འབྲུག་སྨོན་ཀུན་ལེགས།
ཁོང་ནི་རབ་བྱུང་དགུ་བའི་ནང་དུ་བྱོན་ཞིང་འབྲུག་པ་བཀའ་བརྒྱུད་པའི་བྱ་བྲལ་བའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན། སྐུ་ན་ཆུང་ངུའི་དུས་སུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གནས་ངེས་མེད་དུ་འགྲིམ་དགོས་བྱུང་། གཞོན་ནུའི་དུས་སུ་རབ་ཏུ་བྱུང་སྟེ་ཕྱོགས་སོ་སོར་ཕེབས་ནས་སྒྲུབ་པ་ཉམས་ལེན་མཐའ་འཁྱོལ་བར་བྱས་ཤིང་རྟོགས་པ་མཐོན་པོར་སོན། ཕྱིས་སུ་ཁྱིམ་ཐབས་བྱས་ཀྱང་གནས་ངེས་མེད་འགྲིམ་ནས་ཆོས་དང་ཆོས་མིན་གྱིས་བྱ་ངན་ལ་ཐེར་འདོན་དང་། དྲང་བདེན་མ་ཡིན་པའི་འཇིག་རྟེན་གྱི་སྤྱོད་ངན་དག་སོགས་ལ་དགག་རྒྱག་མཛད་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བོད་མི་རིགས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེའོ། །
ངོ་སྤྲོད།
འབྲུག་པ་ཀུན་ལེགས་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་སྐུ་འཁྲུངས་པའི་ཡུལ་ནི་གཙང་སྐྱིད་ཤོད་དུ་ཡིན་ཞིང་། དེ་ཡང་དཔལ་ལྡན་འབྲུག་པའི་གདུང་བརྒྱུད་ཡབ་ནང་སོ་རིན་ཆེན་བཟང་པོ་དང་ཡུམ་དཔོན་མོ་མགོན་པོ་སྐྱིད་གཉིས་ཀྱི་སྲས་རྒན་པའི་གྲས་སུ་རབ་བྱུང་བརྒྱད་པའི་ཤིང་ཕག་སྤྱི་ལོ1455ལོར་བལྟམས། བྱིས་པའི་མཚན་ལ་ཚེ་དབང་རྒྱལ་པོར་གསོལ། གཞོན་ནུའི་དུས་ནས་སྦྱོར་ཀློག་སོགས་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་དུ་ཕེབས་པ་མེ་ཕག་སྤྱི་ལོ1568ལོར་སྣེལ་པ་བའི་ཕྱོགས་ཀྱིས་ཡབ་བཀྲོངས་སྟབས་ཁོང་དྭ་ཕྲུག་ཏུ་ལུས། ཨ་ནེའི་ཁྱོ་བོ་གསོལ་ཇ་བ་བཟང་པོ་ཞེས་པས་རོགས་བྱས་ནས་རིན་སྤུངས་པ་མི་དབང་ཀུན་ཏུ་བཟང་པོའི་ཕྱག་ཕྱིར་སླེབས། དེར་ལོ་དྲུག་ཙམ་བཞུགས། དེ་ནས་དབུས་སུ་ཕེབས་སྐབས། རིན་སྤུངས་ཀུན་ཏུ་བཟང་པོས་ཁོང་ལ་གནང་བའི་སྤོས་ཤེལ་གྱི་ཕྲེང་བ་དང་། རྣ་གཡུ་ལེགས་པོ་ཞིག་ཡོད་པ་དེ་སྲིང་མོ་རྒན་པར་གནང་། རྟ་ངང་བ་ལེགས་པོ་ཞིག་ཡོད་པ་དེ་གསོལ་ཇ་བ་བཟང་པོ་ལ་བྱིན་ནས། ཁོང་གནས་ངེས་མེད་དུ་ཕེབས།
རབ་ཏུ་བྱུང་ཚུལ།
ཁོང་གནས་ངེས་མེད་དུ་ཕེབས་སྐབས་དེར་འབྲུག་རྭ་ལུང་རི་རིན་པོ་ཆེས་སྤོས་སྐྱར་སྡོད་ཅེས་གསུངས་པས། དེར་ཟླ་བ་བརྒྱད་ཙམ་རིང་རྒྱུད་བརྟག་གཉིས་གསན་སྦྱོང་མཛད། སྐབས་དེར་རྟོགས་ལྡན་ཆེན་པོ་ལྷ་བཙུན་པ་རྭ་ལུང་དུ་ཕེབས་པ་མཇལ། བརྡ་ཙ་དང་སྙིང་པོའི་སྐོར་སོགས་ཟབ་ཆོས་མང་ཞིག་ཞུས། དེ་ནས་གཙང་རོང་བྲག་དཀར་ཆོས་སྡིངས་སུ་ཕེབས། དགེ་སློང་བསོད་ནམས་མཆོག་ལྡན་གྱི་དྲུང་དུ་ཕྱག་ཆེན་དང་རོ་སྙོམས་ཀྱི་ཁྲིད་ཆ་ཚང་ཞུས་ནས་ཟླ་བ་དྲུག་ཙམ་བཞུགས། བླ་མ་བསོད་ནམས་བཟང་པོ་ལ་རྙིང་མའི་ཆོས་སྐོར་འགའ་ཞིག་ཞུས། དེ་ནས་ཚུར་གནས་རྙིང་དགོན་དུ་བྱོན། གནས་རྙིང་ཆོས་རྗེའི་མདུན་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་ཞུས། ཀུན་དགའ་ལེགས་པའི་དཔལ་འབྱོར་བཟང་པོ་ཞེས་པའི་མིང་བསྩལ། ཞ་ལུ་རྗེ་མཁྱེན་རབ་མདུན་ནས་དགེ་སློང་གི་སྡོམ་པ་བླངས།
ཐོས་པ་བྱས་ཚུལ།
མཁན་སློབ་དེ་གཉིས་ཀྱི་སྤྱན་སྔར་འདུལ་བ་དང་ཕར་ཕྱིན། དགྱེས་རྡོ། བརྟག་གཉིས་བཅས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ཁྱད་པར་ཀོང་པོའི་ཕྱོགས་སུ་བྱོན་ནས་རྒྱལ་དབང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞབས་དྲུང་དུ་གསང་སྔགས་ཟབ་མོའི་ཉིང་བཅུད། ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱུར་ལམ་མཐར་ཐུག ཟབ་མོ་ནང་དོན་དང་རླུང་སེམས་དབྱེར་མེད་ཀྱི་སྐོར་གྱི་ཁྲིད་རྒྱས་པ་གསན་ཞིང་ཉམས་ལེན་ཡང་རྟགས་ཐོན་པར་མཛད། གཞན་ཡང་སྟག་ལུང་པ་དང་། གྲམ་པ་བཀའ་བཅུ་པ། རྟོགས་ལྡན་ལྷ་བཙུན་པ། བསོད་ནམས་བཟང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་ལ་མཁས་པའི་མཐར་སོན། ཆོས་དང་འཇིག་རྟེན་གང་ཐད་ནས་གཞན་དྲིང་མི་འཇོག་པའི་སྤོབས་པ་རྒྱུད་ལ་འཁྲུངས།
སྒྲུབ་པ་མཛད་ཚུལ།
ཁོང་མོན་ཡུལ་དུ་ཕེབས་ནས་མོན་སྲིབས་ལྷ་ཁང་གསར་དུ་བཏབ། མོན་པའི་གྲྭ་བཙུན་སུམ་ཅུ་ཙམ་བསྡུས། ཁོང་གི་ཡབ་དགྲ་ཟླས་བཀྲོངས་པའི་རྗེས་སུ་ཡུམ་ཡང་མི་རིང་བར་འདས། ཁོང་མིང་སྲིང་གསུམ་ཡོད་པ་ཡང་ཕྱོགས་སོ་སོར་གྱེས་པས་སྐྱོ་བ་ཚད་མེད་འཁྲུངས། ཁྱིམ་གཞིས་འཛིན་རྒྱུའི་དགོངས་འདུན་རྩ་བ་ནས་ཐོན། ཁོང་གི་རང་རྣམ་དུ། ཕ་རིན་ཆེན་བཟང་པོ་དེ་ནི་འདས་སོང་། མ་རྒན་མགོན་མོ་སྐྱིད་དེ་ཡང་འདས། ཀུན་ལེགས་ཕ་བུ་གནམ་ཡང་ས་ལུང་སྐྱོག་ལ་ཡོང་བའི་ཁོ་ཐག་དེ་ཆད་སོང་། རྒྱལ་ཁམས་གང་ལ་འགྲོ་རུང་བར་ཆད་ལས་སྲུངས་ཤིག་འབྲུག་པའི་ཆོས་སྐྱོང་ཞེས་གསུངས། རང་གི་གཞིས་འཁོར་བ་དོར་ནས་དབུས་གཙང་གི་ས་ཆ། ལྷོ་མོན། མངའ་རིས། དྭགས་ཀོང་། ལྷ་ས། གཞིས་རྩེ། གཞན་ཡང་དགོན་སྡེ་དང་དབེན་པའི་རི་ཁྲོད་སོགས་གནས་ངེས་མེད་དུ་བྱོན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ན་མཛད། སྐུ་ཆས་ཀྱང་སྐྱ་ཆས་དང་སེར་ཆས། ཕོ་ཆས་དང་མོ་ཆས། རྔོན་ཆས་དང་གདོལ་བའི་ཆས་སོགས་ངེས་པ་མེད་པའི་ཚུལ་མཛད། སྐབས་དེར་མི་མང་ཆེ་པས་ཁོང་གྲུབ་ཐོབ་རེད་ཟེར་ནས་དད་པར་བྱེད། མི་འགས་སྨྱོན་པ་རེད་ཟེར་ནས་སྨད་པར་བྱེད། ཁོང་གིས་རིག་མ་ཞིག་བཞེས་པ་དེར་ཚེ་དབང་འཛོམས་ཟེར། སྣེ་གདོང་དཔོན་གྱིས་ཁང་པ་དང་ས་ཞིང་ཅུང་ཟད་གནང་ནས་བར་སྐབས་ཤིག་དེར་བཞུགས། སྲས་ཞིང་སྐྱོང་འབྲུག་གྲགས་ཞེས་པ་འཁྲུངས། འོན་ཀྱང་ཁོང་ནི་འཇིག་རྟེན་ཐ་མལ་བ་ལྟར་བསྡད་ས་གཅིག་ཏུ་བསྡད་ནས་ལྟོ་གོས་འཛོམས་པ་ཙམ་གྱིས་ཡིད་ཚིམ་པ་ཞིག་མིན་པར། ཡུལ་ཀུན་ཏུ་བྱོན་ཏེ་ཆོས་དང་འཇིག་རྟེན་ཀུན་ལ་ཞིབ་དཔྱད་ཟབ་མོ་མཛད།
ཆོས་མིན་གྱི་སྤྱོད་པ་དགག་ཚུལ།
ཁོང་གང་དུ་བྱོན་པའི་ཡུལ་གྲུ་རྣམས་སུ། བླ་སྤྲུལ་དང་། དགེ་བཤེས། སྔགས་པ་སོགས་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཏུ་ཁས་འཆེ་བ་འགའ་ཞིག་གིས། དཀོར་ནག་ཟ་བ་དང་། དཔོན་ཚུགས་འཛིན་པ། ནོར་ཕྱིར་ཆོས་འཚོང་བ། གྲུབ་མཐའ་ཕྱོགས་རིས་ཀྱི་རྩོད་པ་བྱས་ཏེ། ཐ་ན་སེར་དམག་བསྡུས་ནས་དམག་འཁྲུག་རྒྱག་པ་སོགས་ཆོས་མིན་གྱི་བྱ་བ་ངན་པ་མང་པོ་ཞིག་གཟིགས་པས་ཐུགས་སྐྱོ་ཞིང་ཞེན་པ་གཏིང་ནས་ལོག ཁོང་གི་གསུང་ཐོར་བུར། དཀའ་ཐུབ་སྡུག་སྒུར་འཛུགས་པའི་ཆོས་པ་དཀོན། །དཀོར་ནག་རབ་འབྲིང་ཐ་གསུམ་ཟ་བ་མང་། །ཆོས་པར་མིང་བཏགས་ཆོས་མིན་རྐྱང་བ་སྤྱོད། །བླ་མར་མིང་བཏགས་དཔོན་ཚུགས་རྐྱང་བ་འཛིན། །སྒོམ་ཆེན་མིང་བཏགས་ལྐོག་ཉལ་བཙུན་མའི་ཁྱོ། །རྟོགས་ལྡན་མིང་བཏགས་ཐོ་ཅོའི་ཧར་སྤྱོད་བྱེད། །སོགས་གསུངས་ནས་དོན་གསལ་ལ་ཚིག་རྣོན་པོས་དགག་རྒྱག་ནན་སྨིན་མཛད། གྲྭ་ས་འགའ་ཞིག་ཏུ་ཐུབ་པའི་དགོངས་དོན་ཚུལ་བཞིན་ཉམས་ལེན་མི་བྱེད་པར་ཚིག་གི་རོལ་རྩེད་ཁོ་ནས་མི་ཚེ་གྲོན་པར་བྱེད་མཁན་དག་ལ་ཟུར་ཟའི་ཚིག་འདི་ལྟར་གསུང་སྟེ། ཁོང་གི་རྣམ་ཐར་ཁ་བར། ཡང་གཅིག་མཚན་ཉིད་པའི་གྲྭ་སར་ཕྱིན། །ཚིག་གི་རྐྱལ་ཀོག་འཁུར་ནས་ཡོངས། །དོན་གྱི་རྩམ་པ་ཕོ་ནས་ཡོངས།།ཀུན་ལ་ཁྱད་གསོད་བྱེད་ཀྱིན་ཡོངས། །ཆོས་སྤོང་རྟ་ལ་ཞོན་ནས་ཡོངས། །དོན་སྟོར་སྟོང་རྒྱུགས་བྱེད་ཀྱིན་ཡོངས། །ཞེས་གསུངས། སློབ་དཔོན་འགས་ཆོས་འཆད་པ་ནི། སངས་རྒྱས་ཀྱི་བསྟན་པ་སྤེལ་བ་དང་སེམས་ཅན་ལ་ཕན་པའི་ཆེད་དུ་མིན་པར། རང་ཉིད་ལ་གོ་ས་དང་། སྙན་གྲགས་དང་རྒྱུ་ནོར་སོགས་ཐོབ་པའི་ཆེད་དུ་ཡིན་པ་དེ་དག་ལ་རྣམ་ཐར་དུ་འདི་ལྟར། ད་ལྟ་ཆོས་འཆད་པ་འདི་ཀུན། ཆོས་ནོར་ཕྱིར་འཚོང་། ཕན་སེམས་མེད་པའི་ལྟོ་གོས་ཀྱི་ཕྱིར་ཆོས་ཤོད་པ་ལ། ཤཱཀྱ་ཐུབ་པས་ཚེ་ཕྱི་མར་བཀའ་ཆད་ནས་བཀའ་དྲིན་སྐྱོང་བར་ཞུ་ལགས། ཞེས་གསུངས་ནས་དམོད་པ་བོར། མདོར་ན་སྐབས་དེར་ཁོང་གང་དུ་བྱོན་པའི་ས་གནས་ཀུན་ཏུ་ཆོས་པའི་མིང་ཁྱེར་ནས་འཇིག་རྟེན་ཁོ་ན་སྒྲུབ་པ་དང་། སྤྱི་དོན་ལ་བསྙད་བཏགས་ནས་སྒེར་དོན་སྒྲུབ་པ། ལས་འབྲས་མི་བརྩི་བ། ཁ་བཤད་དང་ལག་ལེན་འགལ་བ་ཕན་ཚུན་མགོ་བསྐོར་དང་གཡོ་སྒྱུ་བྱེད་པ་སོགས་མི་རྣམས་ཀྱི་བར་ཚུལ་དང་མི་མཐུན་པའི་སྤྱོད་ངན་ཞིག་ཁྱབ་ཡོད་པ་དེ་ལ་ཐུགས་མ་རངས་པར། ཁོང་གིས་སྐུ་ཚེ་ཧྲིལ་བོར་གནས་ཚུལ་ངན་པ་དེ་དག་ལ་དགག་རྒྱག་དང་མཚང་བརྟོལ་མཛད་པ་ཁོ་ནས་དུས་འདའ་བར་མཛད་དོ། །
ཐུན་མོང་མིན་པའི་གསུང་རྩོམ།
ཁོང་གི་གསུང་རྩོམ་རྣམས་ནི། རྒྱ་གཞུང་རྣམས་ལ་ལད་མོ་བྱས་ནས་ཐོག་མར་མཆོད་བརྗོད། དེ་ནས་བརྩམ་པར་དམ་བཅའ་བ། གཞུང་དངོས་ལ་ཡང་ལེའུ་དང་བས་བཅད་མང་པོ་བཀོད་པ། མཇུག་བསྔོ་བ་དང་མཛད་བྱང་སོགས། ནང་དོན་ཆུང་ངུ་རེ་ལའང་ཚིག་ཚོགས་མང་ཐག་ཆོད་པ་བྲིས་ནས་གླེགས་བམ་མང་པོར་ལོང་བར་བྱས་ཏེ་མཁས་ཉམས་དང་ཆེར་རློམ་བྱས་པ་མིན་པར། དེ་ལས་ལྡོག་སྟེ། མགུར་མ་དང་། གླུ་རྟ། བྲོ་གཞས། བོན་པོའི་འདོན་རྟ། ཀ་བཤད། འཕྲིན་ཡིག སྒྲུང་ཐུང་སོགས་བོད་རང་གི་སྔར་ཡོད་གོམས་སྲོལ་གྱི་རྣམ་པ་ལྟར་བྲིས་ཤིང་ཚིག་ཀྱང་ཕལ་སྐད་ཐོག་ནས་བྲིས་ཡོད་སྟབས་ཚང་མས་གོ་སླ་བ་དང་། ནང་དོན་ཡང་སྐབས་དེའི་འཚོ་བ་དངོས་དང་སྦྲེལ་ཞིང་། མིག་མཐོང་ལག་ཟིན་དུ་བྱུང་བའི་ཚུལ་མིན་གྱི་བྱ་ངན་མཐའ་དག་ལ་དགག་པ་རྒྱབ་ཡོད་པས་ཀུན་གྱིས་བཀུར་བར་བྱེད་ཅིང་། གསུང་མང་པོ་ཞིག་མང་ཚོགས་ཀྱི་ངག་རྒྱུན་དུ་ད་བར་ཁྱབ་ཡོད་པ་རེད། ཁོང་གི་རང་རྣམ་ཀ་བར། རང་གི་རྣམ་ཐར་རང་གིས་བྲིས་པ་འདི། །ཚུར་མཐོང་སྐྱེ་བོའི་ཡ་མཚན་མིན་ན་ཡང་། །གཞན་གྱིས་བདག་གི་སྐྱོན་ཡོན་མི་རྟོགས་པས། །སྐྱོན་བཏོན་ཡོན་ཏན་རྦེད་པའི་ཚུལ་དུ་བཤད། །ཅེས་གདུངས་ནས་རང་སྐྱོན་འདོན་པའི་ཟོལ་གྱིས་སྤྱི་ཚོགས་ཐོག་གི་དྲང་བདེན་མིན་པའི་བྱ་བ་སྣ་ཚོགས་དང་ཁྱད་པར་ཆོས་པ་རྫུན་མ་ཚོས་ཆོས་པའི་མིང་ཐོག་ནས་ཆོས་འགལ་གྱི་བྱ་སྤྱོད་ངན་པ་བྱས་པ་རྣམས་ལ་ཟུར་ཟ་དང་དགག་རྒྱག་ཁོ་ན་མཛད་པ་རེད།
སྐབས་དེའི་སྤྱི་ཚོགས།
སྐབས་དེར་དབུས་གཙང་གི་གནས་ཚུལ་ནི་གཙང་གི་སྐུ་དྲག་རིན་སྤུངས་པས། གཙང་དམག་ལ་བརྟེན་ནས་རབ་བྱུང་བརྒྱད་པའི་ས་རྟ་སྤྱི་ལོ1498ལོར་དབུས་དབང་འོག་ཏུ་བཅུག་ནས་རབ་བྱུང་དགུ་བའི་མེ་གླང་སྤྱི་ལོ1517ལོའི་བར་ལོ་ཉི་ཤུ་ཙམ་དབུས་གཙང་གཉིས་སུ་དབང་བསྒྱུར་ཞིང་ཕག་གྲུ་སྡེ་སྲིད་ཀྱིས་དབུས་དམག་ལ་བརྟེན་ནས་གཙང་དམག་བསྐྲད་དེ་མེ་གླང་ལོ་ནས་བཟུང་དབུས་གཙང་གི་ས་ཆ་རིན་སྤུངས་པ་དང་ཕག་གྲུ་གཉིས་ཀྱིས་བཅད་བཟུང་བྱས། དབུས་གཙང་གཉིས་ཀྱི་བར་དམག་འཁྲུག་ཆེ་ཆུང་ཐེངས་མང་བྱུང་བས། མངའ་འབངས་ལ་བདེ་འཇགས་གཏན་ནས་མེད་པ་དང་། ཁྱད་པར་ནང་བའི་གྲུབ་མཐའ་སོ་སོས་ཀྱང་དཔོན་པོ་རེ་ལ་རྒྱབ་རྟེན་བཅོལ་ནས། ནང་ཁུལ་འཁྲུག་རྩོད་རྒྱུན་དུ་བྱེད་བཞིན་ཡོད་པར་བརྟེན་བོད་མི་རིགས་འདི་མཐུན་སྒྲིལ་མེད་ཐོག་དུས་ཟིང་གི་མེ་འོབས་སུ་ལྷུང་ནས་སྡུག་བསྔལ་ཚོད་མེད་མྱོང་དགོས་ཐུགས། གནས་ཚུལ་འདི་འདྲའི་འོག་ས་གནས་དང་གྲུབ་མཐའ་གང་གི་ཕྱོགས་སུ་ཡང་མ་ལྷུང་བར། བོད་འབངས་སྤྱིའི་ཕྱོགས་བསམ་ཏེ། སྤྱི་ཚོགས་ཀྱི་ལམ་ལུགས་ངན་པ་མཐའ་དག་དང་འཐབ་རྩོད་བྱས་ཏེ་སྐུ་ཚེ་འདའ་བར་བྱེད་མཁན་གྱི་དཔའ་པོ་འབྲུག་པ་ཀུན་ལེགས་ལྟ་བུ་ནི་བོད་ཀྱི་ཆོས་པའི་ནང་ཤིན་ཏུ་དཀོན་པས་ཁོང་ལ་ངེས་པར་བསྟོད་བསྔགས་བྱེད་འོས་པའི་མ་ཚད། ཁོང་གི་གསུང་རྩོམ་རྣམས་ལ་གོ་རིམ་ལྡན་པར་བརྟག་དཔྱད་བྱས་ན། སྐབས་དེའི་དབུས་གཙང་གི་སྤྱི་ཚོགས་ཀྱི་གནས་ཚུལ་གང་འདྲ་ཡིན་པ་གསལ་པོར་རྟོགས་ཐུབ། ཁོང་དགུང་གྲངས་དོན་བཞིར་ཕེབས་པ་རབ་བྱུང་དགུ་བའི་ས་ཕོ་བྱི་བ་སྤྱི་ལོ1528ལོར་སྐུ་འདས་པ་ཡིན་ནམ་སྙམ་ཡང་རྣམ་ཐར་དུ་ནམ་འདས་པ་མི་གསལ་བས་ཐུགས་དཔྱད་མཛད་གྲུབ་ཞུ། འདས་རྗེས་སྲས་ཞིང་སྐྱོང་འབྲུག་གྲགས་ནས་གདུང་རུས་སྟོད་ལུང་ལམ་འཕར་དགོན་གྱི་དངུལ་གྱི་མཆོད་རྟེན་དུ་དྲངས་ནས་བཞུགས་སུ་གསོལ་བ་རེད། ཁོང་གི་གསུང་ནི་མི་རྣམས་ཀྱི་ངག་ནས་བརྒྱུད་པ་དང་སྒེར་གྱི་ལག་ཏུ་ཐོར་བ་སོགས་ཤིན་ཏུ་མང་པོ་ཞིག་ཡོད་པར་གྲགས་ཀྱང་མི་རིགས་དཔེ་མཛོད་ཁང་དུ་ཕྱོགས་བསྒྲིགས་བྱས་ནས་པར་དུ་བསྐྲུན་པའི་ཆོས་ཚན་རྣམས་ཀ་ཁའི་གོ་རིམ་ལྟར་བྱས་པའི་པོ་ཏི་ཆེ་ལེགས་ཤིག་མ་གཏོགས་བཞུགས་མེད་དོ། །
གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན།
མཁན་ཕྲིན་ལས་རྡོ་རྗེ་མཛད།
རྒྱལ་དབང་རྗེའི་སློབ་རིགས་གཙང་སྨྱོན་ཧེ་རུ་ཀ་ནི། གཙང་ཉང་སྟོད་སྟག་ཚལ་མཁར་དཀར་དུ། ཡབ་ཉང་སྔགས་འཆང་དཔལ་ལྡན་དང༌། ཡུམ་སངས་རྒྱས་འདྲེན་གཉིས་ཀྱི་སྲས་སུ། རབ་བྱུང་བརྒྱད་པའི་ཆུ་སྤྲེལ་༼༡༤༥༢༽ ལོར་འཁྲུངས། བཅུ་གསུམ་པ་ལ་མཁན་ཆེན་ཀུན་དགའ་སངས་རྒྱས་པའི་དྲུང་དུ་རབ་ཏུ་བྱུང༌། མཚན་སངས་རྒྱས་རྒྱལ་མཚན་ཞེས་གསོལ། ཞེ་བཅད་ཤིན་ཏུ་ཆེ་བས། བཙན་དུག་ཞིབ་མོའི་ཐུམ་བུ་མགུལ་དུ་བཏགས་ཏེ། གལ་ཏེ་ཚུལ་ཁྲིམས་ཉམས་གྲབས་བྱུང་ན། འདི་འགམས་ནས་ཤི་མི་སྡོད་ན་གུར་གྱི་མགོན་པོས་སྙིང་ཁྲག་ཕྱུང་ཞིག་གསུང་དབུ་སྙུང་བཞེས། འདོད་སྲེད་ཀྱི་ཐུགས་འདུན་བྱུང་ཚེ་མགུལ་གྱི་ཐུམ་བུ་ལ་རེག་པ་རེ་མཛད་པས་ངན་རྟོག་རང་ཞི་ལ་སོང་གསུང༌། བཅོ་བརྒྱད་པར་རྨི་ལམ་དུ་བུད་མེད་བཅོ་ལྔས་ཡང་ཡང་སྐོར་ཞིང༌། ཁྱོད་མ་འདུག་པར་ཙ་རི་ལ་སོང་ཟེར་བ་བྱུང་བས་ཐུགས་བསྐུལ་ཏེ་ཆོས་ལ་བྲོས། དྭགས་པོ་སྐྱིད་ཚལ་དུ་ཤ་ར་རབ་འབྱམས་པ་ཆོས་རྗེ་སངས་རྒྱས་སེང་གེ་དང་མཇལ། ཞལ་མཇལ་བ་ཙམ་གྱིས་སྣང་བ་འགྱུར། ཐུགས་བརྩེ་བས་རྗེས་སུ་བཟུང༌། མཚན་ཆོས་ཀྱི་གྲགས་པར་གསོལ། ཟླ་བ་དགུའི་བར་ལ་ཞབས་ཕྱིར་འབྲངས་ཏེ། འཁོར་ལོ་སྡོམ་པའི་དབང་བསྐུར། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། ནཱ་རོ་ཆོས་དྲུག །རས་ཆུང་སྙན་རྒྱུད་སོགས་མྱོང་ཁྲིད་དུ་མཛད། གཞན་རི་ཆོས་སྐོར་གསུམ། ཐར་གྲུ་སྐོར་གསུམ་སོགས་མང་དུ་གནང༌། ཞག་རེ་ལའང་ལམ་རྟགས་དུ་མ་ཞིག་རྫོགས་པར་མཛད། གཏུམ་མོའི་སྐབས་སུ་བདེ་དྲོད་རང་འབར་ལ་སོང་ནས་རས་རྐྱང་ཐུབ་པ། གསང་རྡོར་སྦུབས་སུ་ནུབ་པ་སོགས་གཟིགས་སྣང་དང་རྟགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་ནས་བུ་གཙང་པ་ཆོས་ཀྱི་གྲགས་པ་ཁྱོད་ཡི་དམ་དགྱེས་པ་རྡོ་རྗེ་ལ་གྱིས། བརྟག་གཉིས་སོགས་རྒྱུད་སྡེའི་སློབ་གཉེར་མཐར་ཕྱིན་པ་གྱིས། མ་འོངས་པ་ན་དགོས་པ་ཆེན་པོ་ཡོད། ཚེ་འདི་ལ་མིག་མ་ལྟ། འཇིག་རྟེན་གྱི་ཆོས་བརྒྱད་རྒྱབ་ཏུ་དོར་ལ། ཙ་རི་ཙ་གོང་དང༌། ལ་ཕྱི། ཆུ་དབར། ཏི་སེ་སོགས་བཀའ་བརྒྱུད་ཀྱི་སྒྲུབ་གནས་རྣམས་སུ་སྒྲུབ་པའི་རྒྱལ་མཚན་ཚུགས་ལ་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་གྲོལ་ལ་ཁོད་ཅིག་གསུངས། ཙ་རི་ལ་སྐོར་ཙམ་ཕེབས་ནས་ཡུལ་དུ་བྱོན། བླ་མའི་བཀའ་བཞིན་དཔལ་འཁོར་ཆོས་གྲྭར། གཡུ་ལུང་བ་ཡོན་ཏན་རྒྱ་མཚོ་དང༌། སློབ་དཔོན་ཀུན་དགའ་ཉི་མའི་དྲུང་ནས། བརྟག་གཉིས་དང༌། གུར་ལ་སོགས་པའི་རྒྱུད་བཤད་ཕྱག་ལེན་དང་བཅས་པ་ལ་ལོ་བཞིའི་བར་ལ་གསན་སྦྱང་མཛད། མནལ་ལམ་དུ་དགྱེས་པ་རྡོ་རྗེ་གཙོ་འཁོར་ཞལ་གཟིགས་ཏེ། རང་ཉིད་དགྱེས་པ་རྡོ་རྗེའི་ང་རྒྱལ་གྱིས་ལྷ་མོ་བརྒྱད་སོ་སོ་ལ་སྙོམས་པར་ཞུགས་པས། ལྷ་མོ་རེ་རེ་ལ་བདེ་བའི་རྣམ་པ་མི་འདྲ་བ་རེ་རེ་མྱོང་གསུང༌། དེ་ནས་བླ་མའི་བཀའ་ཡང་ཡོད། ཐོས་པ་གཅིག་པུར་མཆོག་འཛིན་ཅན་རྣམས་ལ་མིག་ལྟོས་སུའང་འགྱུར་བས། ད་ནི་སྒྲུབ་པ་ལ་འགྲོ་བའི་དུས་ལ་བབ་དགོངས་ནས། ཆོས་གོས་གསུམ་སོགས་སྐུ་ཆས་རྣམས་ཚོགས་སུ་ཕུལ། ཙ་རིར་ལོ་གསུམ་བཞུགས། ཁྱད་པར་སྟག་ཚང་དུ་ཟླ་བ་བདུན་དཀའ་ཐུབ་མཛད་དེ་བསྒོམས་པས། འོད་གསལ་གྱི་ངང་དུ་ཞག་བདུན་བརྒྱད་རེ་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བ་དང༌། རྩ་རླུང་ཐིག་ལེའི་གཟིགས་སྣང་དཔག་ཏུ་མེད་པ་ཤར། དེ་ནས་བརྟུལ་ཞུགས་ཀྱི་སྤྱོད་པས་ཕྱོགས་ཀུན་ཏུ་རྒྱུ་ན་བསྟན་འགྲོའི་དོན་ཆེ་བར་དགོངས་ནས། སྐུ་གཅེར་བུར་རོ་ཐལ་གྱིས་བྱུགས་ཤིང༌། མི་རོའི་རྒྱུ་མ་རྣམས་དོ་ཤལ་དང༌། ཕྱག་ཞབས་ཀྱི་རྒྱན་དུ་མཛད། རྐང་ལག་གི་སོར་མོ་རྣམས་བཅད་ནས་སྲད་བུ་ལ་རྒྱུས་པའི་འཕྲེང་བས་དབུ་སྐྲ་བཅིངས། རུས་པའི་རྒྱན་སྐུ་ལ་གསོལ། རེས་རྒོད། རེས་ངུ་བ་སོགས་སྤྱོད་ལམ་གྱ་མ་ཐོ་ལ་ཁྲོམ་གསེབ་ཏུ་ཕེབས་ཤིང༌། ཙ་རི་བ་རྣམས་རྫུ་འཕྲུལ་གྱིས་བརྟུལ་བས། ཀུན་ཤིན་ཏུ་མོས་ནས། མཚན་གཙང་པ་སྨྱོན་པ་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །དེ་ནས་ལྷོ་བྲག་མཁར་ཆུར་ཕེབས། འབྲུག་རྒྱལ་དབང་རྗེ་དང་མཇལ། བརྟག་གཉིས་དང་རྟོགས་པའི་འབྲེལ་གཏམ་བྱུང་བས། རྒྱལ་དབང་རྗེ་ཤིན་ཏུ་མཉེས། ཁོང་ཡང་ཐུགས་ཤིན་ཏུ་མོས་ཏེ། ཟླ་བ་གཅིག་བཞུགས་པའི་རིང༌། དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་རྗེས་གནང༌། སྒྲུབ་ཐབས། ཚེ་དབང་ཚེ་ཁྲིད་ཆ་ལག་དང་བཅས་པ། ཁྲིད་ཆེན་བརྒྱད། ཁྲིད་ཆུང་བརྒྱད་ཀྱི་ལུང་རྣམས་གསན། བཀའ་གཏད་དང་མངའ་གསོལ་མཛད། རྡོ་རིགས་གསུམ་མགོན་པོ་བསྐོར་བར་ཕེབས་སྐབས། རྡོ་ཁ་ཁྲས། དུག་མདའ་སོགས་མཚོན་ཆ་སྣ་ཚོགས་བསྣུན་ཅིང༌། དབུ་དང་ཕྱག་ཞབས་སོ་སོར་ཕྲལ་ཏེ། གཏིང་རྡོ་དང་བཅས་ཆུ་བོ་ཆེན་པོའི་ནང་དུ་བསྐྱུར། ནང་ཁྲོལ་རྣམས་ཀྱང་སོ་སོར་ཆུ་ནང་དུ་འཕངས་ཏེ། ཁུར་པོ་རྣམས་ཁུར་ནས་འགྲོ་གྲབས་ཡོད་ཚེ། ཆུའི་དབུས་ནས་སྐུ་སྔར་ལྟར་སྐྱོན་མེད་པར་གྱེན་དུ་འཕུར་བ་སོགས་མི་དང་མི་མ་ཡིན་པས་སྐུ་ལ་གནོད་པ་མ་ཚུགས་པའི་རྣམ་ཐར་ཤིན་ཏུ་མང་།
དེ་ལྟར་ཕྱོགས་ཀུན་ཏུ་ཆེད་འཛིན་གཟའ་གཏད་བྲལ་བ་སྨྱོན་པ་ལྟ་བུའི་ཚུལ་དུ་གཤེགས་ཏེ། ལྷ་སར་ཕེབས་ཚེ། སྲིན་པོ་བྱུང་ཟེར་ཁྲོམ་ཀུན་འུར་ཞིང་མི་ཐམས་ཅད་ནང་དུ་བྲོས་པ་བྱུང་སྐད། གཞན་ཡང་ཆུ་དབར། ལ་ཕྱི། ཏི་སེ། རྫོང་དྲུག་སོགས་གནས་ཆེན་དང་ས་གཉན་གར་ཡོད་དུ་ཕེབས་ནས། བརྟུལ་ཞུགས་ཀྱི་སྤྱོད་པ་ཕལ་གྱིས་བློར་ཆུད་དཀའ་བ་མཛད་ནས་མི་དང་མི་མ་ཡིན་མང་པོའི་དོན་མཛད། བལ་ཡུལ་དུ་བྱོན་ནས་རང་བྱུང་མཆོད་རྟེན་ཞིག་གསོ་གནང༌། གནས་གསུམ་གྱི་གངས་རི་དང་བྲིན་ཆུ་དབར་སོགས་གྲུབ་གནས་མང་པོར་བཀའ་བརྒྱུད་ཀྱི་སྒྲུབ་སྡེ་བཙུགས། ཁྱད་པར་ལ་ཕྱི། ཆུ་དབར། འོ་འབྱུང་རྣམས་སུ་རྒྱུན་རིང་བཞུགས་ཤིང༌། སྐལ་ལྡན་གྱི་གདུལ་བྱ་ཤིན་ཏུ་མང་བར་འདུས་པ་ལ་མཁའ་འགྲོ་སྙན་རྒྱུད་དང༌། ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་སོགས་ཟབ་དོན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་བར་བསྐོར་བས། སློབ་མ་གྲངས་ཀྱིས་མི་ཆོད་པ་བྱུང་བ་ལས། རྟོགས་ལྡན་ཉེར་བརྒྱད། སྟོན་སྒོམ་ཉི་ཤུ། གསུང་གི་སྡུད་པ་པོ་རྒོད་ཚང་རས་པ་སྟེ་ཡོངས་གྲགས་སུ་ཐུགས་སྲས་ཞེ་དགུའོ།། སྒྲུབ་ཆེན་བཅོ་བརྒྱད། བླ་ཆེན་དྲུག །བླ་ཕྲན་དྲུག་ཅུ། ཐུན་མོང་བའི་ཐུགས་སྲས་བརྒྱད། ལས་ཅན་གྱི་རྣལ་འབྱོར་མ་བཞི། ཡོན་སྒོམ་རྣམ་གཉིས། གཤིན་སྒོམ་རྣམ་གཉིས། ཞལ་མ་མཇལ་རུང་བྱིན་རླབས་ཞུགས་པའི་སློབ་མ་གཅིག་ནི། སྟག་རྩེ་ཀུན་སྤངས་ཆོས་རྗེའོ། །གཞན་ཡང་རང་གྲོལ་གྱི་རྟོགས་ལྡན་བདུན་བརྒྱ་དང་སུམ་ཅུ་རྩ་བདུན་སོགས་བསམ་གྱིས་མི་ཁྱབ་པ་བྱོན། དེ་ཡང་ཉིད་ཀྱི་ཞལ་ནས། ང་སྙན་རྒྱུད་དང༌། རྗེ་བཙུན་མི་ལའི་རྣམ་ཐར་འདིའི་ཆེད་དུ་ཐོད་པ་བཀལ་བ་ཡིན། སྙན་རྒྱུད་ཀྱི་ཡིག་ཆ་རྣམས་ཚར་ན་ངའི་ཚེ་ཚད་ཀྱང་རྫོགས། ཁོ་བོ་བྱ་བྲལ་བས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཡང་མི་ཆུང་ཙམ་བྱས་སོ། །ཞེས་གསུངས་པ་ལྟར། དགུང་གྲངས་ཞེ་གསུམ་ཐོག་མཛད་པའི་སྙན་རྒྱུད་རྡོ་རྗེ་ཚིག་རྐང་གི་རྒྱས་འགྲེལ་དང༌། ཞེ་བཞི་ལ་མཛད་པའི་རྗེ་མི་ལའི་རྣམ་མགུར་གཉིས་ཡོངས་གྲགས་དང༌། གཞན་སྙན་རྒྱུད་ཁ་སྐོང་དང༌། བརྟག་གཉིས་ས་བཅད། ཆོས་དྲུག་དམིགས་རྐང༌། མགོན་པོའི་སྒྲུབ་ཐབས། གསུང་མགུར་ཞལ་གདམས་སོགས་ལེགས་བཤད་རྨད་དུ་བྱུང་བ་མང་ཙམ་མཛད། སྙན་རྒྱུད་གླེགས་བམ་དུ་བཀོད་པ་པུ་ཏི་བཅུ་གསུམ་ལ་ཞུ་དག་གཙང་མ་དང༌། རྗེ་མི་ལའི་རྣམ་མགུར་ཆེན་མོ་པར་དུ་བརྐོས། དེ་ལྟར་མཛད་པ་མཐར་ཕྱིན་ཏེ། ང་དྲུག་མེ་ཡོས་༼༡༥༠༧༽ལོའི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་རྟག་འཛིན་ཅན་རྣམས་ཀྱི་ངོར། རས་ཆུང་ཕུག་ཏུ་སྤྲུལ་པའི་སྐུ་རང་གནས་སུ་བསྡུས་སོ། །སྐུ་གདུང་ལ་རིང་བསྲེལ་ཆེ་ཆུང་མ་ངེས་པ་ཁ་དོག་ལྔ་ལྡན་དང༌། དཀར་སེར་དམར་སྔོ་ནག་པོ་གྲངས་མེད་ཕེབས་པ་སོགས་ངོ་མཚར་ཤིན་ཏུ་མང་ངོ་༌། །
དབུས་སྨྱོན་ཀུན་དགའ་བཟང་པོ་ནི།
མཁན་ཕྲིན་ལས་རྡོ་རྗེས་མཛད།
དེ་ཡང་འབའ་རའི་དངོས་སློབ་རས་ཆེན་བརྩོན་འགྲུས་དར་པོ་ལ། ཆུ་བོ་རི་པ་ཀུན་དགའ་རྣམ་རྒྱལ། དེའི་སློབ་མ་དབུས་སྨྱོན་ཀུན་དགའ་བཟང་པོ་སོགས་བྱུང་བ་ལས། རྗེ་འདི་ཉིད། གངས་རི་འོ་དེ་གུང་རྒྱལ་གྱི་ཉེ་ལོགས། སྦྲང་ཡུལ་འོལ་ཁའི་ས་ཆ་འོད་བཟང་གྲོང་དུ། ཡབ་ཉང་འོད་བཟང་སྲད་ག་དང༌། ཡུམ་འབབ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ས་སྟག་༼༡༤༥༨༽ལོར་བལྟམས། ཆུང་ནས་དམྱལ་བའི་གནས་སྦྱངས་སོགས་གསལ་སྣང་དུ་མ་བྱུང་ཡང༌། གདོན་གྱིས་བསྐྱོད་པར་གླེང་ནས། ཉ་གཤན་གྱི་གོས་ཀྱིས་དབུ་གཏུམས་པ་སོགས་བྱས་པས་ཅུང་ཟད་འགྲིབ། འཇིག་རྟེན་སུ་དང་ཡང་ཐུགས་མི་བསྟུན་པ་ཞིག་བྱུང་བས། བྱིས་པ་ཟླ་བོས། འདི་ནི་སུ་དང་ཡང་མི་མཐུན་པས། སུ་མི་འདོད་དུ་ཐོགས་ཟེར་རོ། །དགུང་ལོ་ལྔ་དྲུག་ཙམ་ནས། རྒོད་ཕྲུག་ཆོས་རྗེའི་དངོས་སློབ་ཡོན་སྒོམ་ལས་རི་ཆོས་ཡོན་ཏན་ཀུན་འབྱུང་སོགས་གསན། སྐུ་ཕྲ་མོ་ནས་ཡུམ་གཤེགས་ཤིང༌། ཡབ་དང་མཆེད་ཟླའི་ལྷན་ཁྲལ་འུ་ལག་འཇལ་བ་སོགས་འོ་བརྒྱལ་དུ་མ་ཞིག་ཐོག་ཏུ་བབ་པས། འཁོར་བ་ལ་ཐུགས་སྐྱོ་སྟེ་བཅུ་དྲུག་ལ་གཞན་གྱི་ཟླ་ལ་ཙ་རིར་བྲོས། དེར་གྲུབ་ཆེན་ཆུ་བོ་རི་པ་ཀུན་དགའ་རྣམ་རྒྱལ་དང་མཇལ་ཏེ། དགེ་བསྙེན་དང་བར་མ་རབ་བྱུང་བསྒྲུབས། མཚན་ཀུན་དགའ་བཟང་པོར་གསོལ། ལོ་ཧྲིལ་པོ་གསུམ་གྱི་བར་སྐུ་དང་གྲིབ་མ་བཞིན་བསྟེན་ཏེ། ཐོག་མར་བྱང་ཆུབ་སེམས་སྡོམ་དང་དབང་གིས་རྒྱུད་སྨིན་པར་བྱས་ནས། སྐྱེས་མཆོག་འབའ་ར་བ་ལས་བརྒྱུད་པའི་ཕྱག་ཆེན་དང་ཆོས་དྲུག་གི་ཉམས་ཁྲིད་དང༌། ཨུ་རྒྱན་བསྙེན་སྒྲུབ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཁྲིད་ལུང་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ། སྔོན་འགྲོ་ནས་རྗེས་ཀྱི་བར་ལ་ནན་ཏན་དུ་མཛད་པས། ཐབས་གྲོལ་གྱི་ལམ་ལ་མངའ་བརྙེས། བཅོ་བརྒྱད་པར་མཐའ་རྩའི་ནགས་ཁྲོད་དུ་མཁས་གྲུབ་བསོད་ནམས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་གི་དྲུང་དུ་དགེ་ཚུལ་གྱི་བརྟུལ་ཞུགས་བླངས། རྒོད་ཕྲུག་ཆོས་རྗེའི་དངོས་སློབ་རྟོགས་ལྡན་བསོད་ནམས་བཟང་པོ་ལས། འབྲུག་ལུགས་ཁྲིད་ཆེན་བརྒྱད་དང༌། རོ་སྙོམས་སྐོར་དྲུག་སོགས་དང༌། ཁྱད་པར་གཅོད་ཡུལ་མ་ཁྲིད་ཆེན་མོ་ཁ་འཐོར་ལེ་ལག་མ་ལུས་པ་ཉམས་ཁྲིད་དུ་གསན་ཞིང་ཐུགས་ཉམས་སུ་བཞེས་པས། ཆོས་འདིའི་བསྟན་པའི་བདག་པོར་གྱུར། གཞན་ཡང་སྟག་ལུང་ངག་གི་དབང་པོ་དང༌། ཆོས་རྗེ་དཔལ་འབྱོར་རྒྱ་མཚོ། གྲུབ་ཆེན་ཆུ་འཕུར་བ། ཆོས་རྗེ་ཤར་སྨད་པ། རྗེ་ནམ་མཁའ་བློ་གྲོས། རྗེ་བཙུན་མི་གཡོ་བ། པཎ་ཆེན་ཤཱཀ་མཆོག་སོགས་བསྟེན་ནས་སྨིན་གྲོལ་གྱི་རིམ་པ་མཐའ་ཡས་པ་གསན། ལྷག་པར་རིན་པོ་ཆེ་བྲག་ལྕོག་པ་རིན་ཆེན་བཟང་པོ་ལས། ཤངས་ཆོས་སྐོར་སོགས་དབང་རྒྱུད་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་རིགས་བདག་ཏུ་བཞེས། དེ་ནས་གདམས་ངག་རྣམས་ལ་རང་བྱན་ཆུད་དེ། ལ་ཕྱི་གངས་ར་དང༌། ཆུ་དབར་གཉིས་སུ་རེས་མོས་ཀྱིས་ལོ་ཧྲིལ་པོ་གསུམ་བར་དུ་བཞུགས་ཏེ། སྒྲུབ་པའི་རྒྱལ་མཚན་བཙུགས། དེའི་བར་བསྐྱེད་རིམ་མཐར་སོན་པས། གང་སྣང་ལྷའི་རོལ་པར་ཤར། རྫོགས་རིམ་མཚན་བཅས་རླུང་བུམ་པ་ཅན་རེས་ཉིན་ཞག་སྦྲིལ་ཐུབ་པ། གཏུམ་མོའི་དྲོད་ཀྱིས་སྐུ་གཅེར་བུར་བཞུགས་པ་ནའང་གྲང་བའི་རེག་བྱ་མེད་པར་བྲག་ཕུག་ཚ་འུར་འབར་བ། མཚན་མེད་རྫོགས་རིམ་ལ་ཉིན་མཚན་མེད་པར་འོད་གསལ་ཁོར་ཡུག་གི་ངང་ལས་གཡོ་བ་མེད་པ་སོགས་བྱུང་གསུང༌། སླར་ཡང་བླ་མའི་བཀའ་བཞིན་མི་ལའི་རྫོང་དྲུག །གངས་ཏི་སེ། བལ་ཡུལ་མཐིལ། རྒྱ་གར་ཕམ་མཐིང་ཚུན་ཆད་དུ་ལོ་ཧྲིལ་པོ་ལྔའི་བར་དུ་སྒྲུབ་པ་མཛད་ཀྱིན་བྱོན་བཞུགས་མཛད། ཉམས་རྟོགས་ཀྱི་རྩལ་རྒྱས། རྫུ་འཕྲུལ་དུ་མ་བསྟན། བདེ་ཆེན་སྟེང་དུ་སྒོམ་མེད་ཆོས་སྐུའི་བཙན་ས་ཟིན། དེ་ནས་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་བཞག །ཧེ་རུ་ཀའི་ཆས་སུ་ཞུགས་ཏེ། མངའ་རིས་སུ་ཕེབས། རྫོང་ཁ་རྒྱལ་པོའི་ཕོ་བྲང་གི་ནང་དུ་ཐལ་བྱུང་བྱོན་པས། བློན་འབངས་དུ་མས་མཚོན་སྣ་ཚོགས་སྐུ་ལ་བསྣུན་ཀྱང་ཅི་ཡང་མ་གནོད་ཅིང༌། སླར་ཧར་གྱིས་བཞེངས་ཏེ། ཧཱུྂ་ཕཊ་ཀྱི་སྒྲ་སྒྲོག་བཞིན་བྲོ་འཁྲབས་པས། རྒྱལ་བློན་འབངས་བཅས་གྲུབ་རྟགས་ལ་རབ་ཏུ་དད་ཅིང༌། བསྙེན་བཀུར་ཕུལ། མཚན་དབུས་པ་སྨྱོན་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་སོ། །སླར་རྒྱ་བལ་ཕྱོགས་སུ་བྱོན་ཏེ། དབང་ཕྱུག་སོགས་མུ་སྟེགས་བྱེད་ཀྱི་རྟེན་ཐམས་ཅད་ཕལ་ཆེར་རྡོ་དང་ཐོ་བས་བརྡུངས། མགོ་བོར་ཞབས་ཀྱིས་བསྣུན། མི་གཙང་བས་བྱུག་པ་སོགས་མཛད་པས། ཡུལ་མི་བརྒྱ་སྟོང་མང་པོ་འདུས་ནས་མཚོན་ཆའི་རིགས་ཆར་ལྟར་ཕབ། མགུལ་ཐག་པས་བསྡམས། སྐུ་ལུས་ལྗོན་པའི་ཡལ་ག་ལ་བཀལ་ཏེ། འོག་ནས་ཤིང་སྐམ་གྱི་མེ་ཆེན་པོས་བསྲེགས་ཤིང༌། དེ་ཉིད་བཀྲོངས་པའི་ཁུལ་བྱས་ནས། རང་གནས་སུ་ཕྱིར་ལོག་སྟེ་འཁོད་པ་ན༑ ཞག་གཅིག་ཀྱང་མ་ལོན་པར། བདག་ཉིད་ཆེན་པོ་ནི་སྐུ་གར་སྟབས་སུ་མཛད་ཅིང༌། བཀྲག་མདངས་གཟི་བརྗིད་འབར་བས་བྱོན་ཏེ། ཐམས་ཅད་དད་ཅིང་འདུད་པར་མཛད་པ་སོགས་རྒྱ་བོད་ཀུན་ཏུ་དེ་འདྲ་བའི་རྫུ་འཕྲུལ་ལན་དུ་མར་བསྟན། ཐམས་ཅད་དུ་གྲུབ་ཐོབ་ཀྱི་གྲགས་པས་ཁྱབ། ཕྱིས་སུ་ནང་པ་དྲུང་ཆེན་གྱིས་ཐར་པ་གླིང་ཞེས་པའི་ཆོས་གཞིས་ཕུལ་ཏེ། དེར་སྒྲུབ་གྲྭ་བཙུགས་ཤིང༌། འཁོར་སློབ་དཔག་ཏུ་མེད་པ་འདུས་པར་ཟབ་ཆོས་རྣམས་སྨར་ཁྲིད་དུ་བསྩལ། དབུས་གཙང་སྟོད་སྨད། དྭགས་ཀོང་སོགས་སུའང་ལན་མང་པོར་ཕེབས་ནས་འབར་ལུགས་གཙོ་བོར་གྱུར་པའི་ཕྱག་ཆེན་དང་ཆོས་དྲུག །གཅོད་ཡུལ། ཤངས་སྐོར་སོགས་གང་ལ་གང་འདུལ་གྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས་སྐལ་ལྡན་གྱི་སློབ་མ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། མཐར་དགུང་ལོ་དོན་ལྔ་པ་༼༡༥༣༢༽ཆུ་འབྲུག་བོད་ཟླ་དགུ་པའི་ཚེས་བཅོ་ལྔ་ལ་བབ་པ་ན། ཆོས་རྗེ་གདན་ས་པ་དབོན་སྲས་ཀུན་བཟང་ཉི་ཟླ་དཔལ་འབར་ལ་ཞལ་བཀོད་རྒྱས་པ་གནང་ཞིང༌། དེ་རིང་དུས་ཆེན་ཡིན་པས་མར་མེ་མཚན་ཐུབ་ཅིག་དང་གཞན་ཡང་མཆོད་པ་དཔག་ཏུ་མེད་པ་ཤོམས། ཁོ་བོ་འོག་མིན་དུ་འགྲོ་བ་ལ་ཁྱེད་བུ་སློབ་རྣམས་ཀྱིས་མྱ་ངན་མ་བྱེད་ཅེས་གསུངས་ནས། ཞབས་རྡོར་སྐྱིལ། ཕྱག་མཉམ་བཞག་ངང་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །སྤུར་ཞུགས་ལ་ཕུལ་བ་ན། དུ་བ་འཇའ་ཚོན་གྱི་རང་བཞིན་དུ་གྱུར་པ་དང༌། ལྷ་སྐུ་དང༌། རིང་བསྲེལ་ཁ་དོག་ལྔ་ལྡན་འཁྲུངས་པ་སོགས་ངོ་མཚར་མཐའ་ཀླས། སློབ་མ་ཡང་དབོན་སྲས་གདན་ས་པ། གཙང་སྟོད་རབ་འབྱམས་པ་ཉི་ཟླ་འབྲུག་གྲགས། མི་ཉག་རབ་འབྱམས་པ་དགེ་འདུན་དཔལ། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། དུང་དཀར་རས་པ་ཀུན་དགའ་སྙིང་པོ། མཁར་ནག་རྟོགས་ལྡན་བསོད་ནམས་རྒྱལ་མཚན་པ། རྫོང་དཀར་རས་ཆེན། གངས་དཀར་རས་ཆེན། སྟག་གཤེར་རས་པ། བ་ལོག་ཀུན་སྤངས། མགོ་ནག་ཆོས་མཛད། འཇིགས་མེད་རས་པ༑ སེང་གེ་རས་པ། རས་རྔ་རྟོགས་ལྡན། ཤཱཀྱ་ཆོས་འཕེལ། བློ་ལྡན་རྡོ་རྗེ་སོགས་མཁས་གྲུབ་གཉིས་ལྡན་དང་ཉམས་རྟོགས་མཐར་ཕྱིན་པའི་བྱ་བྲལ་བ་ཤིན་ཏུ་མང་པོ་བྱུང་ངོ་༌། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=806
དཔྱད་མཆན་སྤེལ།