༈ ནམ་ཞིག་ང་རང་འཆི་སོང་ཚེ།
སོར་རྡེའུས་བརྩམས།
ད་ནི་ཕྱི་ལ་ཁ་བ་འབབ་རྒྱུ་ཆད་པས།།
ང་རང་གཅིག་པུར་ཆུ་བོའི་འགྲམ་ལ་ཕྱིན་ཡོད།།
གྲོང་མཐའི་ཆུ་ནག་ལུག་ཁྱུ་ཞོགས་མཚམས་ཕྱོགས་ཀྱི།།
སྨུག་པ་ཞལ་རས་གསོལ་ཏེ་སྤང་ལ་གཤར་མཐོང་།།
ཉི་ཟླའི་ཕུ་དུང་རིང་ཐུང་དབྱེར་མེད་ཉིད་ལས།།
ཤར་ལྷོ་ཐང་དཀར་རྒོད་པོ་ཐང་ལ་བརྡབས་ཏེ།།
ཡུན་རིང་ཞེན་ཆགས་ཤིན་ཏུ་ཆེ་བ་ཁྱེད་ལ།།
ཁ་ཆེམས་ཡི་གེ་འཁྱོག་པོ་བྲང་ལ་འདེབས་སྲིད།།
སྤྱན་མིག་ཞལ་ཟུར་དགོད་པའི་རི་བོའི་མཐའ་ན།།
ཡངས་པའི་རྩྭ་ཐང་གོས་ཀྱི་རི་མོས་བརྒྱན་ཡོད།།
གལ་སྲིད་བདག་རང་སྲིན་བུ་མེ་ཁྱེར་བཞིན་དུ།།
འཁོར་བའི་དར་སྐུད་ནགས་ལ་འཐེན་རྒྱུ་རྙེད་ན།།
མིག་ཆུ་ས་ལ་འདྲིལ་ཡང་འགྱོད་པ་ཅི་ཡོད།།
མི་ཚེ་ཐ་གྲུ་ལ་མོའི་ནགས་ཁྲོད་ཕར་རྒྱབ།།
སེམས་ནི་རླུང་བུ་སྒུལ་ཕྱོགས་དྲག་པོ་ཞིག་གིས།།
རྡོ་གསུམ་བར་ན་བརྡར་བའི་མེ་ལྕེ་ཡིན་རེད།།
དཀར་འོད་རྙིང་དུ་མེད་པ་གྲིབ་སོ་ནག་པོ།།
རྟག་པར་ཆུ་ཡི་འོད་མདངས་མ་ཉམས་དོད་པ།།
སྐུ་ཞབས་ལགས་ནི་ཁ་སྤུ་ཙོག་ཙོག་ངང་ལས།།
དེང་སང་གར་ཡོད་སྐྱེ་བོ་སུ་ཡིས་ཤེས་སམ།།
སྐྱོ་སྐྱོ་ཟོམ་གང་གྲུབ་པའི་གཡུ་སྦྲང་ཁྱེད་ཀྱིས།།
བར་སྣང་སྤྲིན་ནག་སྒོ་ལ་སྐ་རགས་དཔྱངས་ཏེ།།
སྨོན་ལམ་དབང་གིས་འབྲེལ་བའི་དྲིན་ཆེན་ཕ་མར།།
ཚེ་ཡི་ཐོབ་སྐལ་ཡང་བཤད་བསྐྱར་བཤད་བྱས་ཏེ།།
ཚེ་གང་ལས་ཀྱིས་བསྡུས་པའི་འགྲོ་དྲུག་སེམས་ཅན།།
རི་རབ་ཁོང་གསེང་གཏིང་ནས་འཇིག་རྒྱུ་རེད་དོ།།
སང་ཞོགས་བྲག་གཉིས་རྒོད་པོ་འཕུར་སའི་ཡུལ་ན།།
འདི་ཀོ་རྨི་ལམ་ནང་གི་ལྷ་ཁང་སྤྲུལ་ཏེ།།
ད་ནི་དགེ་བ་དར་ཡུག་ཚོད་ཅིག་འཚོལ་ཡང་།།
གཤིན་རྗེའི་མྱ་ངམ་ཐང་ན་སྤྱན་རས་མི་མངའ།།
2018 12 3ཁྲིན་ཏུ།
༈གོས་ཀྱི་ཕྱི་ནང་གི་འཇིག་རྟེན།
ཕྱི་རོལ་ངོགས་ཀྱི་སྣང་བའི་རྒྱ་མཚོ་ངོར།།
སྤྲིན་དཀར་ཕྱི་ནང་མང་བའི་ས་རྡུལ་གྲུབ།།
རྡོ་བ་ཆག་གྲུམ་ཤོར་བའི་མི་སེམས་དང་།།
རླུང་ནང་མར་མེ་ཀློང་གི་བུད་མེད་ལ།།
སྒྱུ་མའི་དཔེ་བརྒྱད་ལྷན་པོ་ལན་གྲངས་བརྒྱབ།།
སྣ་གླུ་གོམ་པ་རྒྱབ་ན་ཀླུང་ཕྲན་གཡོ།།
གཡས་གཡོན་རྒྱུད་སྐུད་ཆག་པ་ཤ་སྟག་གྱུར།།
ཤྭ་བ་ཡུ་མོའི་བརྩེ་འདང་ནགས་ཁྲོད་ཚལ།།
ཡིད་བརྙན་གཡུ་བྱུར་མུ་ཏིག་བརྒྱན་པ་བྱས།།
ཚོར་སྣང་རླུང་ལས་སྐྱེན་པའི་ཡིད་སེམས་ལས།།
སྦྲ་གུར་སྐྱ་བོའི་ཉིན་སྲིབ་ན་ཐང་ལ།།
སྡུག་བསྔལ་མཐའ་ཡས་རྒྱ་མཚོ་བསྐྱིལ་བ་ཡོང་།།།
ཆང་འཐུང་མང་དྲགས་འཚོ་བ་ཆིག་རྐྱང་རེད།།
སེམས་དང་སེམས་པ་སྒོ་ཐེམ་འདྲ་མིན་སྣང་།།
རྣམ་ཤེས་ཁ་དོག་དཀར་ནག་འདྲེས་སུ་མེད།།
དེ་རིང་སྣང་བ་གྱང་གླུ་སིང་སིང་གིས།།ི
སང་ཉིན་ཉི་ནུབ་སྤྲུལ་པ་བྱེ་བ་འགྱེད།།
རྟག་ཏུ་མི་ནི་སྡོང་ལོའི་བྲག་གསེབ་ཀྱི།།
སེང་རས་སྒྲོ་མདངས་གསོལ་བའི་ཐང་དཀར་གྱི།།
སྐྱི་སེར་རླུང་བུ་ཡིན་པ་ད་གདོད་གོ།།
2018 9 10
༈རླུང་ནང་མར་མེ་ལ་གཡེང་བ།
མཚོ་མཐའ་ངང་པ་ཆ་རེའི་གཤོག་ཟུང་མཚམས།།
སྐྱིད་སྡུག་གཅིག་པའི་མེ་ཕུང་ཡོད་ན་བསམ།།
རོལ་དབྱངས་ཉིན་མཚན་ཆད་མེད་གྲག་བཞིན་དུ།།
དར་ལྕེ་རླུང་གིས་ལོགས་ན་བསྒུལ་འདུག་མོད།།
ཕྱི་དྲོ་ཉི་མ་ནུབ་རྗེས་འོད་ཀོར་གྲོང་།།
རི་དྭགས་ཕོ་མོ་ཕྱི་རོལ་ཡུལ་ལ་བལྟ།།
ཡུལ་ལ་ཆགས་པའི་རྡུལ་གྱི་བ་མོ་ཡང་།།
ཆུ་ལ་གཡེངས་ཏེ་གོས་མདོག་མི་གཅིག་རེད།།
ལུང་པ་སྤྱན་ཟུར་སྣ་ཚོགས་ཕུ་མདའ་ནས།།
སྒྱུ་མའི་བྱ་ཁྱུ་ཕྱོགས་སུ་ཧུརཔོར་ཞོགས།།
མེ་འོད་བྲག་ཅིའི་ངོས་ལ་འབྱར་བ་ཡི།།
ལ་གཞས་ལྷིང་འཇགས་གྲོང་ལ་ལེན་པར་བྱ།།
ཚེ་ཡི་ཉི་ཟླའི་འོད་ཆུང་འདྲེས་མཚམས་ཀྱི།།
ལུག་ཁྱུ་ཐག་རིང་ཐག་རིང་ཡན་དགོས་ཡོད།།
སྤྲིན་དཀར་གནམ་ས་བློ་འོག་བརྗེ་བ་བཞིན།།
ཤིན་ཏུ་ཡངས་པའི་ཐང་ནི་ཐག་ཉེར་གནས།།
ཕོ་རོག་རྡོ་ལ་གས་པའི་ནུབ་མོ་དེེར།།
ངང་པ་ཙབ་ཙོབ་འཁོར་བའི་རྫོང་ལ་ལྷུང་།།
ནམ་ཟླ་དགུན་གྱི་གྱོན་པ་འཁྱག་ན་ཡང་།།
དུར་ཁྲོད་མེ་ལོང་གསལ་བའི་གསག་བ་ཡོད།།
འགྲོ་བ་རིགས་དྲུག་འཁོར་བའི་དཀྱིལ་འཁོར་ལས།།
ཡུན་རིང་ཞེ་འདྲིས་སྙིང་གི་ཕྱེད་ཀ་ཁྱོད།།
སྔར་བཞིན་སྐྱོ་བས་སྨྲེང་དྲགས་དྲོད་མ་རྙེད།།
ཆུ་དང་འོ་མའི་བརྩེ་བ་དམར་པོ་ཡིས།།
ལས་དབང་ཆར་གྱིས་ས་མཐའི་རླུང་ལ་བསྐུར།།
སྐྱོ་ཤས་མཆི་མས་མལ་སྟན་བརླན་པའི་ཞག།།
ཉིད་ཀྱིས་འགྲོ་འདུག་བར་ནས་ཐོས་ལགས་སམ།།
སྨྲེང་ཞག་ཉིན་ནི་ལམ་ཐག་རིང་མོ་རེེད།།
2018 11 14 ལ།
༈ཁུ་སིམ་པའི་མཚན་མོ།
ད་ནི་ཆར་ནག་མཐུག་པའི་གྲོང་ལས།།
ས་མཐའི་རྩྭ་སྐྱ་རླུང་གིས་བདས་སོང་།།
མུ་མེན་གསོལ་བའི་ཟླ་བ་དེ་ཡིས།།
ཐག་རིང་ཞེ་འདང་རི་བོའི་སྐད་ལ།།
སྨྲེང་གླུ་ངག་ནས་དལ་གྱིས་བླངས་བྱུང་།།
ལུག་ཁྱུ་གཅིག་ཞོགས་གཉིས་ཞོགས་རྗེས་སུ།།
འབྲོག་སྡེ་ཐང་དཀར་ཐང་ནག་ཆགས་ཏེ།།
སྤུ་མདོག་གཡུ་ལོ་ཁམ་པ་དབུས་ཀྱི།།
སྡོང་ལོ་འཁྱམ་པོ་ཙག་གིས་བསྡམ་ཡོང་།།
བུ་ཆུང་མཆི་མས་བརླན་པའི་ཉི་མོ།།
བྲག་གཉིས་སེམས་ཅན་གང་དུ་ཕྱིན་ཡོད།།
ཉག་ག་ཕག་ནས་ངོ་ཕྱེད་བསྟན་ཀྱང་།།
གཅིག་པུར་ཡིན་སྣང་སྣང་བ་ཆེ་འོ།།
སེམས་གཤིས་ཡང་ཤི་ཡང་སོས་དེ་ནི།།
མི་རོ་ཐར་ཐར་གཤར་བའི་མཇུག་ཏུ།།
ནགས་ཀྱི་དུར་ཁྲོད་ཚལ་ལ་བུད་འགྲོ།།
མདང་ནུབ་ང་ཡི་མལ་ཁྲིའི་ཐོག་ལ།།
ལང་ཚོ་བསྣད་པའི་སྐར་མ་རེ་ཟུང་།།
དོ་ཤི་དོ་ཆད་བྱས་ནས་ཡོད་མཐོང་།།
སྟོང་ཉིད་བུམ་པ་བྲུག་པའི་དེའི་དུས།།
ཐམས་ཅད་རྒྱང་རིང་བྱ་ཁྱུ་བཞིན་དུ།།
གང་དུ་འགྲོ་ཞིང་གང་ལ་ལོག་འགྲོ།།
གྲོང་ཁྱེར་རི་ཆུའི་བརྩེག་པའི་བ་སྒམ།།
མི་ནི་སྔར་བཞིན་འགྲམ་ཆུ་ལྡང་གིན།།
དགེ་བའི་ཡ་མཚན་ཅི་ཞིག་མུར་ཀྱང་།།
མཆན་ཁུག་འཁྱག་པ་ཞིག་ལས་མེད་དོ།།
རྟག་ཏུ་ནམ་མཁའ་སྟོང་པའི་ཉིན་སྲིབ།།
ཆང་དྲི་དུ་དྲིའི་མེ་ལྕེས་འཚིག་སྟེ།།
བྱེའུ་ཆུང་རྡུལ་ཙམ་ཤོང་ས་མེད་སོང་།།
༈ཞེ་ཡི་བྱམས་པ།
ཞེ་འདང་མཚོ་ལས་ཟབ་པའི་བྱམས་པ།།
སྤྲིན་པ་ཡར་ཡར་འཁྲིགས་པ་གང་ཡིན།།
མཁའ་མཐའི་ཁུད་ལ་ཡོད་པའི་ཁྱོད་ཀྱིས།།
ནམ་མཁའི་ལམ་ནས་སྐར་ཚོགས་མཐོང་ངམ།།
ཐང་ན་མེ་ཕུང་འུར་འུར་མཆེད་ཀྱང་།།
འདང་རྩིས་རླུང་ཆེན་དྲག་པོ་ལྡང་འགྲོ།།
སྐར་ཆ་གཅིག་ནང་འཁྲིས་སུ་བསླེབས་ཡོད།།
མིག་གི་མདངས་ཀྱིས་ཡང་ཡང་འཚོས་ཡིན།།
དེ་བས་སེམས་པ་དབྱངས་ལ་འཐམ་སྟེ།།
སྐྱིད་ཆུའི་འགྲམ་ནས་ཨེན་ཙམ་བསྒུག་རོགས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=825
དཔྱད་མཆན་སྤེལ།