“རྒྱ་གར།’’

 

སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །

 

ཡུལ་དང་ཡུལ་སྡེ་མཚུངས་པ་མ་ཡིན་ཆོས་ལུགས་སྤྱོད་ལམ་ལ་སོགས་ཐ་དད་སྣ་ཚོགས་ཀྱི། །
འབྱུང་བའི་གནས་སུ་གྱུར་པའི་ཡུལ་གླིང་ཆེན་པོ་རྒྱ་གར་ཞེས་བྱ་འཕགས་པའི་ཡུལ་གྲུ་དེར། །
ཤིན་ཏུ་མཐོ་བའི་རྩེ་མོ་དག་ནི་མཁའ་ལ་སྙེགས་པའི་རྔམ་བརྗིད་ལྡན་པའི་རི་བོ་དང་། །
ཡོད་ཚད་ཀུན་ནས་དམའ་བར་གྱུར་ཅིང་མེ་ལོང་ངོས་ལྟར་མཉམ་པའི་ཐང་ཡང་མཐོང་དུ་མཆིས། །

པདྨའི་མདངས་དང་ལྡན་པ་ཚེ་རབས་ཀུན་ཏུ་སྐྱིད་པའི་ཨརྱཎ་སྟེ་རྗེ་རིགས་དང་། །
སོལ་བའི་ཁ་དོག་འཛིན་གྱུར་བཀྲེས་ཤིང་ཕོངས་པས་མནར་བ་གཉུག་མའི་དུས་ཀྱི་དམངས་རིགས་སོགས། །
སྲོག་ཆགས་གྲོག་སྦུར་ཙམ་ལ་འཚེ་བ་ཡོངས་སུ་སྤངས་པའི་སངས་རྒྱས་པ་དང་གཅེར་བུའི་ཆོས། །
མི་རྟ་གླང་གསུམ་བསད་པའི་ཁྲག་གི་མཆོད་སྦྱིན་ལ་བརྟེན་ཐར་པ་འཚོལ་མཁན་དག་ཀྱང་སྣང་། །

རྔ་མོང་དག་གི་རྒྱབ་དང་འདྲ་བ་འབའ་འབུར་ཆེ་ཞིང་མྱ་ངམ་ཅན་གྱི་རི་ཐང་དང་། །
རྨ་བྱའི་མགྲིན་པ་བཞིན་གྱི་ཁ་དོག་མཐོན་མཐིང་ཅན་གྱི་ཉམས་དགའ་ཆུ་གླིང་སྐྱེད་ཚལ་སོགས། །
བཟང་དང་ངན་གྱི་མཐའ་ལ་གནས་པའི་འཇིག་པའི་ཆོས་ཅན་དངོས་པོ་སྣ་ཚོགས་ཇི་སྙེད་པ། །
རང་རེའི་རྩིས་ཀྱི་གདན་གཞིའི་ངོས་ཀྱི་ཁ་དོག་ལྟར་དུ་དཀར་དམར་མདངས་སུ་བཀྲ་བ་མཐོང་། །

ཟུར་གསུམ་དུ་ཆགས་སོག་དབྱིབས་ལྟར་མཚུངས་གླིང་འདིའི་ལྟེ་བར་རྡོ་རྗེ་གདན་ནི་འགྱིང་བ་དང་། །
སོག་པའི་སྣེ་མོ་ལྷོ་ལ་བསྟན་ཅིང་དེ་ནས་དཔག་ཚད་འགའ་ཙམ་མཚོ་ཡིས་ཆོད་པ་ན། །
སིངྒ་ལ་འདིའི་ཟུར་གསུམ་རྩེ་མོ་རྒྱ་གར་ལ་བསྟན་སོག་པའི་ཡུ་བ་བཞིན་དུ་གནས་གྱུར་པ། །
ཐང་ཡིག་སོགས་ན་དེ་ལྟར་ཡོད་ཅེས་ཇི་ལྟར་གསུངས་པ་ཤིན་ཏུ་བདེན་ནོ་ཐུགས་དག་སྙམ། །

དེ་ལྟར་འཕགས་པའི་ཡུལ་གྱི་དབྱིབས་ནི་ཟུར་གསུམ་ཅན་དུ་གནས་པ་དེ་ཡི་བྱང་ངོས་ན། །
ཧི་མ་ལ་ཡའི་རི་རྒྱུད་འགྱིང་ཞིང་དེ་ཉིད་དར་དཀར་ཡོལ་བ་ལྟ་བུར་མཐོང་གྱུར་པ། །
ཤར་ནས་རྒྱ་ནག་ཡུན་ནན་ནུབ་ནས་ཏ་ཟིག་ཡུལ་གྱི་ལྟེ་བའི་བར་དུ་བརྐྱངས་པ་ཡིས། །
རྒྱ་བོད་གཉིས་ཀྱི་ས་མཚམས་ཕྱེ་ཞིང་རི་འདིའི་བྱང་གི་ངོས་རྣམས་རང་རེའི་ཡུལ་དུ་འདུག །

ལྷོ་ཕྱོགས་ལའང་ཤེལ་གྱི་ཀ་བ་ལྟ་བུའི་གངས་རིའི་ཚོགས་ཀྱིས་བསྐོར་བའི་ཕྲེང་བ་ནི། །
རང་རེའི་ཡུལ་དུ་བསྲིངས་པའི་གངས་རིའི་མུ་ཁྱུད་དཀར་པོ་བཞིན་དུ་གཉིས་སུ་མ་མཆིས་ཏེ། །
གངས་རི་མཐོན་པོ་དེ་དག་བརྒལ་ཚེ་སྔོ་ལྗང་ཤུག་པའི་ནགས་ཚལ་ཅན་གྱི་རི་ཀླུང་དུ་མ་དང་། །
གློ་བུར་སྤྲིན་ནག་འཁྲིགས་པ་བཞིན་གྱི་ཐང་ཤིང་དང་ནི་སྨྱུག་མའི་ནགས་ཀྱང་མཐོང་བར་འགྱུར། །

ཞོལ་དུ་བབས་ཚེ་ནྱགྲོངྷ་སྤོས་དཀར་ཆུ་ཤིང་བྱང་ཆུབ་ཤིང་གི་ནགས་ཚལ་དང་། །
རབ་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་ཁྲ་ཆེམ་སེ་བར་རི་ལུང་མེད་པར་གང་གྱུར་ཅིང་། །
གདུགས་དང་སྡེར་མ་བཞིན་གྱི་ལོ་མ་ལྷེབ་ཆེན་ཟིལ་བ་ཁྲོམ་མེར་འཛིང་ཞིང་སྐྱེས་པ་སོགས། །
སྔོན་ཚེ་ཐོས་པ་མེད་པའི་གྲེ་འགྱུར་སྙན་མོ་མགོན་མེད་འདབ་ཆགས་ཚོགས་ཀྱིས་སྒྲོག་པ་ཡོད། །

སྨུག་སྤྲིན་དཀར་པོའི་གསེབ་ན་ནགས་ཀྱིས་བརྒྱན་པའི་རི་བོ་མཐོན་པོའི་རྩེ་མོ་ཡར་ཡར་འཕགས། །
དེ་ཡི་སྟེང་དུ་གྲོང་ཁྱིམ་གཉིས་དང་གསུམ་ཙམ་འཕྲོ་རིམ་འཕྲོ་རུ་སྦྲེལ་ཏེ་ཆགས་པ་ནི། །
རྩྭའི་ཐོག་ཕུབས་ཤིང་སྨྱུག་མའི་ཀ་བ་བཞི་ཡིས་ལྷང་ངེར་ཡར་ཡར་བཏེགས་པའི་ལྡིང་ཁང་དག །
ཤིན་ཏུ་མཛེས་པའི་མེ་ཏོག་འཁྲི་ཤིང་དག་གིས་གཡོགས་གྱུར་མཛེས་སྡུག་ཀུན་གྱི་སྙིང་པོར་འགྲན། །

ཞོགས་པར་དེ་ནས་བལྟས་ཚེ་གངས་ཀྱི་རྩེ་མོར་ཉི་འོད་ཕོག་པས་གསེར་གྱི་མདངས་འཚེར་ཞིང་།
སྤྲིན་པ་དཀར་པོའི་རྦ་རླབས་བརྩེགས་པ་དཔག་ཚད་དུ་མའི་མཐའ་ལ་བརྐྱངས་པའི་བར་དག་ན། །
ནགས་ཀྱི་ཚོམ་དང་རི་བོ་མཐོན་པོའི་རྩེ་མོ་དག་ནི་གླིང་ཕྲན་བཞིན་དུ་མངོན་པར་གྱུར་པ་ལ། །
ཧི་མ་ལ་ཡའི་སྤྲིན་གྱི་རྒྱ་མཚོ་ཞེས་གྲགས་མི་རྣམས་གནས་དེར་བལྟ་རུ་འོང་བར་བྲེལ། །

ལུང་མཐིལ་རྣམས་ན་དྲག་ཏུ་རྒྱུ་བའི་ཆུ་ཆེན་དག་གིས་ངུར་སྒྲ་སྒྲོག་ཅིང་འགྲོ་བ་དང་། །
དེ་ཡི་འཇུག་ངོགས་རྣམས་སུ་འབྲས་དང་གྲོ་སྲན་ལ་སོགས་ལོ་ཏོག་སྣ་ཚོགས་སྐྱེ་བ་ཡི། །
ཞིང་དང་ས་ཁོད་ཡངས་པའི་ཕྱོགས་ན་ཚོང་བརྡལ་དང་བཅས་གྲོང་ཚོ་དུ་མས་བརྒྱན་པ་དག །
བསིལ་ཞིང་དྲོད་གྲང་སྙོམས་པའི་ཡུལ་དུ་གནས་གྱུར་དཀར་དམར་མདངས་ལྡན་དག་གིས་བདག་གིར་བྱེད། །

ཉིན་གཅིག་ཚེ་ཡང་འབབ་འཛེགས་ཙམ་གྱིས་བསིལ་བར་འདོད་ཚེ་རི་རྩེའི་གྲང་སར་འབྱོར་བ་དང་། །
གལ་ཏེ་སུ་ཞིག་དྲོ་བར་འདོད་ཚེ་ལུང་མཐིལ་ཚ་བའི་ཡུལ་དུ་མི་རིང་སླེབས་པར་འགྱུར། །
ཡུལ་གཞན་དུ་ནི་ལ་གཅིག་མགོ་མཇུག་རྫོགས་ཀྱང་ས་ཡི་རྣམ་པ་དེ་ཙམ་མི་འགྱུར་ཡང་། །
ཤིན་ཏུ་བསིལ་བའི་རི་བོའི་རྩེ་ནས་ཐུར་དུ་ཚ་ལམ་གཅིག་ཕྱིན་ཚེ་ན་ནམ་ཟླ་འགྱུར། །

ཡུལ་དེར་སྐྱེས་པའི་ཤིང་གི་རིགས་དང་མེ་ཏོག་ཐམས་ཅད་རི་རྩེ་དག་ན་ཡེ་མེད་ཅིང་། །
གྲེ་འགྱུར་སྒྲོག་པའི་འདབ་ཆགས་དག་ཀྱང་གློ་བུར་ཉིད་དུ་མིག་གི་ལམ་ནས་འགྱུར་བ་དང་། །
དེ་ནས་ད་དུང་ཇ་ཡུན་ཙམ་ཞིག་སོང་ཚེ་སྔར་གྱི་རྣམ་པ་དེ་དག་འགྱུར་ལྡོག་གིས། །
ཉིན་གཅིག་རིང་ལ་རྨི་ལམ་ལྟ་བུའི་སྣང་བ་མང་པོ་ཐོལ་གྱིས་འཆར་ཞིང་སྐྱེ་བར་བྱེད། །

དུས་ཕྱིས་ཨིན་ཇི་པ་ཚོས་ཆུ་དང་ལམ་ལ་ལྕགས་ཟམ་ལ་སོགས་རྡོ་གཅལ་བཏིང་བ་དང་། །
རི་བོའི་སྟེང་ཤོད་མེད་པར་སྐྱེད་ཚལ་ཁང་བཟང་བསྐྲུན་ཏེ་ངོ་མཚར་མང་དུ་བགྱིས་གྱུར་ཀྱང་། །
དེ་ལ་སྨྲ་རིན་མེད་དེ་བསྐལ་པ་ཆགས་སྟངས་ཉིད་ཀྱིས་རི་བོ་གངས་ཅན་ལྗོངས་ཉིད་ནི། །
སྟེང་ཕྱོགས་ལྷ་ཡུལ་བཞིན་དུ་ཡུལ་འདིའི་མཛེས་པ་ས་ཕྱོགས་གང་དུ་མེད་ཅེས་གྲགས་པ་དོན་དང་ལྡན། །

དཔྱིད་ཀྱི་ཟླ་བ་རྣམས་ལ་བསིལ་དྲོད་སྙོམས་ཤིང་ནམ་མཁའ་བེེཌཱུརྱ་ལྟར་དྭངས་པ་དང་། །
དྲི་བཟང་ཅན་གྱི་རླུང་བུ་འཇམ་པོས་ནགས་ཚལ་ཀུན་ལ་རབ་ཏུ་འཁྱུད་ཅིང་གནས་བྱ་ཞིང་། །
ཧོར་ཟླ་བཞི་པར་ཨ་རབ་རྒྱ་མཚོའི་ཆུ་སྤྲིན་བྱང་དུ་འགྲོ་བ་གངས་ཅན་རི་ལ་ཐོགས་འགྱུར་བས། །
ལྷོ་ཡི་ནགས་ལྗོངས་རྣམས་ལ་ཆར་རྒྱུན་ཆེན་པོ་བདུན་ཕྲག་དུ་མའི་བར་དུ་སྦྲེལ་ཏེ་འཇོ། །

ཆུ་སྟོད་ཟླ་བ་རྫོགས་པའི་ཉིན་ལ་སྤྲིན་རྣམས་རི་ཤོད་རི་སྟེང་ཉལ་བར་གྱུར་པ་ནི། །
མཆོག་ཏུ་རོལ་ཅིང་མཛེས་པར་གྱུར་པའི་གླང་ཆེན་ཡིན་ནམ་སྙམ་དུ་རྟོག་ཅིང་མཐོང་བར་གྱུར། །
དེ་སྐད་གསུང་བཞིན་དབྱར་མཇུག་སྤྲིན་རྣམས་ཆུ་འགྲམ་རི་ཤོད་དག་ན་ཉལ་ཅིང་ལྡང་བ་དང་། །
དལ་བ་དལ་བུར་གྱེན་དུ་འཛེགས་ཏེ་གཡུ་ཡི་རི་རྩེ་དག་ན་ལང་མ་ལིང་དུ་གནས། །

ཉིན་མོའི་ཐུན་གསུམ་ཙམ་ལ་མགོན་མེད་བྱིའུ་དག་གིས་སྐད་སྙན་སྣ་ཚོགས་སྒྲོག་བྱེད་ཅིང་། །
མཚན་མོར་རང་འོད་འབྱིན་པའི་སྲིན་བུ་རེ་འགས་དྲིལ་བུའི་སྒྲ་ཡང་འབྱིན་པར་བྱེད། །
དགོང་ཁའི་མཚམས་སུ་སེང་གེའི་ཁ་དང་རྔ་མོང་རྒྱབ་འདྲའི་ནུབ་ཀྱི་རི་བར་དག་ནས་ཀྱང་། །
ཉི་མ་སེར་པོས་མཛེས་པ་ངོམ་ཕྱིར་རང་མདངས་སྣ་ཚོགས་སྟོན་ཅིང་འགྲོ་བ་བལྟ་ན་སྡུག །

དེ་ནས་སྲོད་ཀྱི་མུན་པ་བབས་པའི་ཐང་སྟོང་ལྗང་ནག་དག་གི་གསེབ་ན་ཡར་ལའང་། །
ཟངས་དང་ལྕགས་ཀྱིས་གྲུབ་པའི་ལི་ཡི་རྔ་བོ་ཆེ་འདྲའི་ཟླ་བ་ཁམ་པ་འཆར་བར་བྱེད། །
འོད་སྣང་དཀར་པོ་ལ་ཕོག་རྒྱང་གི་རི་ཀླུང་སྐྱ་སངས་སེ་བ་དག་གི་ཁ་ནས་ཀྱང་། །
ཆུ་ཀླུང་མུ་ཏིག་འདྲ་བ་འབབ་པའི་ངོ་མཚར་སྣང་བ་བརྗོད་པའི་ཡུལ་ལས་རིང་དུ་འདས། །

ཀྲོང་ངེར་འགྱིང་བའི་རི་བོའི་རྩེ་ལ་དགུན་གྱི་དུས་སུ་ཁ་བ་བག་རེ་འབབ་པ་དང་། །
རླུང་ཤུགས་མེད་ཀྱང་ག་ཤེད་ཅིག་ནས་དལ་བུར་གྲང་ངར་བཟི་ལོང་བ་རེ་ལྡང་བའི་ཚེ། །
ཨ་འཇམ་ཚ་རུས་བཟོས་པའི་སློག་པ་སྐྱ་བོ་གྱོན་ན་དགའ་སྙམ་སྣང་བ་ཆེར་སྐྱེ་མོད། །
རི་ཞོལ་རྣམས་ནི་ལྗོན་པའི་ལོ་འདབ་བརྗེས་ཙམ་ཉིད་ལས་ཐལ་སྐྱ་འཚུབ་མའི་སྣང་བ་དབེན། །

ལར་ཡང་རྒྱ་གར་ཕྱོགས་སུ་སྐྱེས་པའི་ནགས་རི་ཤིན་ཏུ་ཉམས་དགའ་འདི་དག་མཐོང་བའི་ཚེ། །
ཡིད་དུ་འོང་ཞིང་སྙིང་ལ་ཞིམ་པའི་སྣང་བ་སྣ་ཚོགས་སེམས་ཀྱི་གཏིང་ལ་སྦྱིན་བྱེད་པས། །
ལྷ་དང་ལྷ་མོའི་གྲོང་ཁྱེར་བཞིན་དུ་མཛེས་སྡུག་སྙིང་པོ་ཡོངས་སུ་ཚང་བའི་ཡུལ་འདི་ལ། །
རོ་ཉམས་དབྱངས་ཀྱིས་མགྲིན་པ་མཛེས་པའི་སྙན་དངགས་མཁན་དག་ཟམ་མ་ཆད་པར་བྱོན་ཞེས་གྲགས། །

གསལ་བཤད།

མདང་དགོང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་སླར་ཡང་བམ་ཀློག་ཅིག་བྱེད་སྐབས། རྒྱ་གར་གྱི་ཡུལ་སྤྱིའི་ཆགས་ཚུལ་དང་མིང་བཏགས་ཚུལ་གྱི་སྐབས་སུ་ཤིན་ཏུ་སྙན་པའི་ཚིག་གི་ཕྲེང་བ་འགའ་འབྱུང་བར་དོ་སྣང་བྱུང་སྟེ། སྙན་འཇེབས་ལྡན་པའི་ཚིག་རྐང་འདི་དག་ཚོད་ཚོད་མེད་པར་ཚིགས་བཅད་དུ་ཡོད་ན་ཅི་མ་རུང་སྙམ། དེ་བས་བདག་གིས་ཁོམ་ལོང་གི་དུས་ཚོད་ཐུང་ཐུང་ཞིག་སྤྱད་དེ་འཕྲལ་དུ་ཚིགས་བཅད་དུ་བསྡེབས་པའི་ཁུལ་ཡིན་ལ། དེ་ཡང་ཚིག་རྒྱན་སྤྲོས་དྲགས་ན་མ་ཡིག་གི་ནང་དོན་མང་པོ་ཞིག་འགྱུར་འགྲོ་བས་གཟབ་ནན་བྱས་ཡོད་ཅེས་ཞུའོ། ། འཁྲུལ་བ་ཅི་མཆིས་མཐོལ་ལོ་བཤགས་སོ་ཞེས་ཀྱང་ཞུ་བ་ལགས་སོ། གུས་བཅས། ། སྤྱི་ལོ་༢༠༡༩ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་ཧྥ་རན་སིའི་ནུབ་བྱང་མཚམས་ཀྱི་ཨེཊ་ལཱན་ཊིག་རྒྱ་མཚོའི་འགྲམ་ནས་བྲིས་པ་དགེའོ། །