ཤ་བོ་མཁའ་བྱམས།

ཡིག་རྙིང་འདི་ཁ་སང་དེ་རིང་རྙེད་པ་མིན་ལ། བན་ཤུལ་གྱིས་གློ་བུར་རྙེད་པ་ཞིག་ཀྱང་རྩ་བ་ནས་མིན། དེ་ཡང་ཐོག་མར་མངའ་རིས་ཁྱུང་ལུང་མཁར་དང་ཐག་ཉེ་བའི་ཁྱུང་ལུང་དགོན་པའི་གྲྭ་བས་སྤྱི་ལོ་2010ལོར་ཉེ་འཁོར་གྱི་མཆོད་རྟེན་གྱི་གཟུངས་གཞུག་ནས་རྙེད་པ་དང་། སྤྱི་ལོ་2015ལོའི་སྔ་ཕྱིར་འཇད་མི་ཤར་རྒན་དབང་འདུས་གཙོ་བྱས་པའི་གནའ་དཔྱད་རུ་ཁག་གིས་ཁྱུང་ལུང་མཁར་ལ་རྟོག་ཞིབ་ཚད་ལེན་བྱེད་པའི་ལས་གཞིའི་སྐབས་ཡིག་རྙིང་འདིའི་རིག་གཞུང་རིན་ཐང་གཞི་ནས་རྟོགས་ཡོད་ཅིང་། སྤྱི་ལོ་2016ལོའི་ཟླ་4 བར་ཁྲི་འདུར་བསྡུས་པའི་༼”རྒྱུད་གཅིག་ལམ་གཅིག”དང་མདོ་དབུས་མཐོ་སྒང་གི་གནའ་དཔྱད་༽ཅེས་པའི་ཚོགས་འདུའི་སྟེང་ཐོག་མར་ངོ་སྤྲོད་གནང་ཡོད་ཅིང་། སྐབས་དེའི་ཚོགས་ཞུགས་པ་ངེད་ཀྱིས་དུས་ཐོག་དུ་གསར་རྙེད་ཆེན་པོ་འདིའི་ཡིག་ཆའི་དབུའི་ཚན་པ་ཁ་ཤས་པར་རིས་དང་ངོ་སྤྲོད་བཅས་སྐད་འཕྲིན་དུ་བཀོད་ཡོད་ལ། སྟེགས་བུའི་བགྲོ་གླེང་ཚར་བ་དང་ཤར་རྒན་དབང་འདུས་ལགས་ཀྱིས་ངེད་ལ་མ་ཡིག་འདིའི་ཕྱི་མོ་ཚར་གཅིག་སྤྲད་ནས་ཆེད་དུ་སློབ་སྦྱོང་དང་ཞིབ་འཇུག་བགྱི་བར་སྐུལ་མ་གནང་། དེ་དུས་ནས་བཟུང་ངས་ཀྱང་ཡིག་རྙིང་འདིར་རབས་དང་རིམ་པར་སློབ་སྦྱོང་བྱས་པ་ཡིན་ལ། བན་ཤུལ་ལ་མཚོན་ཡང་ཡིག་རྙིང་འདི་ཐོག་མར་དོ་སྣང་འབྱུང་ས་སྐབས་དེའི་ངེད་ཀྱི་སྐད་འཕྲིན་ལས་འཕྲོས་པའི་པར་རིས་ཡིན། སྤྱི་ལོ་2018ལོའི་ལོ་དཀྱིལ་ལ་ལྷ་སར་འཚོགས་པའི་༼ལྷ་སའི་ཞང་ཞུང་རིག་གཞུང་ཚོགས་འདུ༽འི་གོང་རྩོམ་པ་པོར་མངའ་རིས་ཀྱི་སློབ་བུ་ཞིག་བརྒྱུད་ནས་ཡིག་ཆ་འདི་ཚང་བར་རགས་འདུག་པར་མ་ཟད་རྩོམ་པ་པོས་ཚོགས་འདུའི་སྟེང་རྩོམ་འདིའི་མ་གདན་ངོ་སྤྲོད་བྱས་ལ། ཚོགས་འདིའི་སྟེང་ངེད་ཀྱིས་ཡིག་རྙིང་འདིའི་བསྟན་དོན་དང་ཁེ་དབང་སྐོར་ནས་རྩོད་གླེང་ཐུང་ངུ་ཡང་བྱས་པ་ཡིན། དེ་བཞིན་ཡིག་རྙིང་འདི་པྲ་དུམ་རྩེའི་གཙུག་ལག་ཁང་དང་རྡོ་རིང་གི་ངོ་བཤུས་ཡིན་ཚུལ་སོགས་ནི་ཁོང་གི་དག་སྣང་འབའ་ཞིག་ལས་གཞི་འཛིན་སའི་གནད་གང་ཡང་མེད། དེ་བཞིན་2018ལོའི་ཟླ་10བར་ཁྲི་འདུ་ནས་འཚོགས་པའི་༼བོད་ཀྱི་གནའ་དཔྱད་དང་སྒྱུ་རྩལ་ཚོགས་འདུ་ཐེངས་བདུན་པ༽འི་སྟེང་རྒན་ཤར་རྒན་དབང་འདུས་ལགས་ཀྱིས་ཡིག་རྙིང་འདིར་ཆེད་དུ་ཞིབ་དཔྱད་གནང་པའི་བརྗོད་གཞི་བགྲོ་གླེང་དང་ནང་དོན་གསལ་བཀྲོལ་སོགས་ཀྱི་བརྙན་རིས་ས་ཁྱབ་རྡོ་ཁྱབ་སོང་ཡོད་ཅིང་། ཡིག་རྙིང་འདིའི་”རྒྱེ་ཤིན་”ཞེས་པའི་བློན་འདི་མངའ་རིས་ལ་དྭགས་དང་ལྷག་པར་ཕ་ཀི་སི་ཐན་སྤལ་ཏི་གལ་གུད་ས་ཆར་འབྲེལ་བ་ཤུགས་ཆེ་ཚུལ་དང་དེ་གའི་རྡོ་བརྐོས་ཡིག་རྙིང་དུ་ཐོན་ཚུལ། ཕན་ཡུལ་ཞེས་པའི་གཞིས་ཀ་ཡང་ས་དེར་འཁེལ་ཚུལ་སོགས་ཀྱི་གནས་ཚུལ་མདོར་ཙམ་ངེད་ཀྱིས་ན་ནིང་གི་༼མཚོ་སྔོན་སྤྱི་ཚོགས་ཚན་རིག་༽དེབ་གཉིས་པའི་སྟེང་སྤེལ་ཡོད་ལ། དེ་ཡང་ཡིག་རྙིང་བདག་པོ་ངོ་མའི་མོས་མཐུན་བརྒྱུད་པ་ཙམ་མ་ཟད། ཡིག་རྙིང་གསར་རྙེད་ཀྱི་གནས་ཚུལ་ཀྱང་མཆན་བཏབ་ཡོད། མདོར་ན་གསལ་བཤད་འདི་ཙམ་གནང་དོན་ཡང་ཡིག་རྙིང་འདིའི་རིག་གཞུང་གི་རིན་ཐང་ཐོག་མར་རྟོགས་པ་དང་རིག་གཞུང་སྡེ་རུ་འདྲེན་མཁན་མི་བུ་ཁོང་ལ་དོན་གྱིས་བརྩི་བཀུར་ཡོང་ཕྱིར་ཡིན་ནོ།

  སྤྱི་ལོ་2019ལོའི་ཟླ་3པའི་ཚེས་21ཉིན་གྱི་དགོང་མོར་ནག་ཆུའི་ཁྱུང་སྣར་སྦྱར།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=857