རྩོམ་པ་པོ།   ཆུ་སྒང་ཤཱཀྱ་ཤེས་རབ།
 
ཆབ་སྲིད་ཅེས་པའི་ཐ་སྙད་འདི་ག་དུས་བྱུང་བ་དང་། མིང་འདི་བཏགས་མིང་དངོས་མིང་གང་ཡིན། མིང་འདི་ཡི་རྩ་བའི་གོ་དོན་ག་འདྲ་ཡིན་པ་དང་། ཕྱིས་ཀྱི་དུས་རབས་སོ་སོར་གོ་དོན་ལ་འགྱུར་བ་ག་འདྲ་བྱུང་མྱོོོང་པའི་ཐད་ལ་བློ་ཁ་ཕྱོགས་པ་ནི། བོད་ཀྱི་ཆབ་སྲིད་རིག་པ་གྲུབ་པའི་སྔོན་འགྲོ་ཡིན་པ་ལགས། འོན་ཀྱང་ད་བར་བོད་ཀྱི་ཆབ་སྲིད་རིག་པ་ཚུགས་ཐུབ་ཅན་དུ་གྲུབ་ཐུབ་མེད་པ་བཞིན། ཆེད་དུ་ཆབ་སྲིད་ཅེས་པའི་ཐ་སྙད་ལ་དཔྱད་པའི་རྩོམ་ཐུང་ཞིག་ཀྱང་མཐོང་ཐོས་མ་བྱུང་། དེ་ནི་གུས་པ་ཐོས་ཤེས་རྒྱ་ཆུང་བས་མ་མཐོང་བ་ཡིན་སྲིད་མོད།

གཅིག་བྱས་ན་དངོས་ནས་དཔྱད་རྩོམ་དེ་འདྲ་ཞིག་མེད་པ་ཡིན་འདུག གཤམ་ནས་གུས་པས་རང་བློའི་ཚོད་ཀྱིས་ཆབ་སྲིད་ཅེས་པའི་ཐ་སྙད་འདིའི་སྐོར་ཅུང་ཙམ་མོལ་རྒྱུ་ཡིན་པས། ཤེས་ལྡན་ཚོས་དགག་བཞག་མཛད་པ་འཚལ།

ཆབ་སྲིད་ཅེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་མི་ཚོའི་ངག་ཐོག་ལ་བྱུང་བ་ཁ་ཚོོོན་ཆོད་པར་བཤད་མི་ཤེས་མོད། བོད་ལ་མཚོན་ན་ཡི་གེ་དར་ཕྱི་བས་རང་མི་རིགས་ཀྱི་ཐ་སྙད་མང་པོ་ཞིག དང་པོ་ངག་ཐོག་དང་དེ་འོག་ཡིག་ཐོག་ལ་ཕབ་པ་ཡིན། དེ་བས་ཐ་སྙད་འདིའང་དང་པོ་ངག་ཐོག་ལ་བྱུང་ཞིང་ཕྱིས་ཡིག་ཐོག་ལ་ཕབ་པ་ཡིན་ངེས་ཤིང་། ཡིག་ཐོག་ལ་ག་དུས་བྱུང་ཡོད་མེད་ནི་ཡིག་རྙིང་དག་གི་ཁྲོད་ནས་ཐ་སྙད་འདི་རྙེད་དགོས་པ་ཡིན། དེ་ན་གུས་པས་ཐ་སྙད་འདིའི་བཀོལ་གྱི་ཡིག་ཆ་རྙིང་པ་འགའ་ཞིག་མཐོང་པ་ལས།

“ པྱིའི་ཆབ་སྲིད་ནྀ་པྱོགས་བཞྀར་བསྐྱེད།

ནང་གི་ཁ་བསོ་ནྀ་མི་ཉམས་པར་ལྷུན་སྡུག

འབངས་མགོ་ནག་པོ་ཡང་མཐོ་དམན་ནྀ་སྙམས།

དཔྱ་རྒྱུ་ནྀ་བསྐྱུངས། ” (《དྲིན་གྱི་བུ་ལོན》ཤོག་གྲངས་༣༠༨ལས་གསལ།)

ཞེས་པའི་ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་༧གོང་མ་སྲོང་བཙན་དང་བློན་ཆེན་མོ་མགར་སྟོང་བཙན་བར་གྱི་མགུར་གླུ་ཚིག་དུམ་འདི་ནི་སྔ་ཤོས་དང་རྙིང་ཤོས་ཡིན།(སྤྱིར་ན་ཏུན་ཧོང་གཏེར་ཡིག་ལས་གཞན་པའི་ཡིག་རྙིང་ཁྲོད་དུ་ཐ་སྙད་འདི་བྱུང་ཡོད་སྲིད་ནའང་། གུས་པས་འདི་ལས་སྔ་བའི་ཡིག་རྙིང་ཞིག་མ་མཐོང་།) ད་སྐབས་རིག་གཞུང་ཞིབ་འཇུག་པ་ཚོའི་ཚོད་དཔག་ལྟར་ཏུན་ཧོང་གཏེར་ཡིག་ནི་ཕལ་ཆེར་དུས་རབས་བརྒྱད་པའི་ནང་བྱུང་བར་འདོད། དེ་ལྟར་བསམ་ཚེ་ཐ་སྙད་འདིའང་དུས་རབས་བརྒྱད་པའི་སྐབས་སུ་ངག་ཐོག་ལ་བྱུང་ཟིན་པ་མ་ཟད་དངོས་སུ་ཡིག་ཐོག་ལ་བཀོལ་ནས་དུས་ཡུན་རིང་ཙམ་ཡིན་པ་རྟོགས་ནུས། དེ་བས་ཁ་གཅིག་གིི་རིག་གནས་གསར་བརྗེའི་རྗེས་ཀྱིི་ཐ་སྙད་དུ་འདོད་པའི་ལོག་རྟོག་དག་ཀྱང་ངང་གིས་ཟློག་པར་གྱུར་ཅིག་གུ།

སྤྱིར་མིང་ངམ་ཐ་སྙད་ཡིན་ན་བཏགས་མིང་དངོས་མིང་གང་རུང་ཡིན་པས་ཁྱབ་ཙང། ཆབ་སྲིད་ཅེས་པའི་མིང་འདིའང་དེ་གཉིས་གང་རུང་ལས་མ་འདས་ལ། མིང་གི་འབྲུ་གཉིས་སོ་སོར་ཕྲལ་ནས་གོ་བ་ལེན་རྒྱུ་ཡོད་པ་དང་གཅིག མིང་ཧྲིལ་པོ་ལ་འདྲ་བ་རྒྱུ་མཚན་གྱི་གོ་བ་ལྡན་པའི་བློ་རྩེ་ཡོད་པས་འདི་ཉིད་བཏགས་མིང་ཡིིིན་པར་འདོད། དང་པོ་འབྲུ་རེ་རེ་བཞིན་ཕྲལ་ན། ཆབ་སྲིད་ཅེས་པའི་མིང་གི་ཆབ་ཅེས་པ་ནི་ང་ཚོས་ཤེས་གསལ་ལྟར་ཆུ་ཡི་ཞེ་སའི་མིང་རེད། དེ་ན་ཆབ་སྲིད་ཅེས་པ་འདི་ནི་ཆུ་སྲིད་ཅེས་པའི་དོན་ཡིན་ཞིང་། ཆུ་འདི་གང་གི་ཆུ་ལ་གོ་སྙམ་ན། དེའང་ཏུན་ཧོང་གཏེར་ཡིག་ལས།

“ ཡུ་བུ་ནྀ་རྗེ་དང་བློན། །

ཡར་མོ་ནྀ་ཆུ་ཐུངས་ཀྱིས།།

མདོ་ནས་ནྀ་རྩང་དུ་བསྲིང་།།

ཡར་མོ་ནྀ་ཞེངས་ཆུངས་ཀྱིས། །

ལྷོ་ནས་ནྀ་བྱང་དུ་བསྐྱེད།།

མ་བྲུན་ནྀ་མཐའ་བཞི་རྒྱལ།།”(《དྲིན་གྱི་བུ་ལོན》ཤོག་ངོ་༣༠༦པ་ལས་གསལ།)

ཞེས་པའི་རྒྱལ་བློན་མགུར་ལས་བསྟན་པ་ལྟར་ཡར་མོོ་ཆུ་ཞེས་པའི་ཆུ་དེ་ནི་ཡར་ཀླུངས་གཙང་པོ་ཡིན་པར་སྙམ་སྟེ། སྤུ་རྒྱལ་བོད་ཀྱི་མངའ་ཐང་ནི་ཡར་ལུང་གཙང་པོའི་འགྲམ་ངོགས་ནས་མགོ་འབུས་ཤིང་གཙང་དང་ཞང་ཞུང་སུམ་པ། འ་ཞ། རྒྱ་དང་གྲུ་གུ་ཏ་ཟིག  བལ་པོ་དང་རྒྱ་གར་སྟེ་ཕྱོགས་བཞི་དབང་བསྒྱུར་ཏེ་རྒྱ་བསྐྱེད་པ་རེད། དེ་བཞིན་མགུར་ནང་གི་ཆུ་ནི་དཔེ་ཞིག་དང་དཔེ་ཅན་ནི་ཡར་ཀླུངས་སྤུར་རྒྱལ་གྱི་མངའ་ཐང་ལ་གོ་ཡི་མདུག  རྒྱུ་མཚན་མགུར་གླུ་ཚིག་རྐང་དྲུག་པོ་འདིས་ཡར་ཀླུངས་སྤུར་རྒྱལ་གྱི་མངའ་ཐང་རྒྱ་བསྐྱེད་པའི་གོ་རིམ་སྟོན་གྱི་ཡོད་པས་སོ།། དེེ་བས་ན་ཆབ་སྲིད་ཅེས་པ་ཆུ་སྲིད་དང་། ཆུ་སྲིད་ཅེས་པ་མངའ་ཐང་གི་སྲིད་ལ་འགྲེལ་པ་ནི་དོན་ལ་གནས་སྙམ།

ཆབ་སྲིད=ཆུ་སྲིད།   ཆུ་སྲིད=མངའ་ཐང་གི་སྲིད།

མིང་མཐའི་སྲིད་ཅེས་པའི་འབྲུ་དོན་ཅུང་འགྲེལ་དཀའ་བར་མཐོང་བྱུང་སྟེ། མིང་འདི་ལ་མིང་མཐའི་པ་སྒྲ་སྦྱར་ན་སྲིད་པ་ཡིན་ཞིང་། ཏག་ཏག་སྲིད་པ་ཞེས་པའི་ཐ་སྙད་འདི་ལ་བོན་གྱི་རིག་གཞུང་ངོས་ནས་གོ་དོན་དམིགས་བསལ་བ་འགའ་འདུག དེའང་བོན་གྱི་རིག་གཞུང་ངོས་ནས་བཤད་ན། སྲིད་པ་ཞེས་པ་ནི་ཡོད་པའི་དོན་ལ་བཀྲལ་ཞིང་། དེ་ཉིད་ལ་དབྱེ་ན་གསུམ་སྟེ། ཡེ་སྲིད་སྲིད་པ། བྱེད་པོས་བྱས་པའི་སྲིད་པ། རྒྱུ་མཐུན་འབྱུང་བའི་སྲིད་པ་ཅེས་གསུམ་དུ་འཆད་ཀྱིན་པ་དང་། ཕྱོགས་གཞན་ནས་འཇིག་རྟེན་འཁོར་བ་ལའང་གོོ་ཡི་འདུག འོ་ན་སྲིད་པ་ཞེས་པ་དང་ཆབ་སྲིད་ཅེས་པའི་སྲིད་གཉིས་བར་ལ་འབྲེལ་བ་རེད་ཡོད་པ་རེད་དམ་སྙམ་ན། དང་ཐོག་གུས་པས་ཀྱང་འབྲེལ་ཆེ་བར་འདུག་སྙམ་མོད། སྐབས་འདིར་གྲོགས་བཟང་ཞིག་དང་ཡང་ཡང་བགྲོ་གླེང་བྱས་མཐར། བོན་གྱི་གཞུང་ལས་བྱུང་བའི་སྲིད་པ་ཞེས་པའི་དོན་དང་དེ་ཙམ་འབྲེལ་བ་མེད་པར་བློ་ཁ་ཕྱོགས་པ་ཡིན། དེ་ནས་མུ་མཐུད་བརྡ་གསར་རྙིང་གི་ཚིག་མཛོད་ཁག་དང་དག་ཡིག་ཁག་ལས་སྲིད་ཅེས་པའི་གོ་དོན་བཙལ་པ་ན། འདི་ལ་དོན་མང་དུ་འདུག་མོད། དེ་དག་ལས་སྲིད་ཅེས་པ་འདི་སྣ་རིང་ཐུང་གི་སྣ་ལ་གོ་བ་འདུག་སྟེ། དར་དཀར་པོ་སྲིད་ན་རིང་བ་ཞེས་པ་དང་། སྣ་འཕྲེད་གཉིས་ལ་སྲིད་ཞེང་གཉིས་ཞེས་ཟེར་བ་སོག་ཀྱིས་གོ་ནུས། གཞན་སྲིད་ཅེས་པའི་དོན་ཞིང་ཞེས་པ་ལ་གོ་བ་དང་ཞིང་གི་དོན་ནི་ཡུལ་དང་རྒྱལ་ཁམས་ལ་གོ་བ་སྟེ། དཔེར་ན་དག་པའི་ཞིང་ཞེས་པ་ལྟ་བུ་རེད།  (སྲིད་ཞིང་ལ་གོ་བ་ནི། ཨ་ལག་ཤ་ངག་དབང་བསྟན་དར་གྱིས་“སྲིད་ནི་ཞིང” ཞེས་ཁོང་ཉིད་ཀྱིས་བརྩམས་པའི་བརྡའ་ཡིག་བློ་གསར་མགྲིན་རྒྱན་ལས་གསུངས་འདུག འོན་ཀྱང་གཅིག་བྱས་ན་སྲིད་ནི་ཞིང་ཟེར་བ་འདི་བཏགས་ནོར་ཡིན་ཀྱང་སྲིད་ས་རེད།)  འོན་ཀྱང་ཆབ་སྲིད་ཀྱི་སྲིད་དེ་ཞིང་ལ་སྦྱར་ཚེ་ཆབ་སྲིད་ཆབ་ཞིང་སུ་འགྱུར་ལ། དེ་ནི་ཆུ་ཁམས་སམ་ཆུ་ཡུལ་སུ་ཐལ་འགྲོ་བས། “སྲིད་ནི་ཞིང”ཞེས་པ་འདི་དང་ཆབ་སྲིད་ཀྱི་སྲིད་གཉིས་འབྲེལ་མེད་དོན་གཞན་དུ་འདུག་པས་ཟུར་དུ་འཇོག་པར་བྱ། སྲིད་ཅེས་པར་ད་དུང་གོ་བ་གཞན་ཞིག་ཡོན་པ་ནི་གོོོང་ནས་ཞུས་པ་ལྟར་སྣ་འཕྲེད་ཀྱི་སྣ་དང་། སྣ་རིང་ཐུང་གི་སྣ་ལ་གོ་བ་རེད། ཆབ་སྲིད་ཅེས་པའི་སྲིད་ཀྱི་གོ་དོན་སྣ་ལ་སྦྱར་ཚེ། ཆབ་སྲིད་ཆུ་སྲིད་དང་། ཆུ་སྲིད་ཆུ་སྣ་སུ་འགྱུར་བ་དང་།(སྣ་ཞེས་པ་དབང་པོ་ལྔ་ཡི་སྣ་ལ་མི་གོ་པར་རིང་ཚད་ཀྱི་སྣ་ལ་གོ་དགོས།)ཆུ་སྣ་དེའང་ཡར་ཀླུངས་ཆུ་སྣ་སུ་འགྱུར་ཞིང་། མ་མཐུད་དུ་བསམ་ན། ཡར་ཀླུངས་གཙང་པོའི་མཚོན་དོན་ནི་སྤུ་རྒྱལ་གྱི་མངའ་ཐང་དང་། གཙང་པོའི་སྣ་ཡི་མཚོན་དོན་ནི་མངའ་ཐང་གི་སྣ་སྟེ་མངའ་ཐང་གི་རིང་ཚད་དང་རྒྱ་ཁྱོན་ལ་གོ་འགྲོ་བ་ལགས་སོ།། དེ་ལྟར་བྱས་ནས་འགྲེལ་ན་རྒྱལ་བློན་བར་གྱི་མགུར་ལས་ཀྱང“པྱིའི་ཆབ་སྲིད་ནྀ་པྱོགས་བཞྀར་བསྐྱེད”ཅེས་པ་དང་། “ཡུ་བུ་ནྀ་རྗེ་དང་བློན། ། ཡར་མོ་ནྀ་ཆུ་ཐུངས་ཀྱིས།། མདོ་ནས་ནྀ་རྩང་དུ་བསྲིང་།། ཡར་མོ་ནྀ་ཞེངས་ཆུངས་ཀྱིས། ། ལྷོ་ནས་ནྀ་བྱང་དུ་བསྐྱེད།།”ཅེས་པ་དག་གི་དོན་དང་ཧ་ཅང་མཐུན་ཆེ་བར་འདུག་སྟེ།“ཆབ་སྲིད་ནྀ་པྱོགས་བཞྀར་བསྐྱེད”ཅེས་པ་ནི། ཡར་ཀླུངས་གཙང་པོའི་ཆུ་སྣ་ཕྱོགས་བཞིར་བསྐྱེད་ཅེས་པའི་དོན་དང་། དེའང་གོ་བདེར་བྱས་ན་སྤུ་རྒྱལ་གྱི་མངའ་ཐང་གི་རྒྱ་ཁྱོན་དང་རིང་ཚད་ཕྱོགས་བཞིར་བསྐྱེད་ཅེས་པའི་དོན་ཡིན་འདུག་སྙམ།

ཆུ་སྲིད=ཆུ་སྣ།   ཆུ་སྣ=མངའ་ཐང་གི་སྣ།

མངའ་ཐང་གི་སྣ=སྤུར་རྒྱལ་བོད་ཀྱི་མངའ་ཐང་གི་རིིང་ཚད་དང་རྒྱ་ཁྱོན།

མིང་གི་འབྲུ་དོན་རེ་རེ་བཞིན་ཕྲལ་ནས་སོ་སོ་ལ་མཚོན་དོན་རང་བཞིན་གྱི་གོ་བ་སོ་སོར་འགྲེལ་དུ་ཡོད་པ་དང་གཅིག གདགས་གཞི་སྤུར་རྒྱལ་བོད་ཀྱི་མངའ་ཐང་གི་རྒྱ་ཁྱོན་དང་རིང་ཚད་ལ་འདྲ་བ་རྒྱུ་མཚན་གྱི་སྒོ་ནས་ཆབ་སྲིད་ཅེས་པའི་མིང་འདི་བཏགས་འདུག་པ་ལགས་ན། ཆབ་སྲིད་ཅེས་པའི་མིང་འདི་ནི་བཏགས་མིང་དང་དངོས་མིང་གཉིས་ལས་སྔ་མ་དང་། དང་ཐོག་གི་རྩ་བའི་གོ་དོན་ཡང་སྤུར་རྒྱལ་བོད་ཀྱི་མངའ་ཐང་གི་སྣའམ་རིང་ཚད་རྒྱ་ཁྱོན་བཅས་ལ་གོ་བ་ཡིན་འདུག་གོ།

གོང་ནས་ཞུས་མ་ཐག་པ་བཞིན། ཆབ་སྲིད་ཅེས་པའི་ཐ་སྙད་ཀྱི་རྩ་བའི་གོ་དོན་ནི། སྤུར་རྒྱལ་བོད་ཀྱི་མངའ་ཐང་གི་རིིང་ཚད་དང་རྒྱ་ཁྱོན་ཡིན་པ་ཐག་བཅད་ཟིིན་རྗེས། ད་ནི་ཐ་སྙད་དམ་མིང་འདི་ལ་དུས་རབས་སོ་སོར་འགྱུར་བ་ག་འདྲ་སོང་ཡོད་པའི་ཐད་ནས་ཅུང་མོལ་བར་བྱ།

དང་ཐོག་རྩ་བའི་གོ་བ་དེ་ལྟར་བྱུང་ནའང་། ཕྱིས་སུ་ཐ་སྙད་འདི་ཡི་ཁྱབ་ཁོང་དང་འཇུག་ཡུལ་བཅས་ལ་རིམ་བཞིན་འགྱུར་བ་བྱུང་འདུག་སྟེ། དང་པོ་ཁྱབ་ཁོངས་ཀྱི་ཐད་ནས། ཆབ་ལ་ཆབ་འོག(མངའ་འོག)ཆབ་འབངས་(མངའ་འབངས)ཅེས་པ་དང་། སྲིད་ལ་རྒྱལ་སྲིད། ནང་སྲིད། ཕྱི་སྲིད། ནོར་སྲིད། སྲིད་དོན། སྲིད་ཇུས། སྲིད་གཞུང་། སྲིད་ཚོགས། དམངས་སྲིད། དམག་སྲིད་བཅས་ཀྱིས་མཚོན་པའི་ཁྱབ་ཁོངས་ཇེ་ཆེ་ལ་སོོ་བ་དང་། གཉིས་པ་འཇུག་ཡུལ་གྱི་ཐད་ནས་ཀྱང་། དང་ཐོག་ནི་སྤུ་རྒྱལ་བོད་ཀྱི་མངའ་ཐང་གི་རྒྱ་ཁྱོན་དང་རིང་ཚད་ཙམ་ལ་གོ་བ་ཡིན་ནའང་། ཕྱིས་སུ་མངའ་ཐང་གི་རིང་ཚད་དང་རྒྱ་ཁྱོན་ཆེ་རུ་བཅུག་པའི་ཐབས་ཁྱད་པར་བ་གང་དེ་ལ་གོ་སོང་འདུག་སྟེ། རྒྱལ་ཁབ་ཀྱི་མངའ་ཐང་ཇེ་ཆེར་གཏོང་བའི་ཐབས་དང་ཇུས་བློ་འདོན་བྱེད་མཁན་ལ་ཆབ་སྲིད་པ་དང་། མི་དེ་དག་གི་ལས་བྱ་གང་དེར་ཆབ་སྲིད་སུ་འབོད་པ་ནི་མངོན་གསལ་དོད་པོ་རེད། འོན་ཀྱང་ཡིག་ཆ་དག་ལས་མཐོང་གསལ་ལྟར་ན་མངའ་ཐང་རྒྱ་སྐྱེད་པ་ལ་དངོས་སུ་ཤ་ཁྲག་གིས་འགྲོ་སོང་གཏོོང་མཁན་གྱི་ལས་དམག་དག་ལ་ཆབ་སྲིད་པ་ཞེས་པའི་མིང་འདོགས་པའི་སྲོལ་མ་མཐོང་བ་ལགས་ན། རྒྱལ་རྒྱུད་ལམ་ལུགས་ཀྱི་རྒྱལ་ཁབ་གཞན་དག་དང་འདྲ་བར། བོད་ཀྱི་ལུགས་ལའང་ཕྱིས་སུ་ཆབ་སྲིད་ཅེས་པ་ནི་རྒྱལ་བློན་རྣམ་གྱིས་རྒྱལ་ཁབ་ཀྱི་མངའ་ཐང་རྒྱ་སྐྱེད་པའི་ཐབས་དང་ནང་ཁུལ་གྱི་མངའ་ཁོངས་བདེ་བར་སྐྱོང་བའི་ཇུས་དང་བྱ་བ་ཁོ་ན་ལ་གོ་ཡི་ཡོད་པར་འདུག དེ་བས་ན་ཇུས་བཤམ་མཁན་ཚོའི་ལས་ཁུངས་ལ་སྲིད་གཞུང་དང་ཇུས་བཤམ་མཁན་གྱི་རྒྱལ་བློན་དག་ལ་ཆབ་སྲིད་པ་ཞེས་སུ་འབོད་ལ། གོ་བ་འདི་ནི་དུས་རབས་བརྒྱད་པ་ནས་དུས་རབས་ཉི་ཤུའི་བར་དུ་རྒྱུན་མ་ཆད་པར་བྱུང་བ་འདྲ་སྟེ། དུས་ཡུན་དེའི་ནང་ལ་བོད་དུ་ཆབ་སྲིད་ཀྱི་གྲུབ་མཐའ་འདྲ་མིན་མ་དར་བས། གོ་དོན་དེ་ལ་འགྱུར་བ་འགྲོ་བའི་རྒྱུ་རྐྱེན་ཡང་མ་མཆིས་ཞེས་ཀྱང་ངག་ནས་ཐལ་ལོ།།

ཆབ་སྲིད=ཆུ་སྣ།

ཆུ་སྣ།

སྤུར་རྒྱལ་བོད་ཀྱི་མངའ་ཐང་གི་རིིང་ཚད་དང་རྒྱ་ཁྱོན།

རྒྱལ་བློན་རྣམ་གྱི་རྒྱལ་ཁབ་སྐྱོང་བའི་ཐབས་དང་མངའ་ཐང་རྒྱ་སྐྱེད་པའི་ཇུས། ཐབས་ཇུས་དེ་ལག་བསྟར་གྱི་ལས་འགུལ།

  བོད་སིལ་བུའི་དུས་སུ། སྲིད་དབང་ཞེས་པའི་ཐ་སྙད་འདི་རྒྱ་ཆེ་པོ་བཀོལ་སྤྱོད་བྱེད་པར་མཐོང་། དཔེར་ན་ས་སྐྱའི་སྲིད་དབང་། ཕག་གྲུའི་སྲིད་དབང་ཞེས་པ་ལྟ་བུ་རེད། སྲིད་དབང་དང་ཆབ་སྲིད་ཅེས་པའི་བར་ལ་འབྲེལ་བ་ཞིག་ཡོད་པ་ནི། སྲིད་དབང་ནི་ཆབ་སྲིད་ལག་བསྟར་གྱི་དབང་ཆའི་མིང་ཞིག་ཏུ་མངོན། དེའང་ཆབ་སྲིད་ཅེས་པའི་ཐ་སྙད་འདི་ཡི་རྩ་བའི་གོ་དོན་ལ་འགྱུར་བ་ཐེབས་རྗེས། ཆབ་སྲིད་ནི་རྒྱལ་བློན་རྣམས་ཀྱིས་རྒྱལ་ཁབ་སྐྱོང་བའི་ཐབས་དང་མངའ་ཐང་རྒྱ་སྐྱེད་པའི་ཇུས་ལ་གོ་བས་ན། སྲིད་དབང་ཞེས་པ་ནི་ཇུས་དང་ཐབས་དེ་ལག་ལེན་ལ་བསྟར་བའི་དབང་ཆ་ཞིག་ལ་གོ་འདུག  སྲིད་དབང་འཕྲོད་རྩོད་ཅེས་བཤད་སྲོལ་ཡོད་ནའང་ཆབ་སྲིད་འཕྲོག་རྩོད་ཅེས་བཤད་སྲོལ་མེད། ས་སྐྱའི་སྲིད་དབང་ཞེས་པ་ཡང་ས་སྐྱའི་ཆབ་སྲིད་ཀྱི་དབང་ཆ་ཞེས་པར་གོ། མདོར་ན་གུས་པས་བསམ་པར་སྲིད་དབང་ཞེ་པ་ལ་གོ་ས་གཉིས་སྟེ། ཆབ་སྲིད་ལག་བསྟར་གྱི་དབང་ཆ་དང་ཆབ་སྲིད་ཀྱི་བདག་དབང་གཉིས་ལ་གོ་བར་འདོད་པས་དཔྱད་པར་ཞུ།

འོ་ན་ཅིའི་ཕྱིར་སིལ་བུའི་དུས་སུ་སྲིད་དབང་ཞེས་པའི་ཐ་སྙད་འདི་བཀོལ་སྤྱོད་མང་ཞིང་ཆབ་སྲིད་ཅེས་པའི་ཐ་སྙད་འདི་དེ་ཙམ་མ་བཀོལ་བ་ཡིན་ནམ་སྙམ་ན། དེའི་རྒྱུ་མཚན་ནི་ལོ་རྒྱུས་དང་སྦྱར་ཞིང་སྐབས་དེ་དུས་ཀྱི་སྤྱི་ཚོགས་གནས་སྟངས་ལ་སྦྲེེལ་ནས་བཤད་དགོས་པས་གནས་སྐབས་གླེང་བར་མི་བྱ།

དེ་རྗེས་ཏེ། ཉེ་བའི་དུས་རབས་ནང་ལ་ཡང་ཆབ་སྲིད་ཅེས་པ་ཐ་སྙད་ལ་གོ་བ་མི་འདྲ་འགའ་ཐོན་ཡོད་པ་རེད། དེའང་དུས་རབས་ཉི་ཤུ་པའི་སྐབས་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་ཞིག་རེད།  དེའང་རྒྱལ་དབང་བཅུ་གསུམ་པས་ཐོག་མར་བོད་རྒྱལ་ཁབ་ཀྱི་ནང་སྲིད་ཕྱི་སྲིད་གཉིས་ལ་གཞི་རྒྱ་ཆེ་བའི་ལེགས་བཅོས་ལས་འགུལ་སྤེལ་ཏེ། དམག་ཁང་གསར་རྒྱག་དང་དམག་སྦྱོང་དབྱིན་ལུགས། ཤོག་དངུལ་གསར་བཟོ་སོགས་དང་། བོད་ཀྱི་བྱིས་པ་རྣམས་ཕྱི་ཕྱོགས་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་ལ་བཏང་ནས་ཕྱི་རྒྱལ་ཁབ་ཀྱི་རིག་གཞུང་སྣ་ཚོགས་ནང་འདྲེན་གྱི་ལས་མགོོ་དངོས་སུ་བརྩམས་པའི་དུས་དང་། དེ་རྗེས་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་བོད་ཡུལ་ལ་མ་ཁེ་སེའི་ལྟ་བ་ཤུགས་ཆེན་དར་སྤེལ་བཏང་བའི་རིག་གནས་གསར་བརྗེའི་སྔ་གཞུག་ནི། ལོ་ངོོ་བརྒྱ་ཚོ་མང་པོར་འགྱུར་བ་ཐེབས་མ་མྱོང་པའི་ཆབ་སྲིད་ཅེས་པའི་ཐ་སྙད་ཀྱི་གོ་དོན་ལ། འགྱུར་བ་ཐེབས་པའི་དུས་ཤིག་ལ་ཁེལ་ཡོད། དེ་ནི་མི་རིགས་གཞན་པ་དང་ཆབ་སྲིད་ཀྱི་ལྟ་གྲུབ་གསར་པ་བོད་ལ་ཐོག་མར་དར་བའི་རྐྱེན་གྱིས་ཡིན་ཕྱིར། ཆབ་སྲིད་ཀྱི་གོ་དོན་ལ་འགྱུར་བ་ཐེབས་པ་ཙམ་གྱིས་མ་ཚད་པར། མི་རིགས་ཧྲིལ་པོའི་རིན་ཐང་ལྟ་བ་དང་མཛེས་དཔྱོད་ལྟ་བ་ལ་ཕྱོགས་ཡོངས་ནས་འགྱུར་བ་ཐེབས་པ་རེད། དེ་བཞིན་དུས་རབས་ཉེར་གཅིག་གི་སྐབས་སུ་ཡང་བསྐྱར་བོད་ཀྱི་ཆབ་སྲིད་ཅེས་པའི་ཐ་སྙད་ལ་འགྱུར་བ་ཐེེེེབས་བཞིན་ཡོད་དེ། ནུབ་ཀྱི་གྷི་རི་སིའི་ཆབ་སྲིད་ལྟ་བ་གཙོས་པའི། རང་དབང་རིང་ལུགས་དང་སྲུང་འཛིན་རིང་ལུགས། མཆོང་བསྐྱོད་རིང་ལུགས་སོགས་ཀྱིས་མཚོན་པའི་ཆབ་སྲིད་རིག་པའི་གྲུབ་མཐའ་ཆེ་ཁག་གི་ལྟ་གྲུབ་རྣམས་བོོོད་འགྱུར་དཔེ་ཆ་དག་རྒྱུད་ནས་བོད་ཡུལ་སྟོད་སྨད་ཀུན་ལ་དར་ཁྱབ་འགྲོ་མུས་ཡིན་པའི་རྐྱེན་གྱིས་སོ།།

རྩོམ་ཁུངས།  རྩོམ་པ་པོ་དྲ་བ།