེན་པར་དགོང་འཚོགས་མེད་པས་སློབ་ཁྲིད་ཐོག་ཁང་དུ་སློབ་མ་གཅིག་ཀྱང་འགྲོ་རུ་མི་འཇུག་པའི་སྒྲིག་ལམ་འཇོག་དགོས།  ལོ་རིམ་དྲུག་པས་གཟའ་པ་སངས་དང་སྤེན་པར་སློབ་ཐུན་འཚོགས་སྐབས་སློབ་རིམ་དེ་ལས་གཞན་པ་སློབ་ཁྲིད་ཐོག་ཁང་དུ་ཡོང་མི་ཆོག་པ་དང་གལ་ཏེ་དགེ་རྒན་གྱིས་རྩ་འཛུགས་བྱས་ན་དགེ་སློབ་གཉིས་ཀ་སློབ་ཁྲིད་ཐོག་ཁང་དུ་མཉམ་འགྲོ་མཉམ་ལོག་བྱེད་དགོས་པའི་བླང་བྱ་འདོན་དགོས།  སློབ་ཁྲིད་ཐོག་ཁང་དུ་འུར་མི་རྒྱག་པ་དང་རྩེད་མོ་མི་རྩེ་བ་སོགས་སྒྲིག་འགལ་གྱི་བྱ་སྤྱོད་མི་སྒྲུབ་པར་ཁག་ཁུར་དགོས།

 

དགུ། གསོལ་ཁང་གི་བདག་དམ་པས་སློབ་མའི་སྒྲིག་ལམ་བདག་དམ་བྱེད་ཐབས།

གསོལ་ཁང་དུ་གུང་ཇ་དང་ནུབ་ཇ་འཐུང་སྐབས་གསོལ་ཁང་གི་བདག་དམ་དགེ་རྒན་གྱིས་སྒྲིག་ལམ་བཞག་སྟེ་གྲལ་སྒྲིག་པ་དང་འཚང་ཁ་མི་བྱེད་པ་ཟས་གྲ་དག་དང་གྲོན་ཆུང་གིས་ཟ་བ་སོགས་ཀྱི་སློབ་གསོ་གཏོང་དགོས་ལ་ཟས་འཕྲོ་བརླག་དང་གང་འདོད་དུ་ཉལ་ཁང་དང་སློབ་ཁང་དུ་ཁྱེར་དུ་མི་འཇུག་པའི་སྒྲིག་ལམ་འཇོག་དགོས།  གལ་ཏེ་སྒྲིག་ལམ་དང་འགལ་ན་སློབ་མའི་མིང་དང་འཛིན་གྲྭ་སོགས་ཡིག་ཐོག་ཏུ་བཀོད་ནས་སྲིད་སྟོན་ཁང་ལ་སྤྲད་དེ་འཛིན་གྲྭའི་སྐར་མ་འཕྲི་འཐེན་བྱེད་དགོས་པའི་རེ་བ་ཞུ་དགོས། སློབ་མ་སྒེར་གྱིས་རང་སྐྱོན་ངོས་ལེན་བྱེད་དགོས་ལ་དུས་ཐོག་ཏུ་བྱས་ཉེས་ཡང་ལྗིད་ལྟར་ཆད་པ་འཁུར་དགོས།

མདོར་ན།  སློབ་མའི་སྒྲིག་ལམ་ནི་སློབ་མའི་ཀུན་སྤྱོད་སློབ་གསོ་མཐོར་འདེགས་བྱུང་བའི་རྨང་གཞི་ཡིན་པས་སློབ་གྲྭ་ལ་སྒྲིག་ལམ་འཐུས་ཚང་ཞིག་ཡོད་ན་སློབ་མའི་ཀུན་སྤྱོད་ཇེ་ལེགས་སུ་བསྒྱུར་ཐུབ་ལ། གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་ཐུབ།  གོམས་གཤིས་ལེགས་པོས་སློབ་མའི་ཕྱོགས་ཡོངས་ལ་འཕེལ་རྒྱས་གཏོང་བར་འབྲེལ་བ་དམ་པོ་ཡོད། དེ་བས་སྒོ་ཀུན་ནས་སློབ་མའི་སྒྲིག་ལམ་དོ་དམ་ལ་མཐོང་ཆེན་བྱས་ནས་སློབ་སྐབས་རེ་རེར་ཁ་གསབ་དང་ལེགས་བཅོས་གང་ལེགས་སྒོས་འཐུས་ཚང་དུ་གཏོང་རྒྱུའང་གནད་ཀྱི་དམ་པའོ།།

 

༢༠༡༦ལོའི་ཟླ༡༢པའི་ཚེས༢༠ཉིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=899