དཔའ་ཨན་སློབ་ཆུང་དུ་ཞུགས་པའི་ཉི་མ་དང་པོར། ང་དང་ཁོ་གཉིས་ལག་འཇུ་བྱས་ཏེ་སྲང་ལམ་ཁ་ཤས་ལ་བརྒྱུད་རྗེས་ཝེ་མདོ་ལི་ཡཱ་སློབ་ཆུང་དུ་སླེབས་སོང་། ཟླ་བ་དགུ་བའི་མགོར། དུད་ཚང་རེ་རེའི་ལྷས་རའི་ནང་གི་ཤིང་ཏོག་བུམ་པ་དང་ལི་སོགས་ཀྱི་སྡོང་མགོར་ཁུ་ཚུར་གྱི་ཆེ་ཆུང་ལྟ་བུའི་ཤིང་འབྲས་སྣ་ཚོགས་རྒྱས་ཤིང་། འབྲས་བུའི་ཚོགས་ཀྱིས་ལྕུག་ཕྲན་ནི་ཐུར་དུ་དཔྱངས་ལ་ར་བའི་ཕྱི་ནས་ལམ་འགྲོ་བ་དག་གི་སྐྲ་ལོར་རེག་གིན་འདུག

བྱིས་པ་མང་པོ་མང་པོ་ཞིག་གིས་ལུས་རྩལ་ར་བའི་ནང་དུ་སློབ་ཁྲིད་ཚོགས་པའི་ཅོང་བརྡ་གྲག་པར་སྒུག་ཅིང་། ལག་པ་ཆུང་ཆུང་དེ་ཨ་ཕའམ། ཨ་མའི་ལག་ནང་དུ་སྐུམ་ཞིང་། ཉམ་ཆུང་བའི་མིག་ཟུང་གིས་ཕྱོགས་བཞིའི་གནས་ཚུལ་བརྟག་གིན་འདུག ཁོ་ཚོ་ནི་བྱིས་སྐྱོང་ཁང་གི་མཐར་ཕྱིན་སློབ་མ་ཡིན་མོད་ཀྱི། ཁོ་ཚོས་ད་རུང་བྱ་བ་གང་ཞིག་གི་མཐའ་ཕྱིན་པ་ནི་ཏན་ཏན་བྱ་བ་གཞན་གང་གི་མགོ་རྩོམ་པའི་ཆོས་ཉིད་འདི་རྟོགས་ཀྱི་མི་འདུག

ཅོང་བརྡ་གྲག་མ་ཐག སྐད་ཅིག་ཏུ་མི་ཚོགས་ཟང་ཟིང་གིས་ཕྱོགས་གང་སར་བགྲོད་ཀྱིན་ཡོད་མོད། ཕར་འགྲོ་ཚུར་འོང་གི་མི་ཚོགས་མང་པོའི་ནང་ནས། ངས་རང་གི་བྱིས་པའི་རྒྱབ་གཟུགས་དེ་ལྟར་གསལ་ལྷང་ངེར་མཐོང་ལ། དཔེར་ན་བྱིས་པ་བརྒྱ་ཕྲག་གཅིག་ཅིག་ཅེར་ཏུ་ངུ་བའི་སྐབས་དེར། ཁྱེད་ཀྱིས་རང་གི་བྱིས་པ་ངུ་བའི་ས་དེ་སྔར་བཞིན་འཁྲུལ་མེད་དུ་ངོས་འཛིན་ཐུབ་པ་ལྟར་རོ། དཔའ་ཨན་གྱིས་ཁ་མདོག་སྣ་ལྔ་ལྡན་པའི་དཔེ་ཁུག་ཅིག་ཁུར་ཞིང་། ཡང་དང་ཡང་དུ་ཁ་ཕྱིར་འཁོར་བཞིན་འདུག མཐའ་མེད་པའི་དུས་དང་གནས་ཀྱི་གཙང་བོ་རིང་མོ་ཞིག་ཏུ་ཆས་པ་ལྟར། ཁོའི་མཐོང་ལམ་དང་ངས་ཧྲིག་ཀེར་ལྟ་བའི་མཐོང་ལམ་གཉིས་རྒྱང་རིང་བའི་ས་རུ་གཅིག་ཏུ་འདྲེས་ཀྱིན་གདའ།

ངས་ཁོའི་ཤ་སྐམ་ཞིང་གཟུགས་ཆུང་བའི་རྒྱབ་གཟུགས་སྒོ་ནང་དུ་ཡལ་བར་ལྟ་བཞིན་ཧད།

ལོ་བཅུ་དྲུག་སྟེང་། ཁོ་ཨ་མེ་རི་ཀར་ལོ་གཅིག་ལ་སློབ་སྦྱོང་དུ་སོང་། ངས་ཁོ་གནམ་གྲུ་ཐང་དུ་སྐྱེལ། གྱེས་ཁ་མར། སྔར་གྱི་འགྲོ་སྟངས་ལྟར་ཕན་ཚུན་ལ་འཐམ་པ་ཡིན། ངའི་མགོ་བོ་ནི་དཔའ་ཨན་གྱི་བྲང་ཁར་སླེབས་ཙམ་རེད། དེ་ནི་ཤ་བ་སྐེ་རིང་གི་རྐང་བར་འཐམ་པ་དང་འདྲ་ཞིང་། ཁོས་ཀྱང་ཨ་མའི་བརྩེ་བ་ཟབ་མོ་འདི་སྟེང་ལེན་བྱེད་པར་འཐད་ཙམ་གྱི་ཚུགས་ཀ་དེ་ཧ་ཅང་མངོན་གསལ་དུ་འདུག

ཁོས་གྲལ་རིང་བོའི་ཁྲོད་དུ་ལམ་ཡིག་ཞིབ་གཤེར་ལ་སྒུག་འདུག ང་རང་ཕྱི་རུ་ལངས་ཏེ་འདྲེན་བྱེད་ཟུང་ནི་མདུན་ཕྱོགས་སུ་ས་ཚུན་གང་རེ་གང་རེ་སྐྱོད་པའི་ཁོའི་གོམ་རྗེས་སུ་སྙེག ཁོ་གཞི་ནས་མཚོ་འགག་གི་ཞིབ་གཤེར་སྐར་ཁུང་མདུན་དུ་སླེབས་སོང་། ཞིབ་གཤེར་གྱི་སྐད་ཅིག་མའི་རྗེས་ལམ་ཡིག་ཕྱིར་བླངས་ཏེ་སྒོ་ཞིག་གི་ནང་འཛུལ་ནས་གློ་བུར་མཐོང་རྒྱུ་མ་བྱུང་།འོན་ཀྱང་། ངས་སྔར་བཞིན་ཁོས་འདི་ལྟར་ཡལ་མ་སོང་བའི་སྔོན་ཏག་ཏག་ལ་ཕྱིར་མིག་ཐེངས་གཅིག་ལྟ་བར་སྒུག་ཡོད། འོན་ཀྱང་ཁོས་ཕྱིར་མིག་མ་བལྟས་ལ་ཐེངས་གཅིག་ཀྱང་མ་བལྟས་སོ། །

ད་ལྟ་ཁོ་རང་ལོ་ཉི་ཤུ་རྩ་གཅིག་ཡིན་ཞིང་། སློབ་ཆེན་དུ་འགྲོ་སའང་ངས་དཔེ་ཁྲིད་བྱེད་པའི་སློབ་གྲྭ་འདི་རེད། འོན་ཀྱང་ངེད་གཉིས་འགྲོ་ལམ་གཅིག་པ་ཡིན་རུང་ཁོ་ངའི་རླངས་འཁོར་དུ་མི་འདུག གལ་སྲིད་བསྡད་རུང་ཁོ་གཅིག་པུས་ཉན་ཆས་ལས་གླུ་དབྱངས་ཉན་ཞིང་། དེ་ནི་འབྱེད་མི་ཐུབ་པའི་སྒོ་མོ་བཙན་པོ་ཞིག་རེད་ཨང་། སྐབས་རེར་ཁོས་ཕ་གའི་སྲང་ལམ་དུ་སྤྱི་སྤྱོད་རླངས་འཁོར་སྒུག་འདུག ངས་ཐོག་ཁང་ནས་མར་ལ་ལྟ་དུས་གཟུགས་རིང་ལ་ཡང་ཤ་རིད་པའི་གཞོན་ནུ་ཞིག་གིས་མིག་ཟུང་ཐལ་མདོག་གི་རྒྱ་མཚོར་ཅེར་འདུག མཚམས་ཤིག་སྤྱི་སྤྱོད་རླངས་འཁོར་ཡོང་ནས་ཁོའི་ལུས་པོ་སྒྲིབ་ཅིང་། རླངས་འཁོར་སོང་ཙ་ན་སྲང་ལམ་སྟོང་བ་རུ་ཡིག་སྒམ་ཞིག་ཀེར་རེ་ལངས་པ་ལས་གཞན་མི་འདུག
ངས་རིམ་བཞིན་རིམ་བཞིན་རྟོགས་སོང་། ཕ་མ་བུ་ཕྲུག་གི་འབྲེལ་བ་ཞེས་པ་ནི་ཁོ་དང་ཁྱོད་ཀྱི་ལས་དབང་སྟེ་ཚེ་རབས་ད་ཐེངས་རྒྱུན་ཆད་མེད་པར་ཁོའི་གྲིབ་གཟུགས་ལ་མིག་ཟུང་གིས་རྒྱང་ནས་རྒྱང་དུ་སྐྱེལ་མ་བྱེད་པ་ཙམ་མཚོན་པ་ལགས། ཁྱེད་ཉིད་ལམ་ཆུང་གི་འདི་གར་ལངས་ནས། ཁོ་ལམ་གྱི་ཀྱོག་མཚམས་ནས་རིམ་བཞིན་མཐོང་སྣང་ལས་མེད་འགྲོ་བར་བལྟས་འདུག་པ་མ་ཟད། ཁོའི་གྲིབ་གཟུགས་ཀྱིས་ཁྱེད་ལ་རྗེས་སྙེག་མི་དགོས་ཞེས་ག་ལེར་བཤད་ངེས་སོ། །
ངས་རིམ་བཞིན་རིམ་བཞིན་ཚོར་བྱུང་། ངའི་ཁེར་རྐྱང་ནི་གྲིབ་གཟུགས་གཞན་ཞིག་དང་འབྲེལ་བ་དམ་པོ་འདུག

འབུམ་རམས་པའི་བསླབ་གནས་བླངས་རྗེས། ང་ཕྱིར་ཐེ་ཝན་དུ་ལོག་ནས་དགེ་རྒན་བྱས། སློབ་ཆེན་དུ་མིང་ཐོ་འགོད་པའི་ཉིན་མ་དང་པོར་ཨ་ཕས་ལམ་ཐག་རིང་བོར་ཁོའི་གཟན་ཆས་སྐྱེལ་འདྲེན་གྱི་རླངས་འཁོར་གོང་དམའ་མོ་དེའི་ནང་ང་སྐྱེལ་བ་རེད། སློབ་གྲྭ་རུ་འབྱོར་མཚམས་སུ་ད་གཟོད་ངའི་ཡིད་ནས་དོན་དག་ཅིག་ཚོར་བྱུང་ལ། ཁོས་རླངས་འཁོར་སློབ་གྲྭའི་སྒོ་ཆེན་དུ་མ་རྒྱུ་བར་ཟུར་ལོགས་ཤིག་ཏུ་བསྡད་དེ་ལམ་ཆས་ཀུན་རླངས་འཁོར་ནས་ས་ལ་བླངས་རྗེས། ཁོ་རང་རླངས་འཁོར་ནང་བུད་ནས་ཕྱིར་འགྲོ་རྩིས་ཀྱིས་རླངས་འཁོར་མེ་ཁ་གསོས་མོད། འོན་ཀྱང་མགོ་བོ་རླངས་འཁོར་དྲ་མིག་ནང་སྲིང་ཏེ། བུ་མོ། ཨ་ཕས་བསམ་ན་དངོས་ནས་ཁྱེད་ལ་འོས་མེད་བྱས་འདུག རླངས་འཁོར་འདི་རིགས་ནི་སློབ་ཆེན་གྱི་སློབ་དཔོན་ཞིག་སྐྱེལ་བྱེད་མ་རེད་ཅེས་བཤད།

ཁོང་གི་ཚོང་འདྲེན་རླངས་འཁོར་ཆུང་ཆུང་འདི་སེམས་ཆུང་གིས་ཕྱིར་སྣུར་རྗེས། ངའི་མཐོང་ལམ་ནས་ཤུ་སྒྲ་ཞིག་དང་བཅས་སྲང་མདོར་ཕྱིན་སོང་། རྗེས་སུ་དུ་ནག་ཡུག་གཅིག་ལས་རླངས་འཁོར་ནི་ཀྱོག་མཚམས་ལས་མཐོང་རྒྱུ་མེད་ལ། ང་ད་རུང་ས་དེ་རུ་ཀོ་སྒམ་གྱི་འགྲམ་དུ་ལངས་འདུག

ང་གཟའ་འཁོར་རེ་རེ་སྨན་ཁང་དུ་ཁོང་ལ་ལྟ་རུ་འགྲོ་བཞིན་ཡོད། དེའང་ལོ་ངོ་བཅུ་ཕྲག་ཙམ་འདས་རྗེས་རེད། ཁོང་གི་འཁོར་ཁྲིའུ་དེད་ནས་སྐྱོ་བསང་དུ་འགྲོ་དུས་ཁོང་གི་མགོ་བོ་བྲང་ཁར་དུད་འདུག ཐེངས་ཤིག རྩ་ཆུ་གཉིས་ཀྱིས་ཁོང་གི་རྐང་སྣུམ་སྦངས་འདུག ང་ས་རུ་སྒུར་ཏེ་རང་གི་ལག་ཕྱིས་ཀྱིས་ཁོང་ལ་ཕྱི་བརྡར་བྱེད་རོགས་བྱས། སྨད་གཡོགས་སྟེང་དུའང་བཤང་གཅི་འགོས་འདུག འོན་ཀྱང་ང་རང་འདི་ལྟར་ཐེ་པེ་ལ་ངེས་པར་ཕྱིར་ལོག་དགོས། ནག་གཡོག་མ་ཡོང་ནས་ཁོང་གི་འཁོར་ཁྲིའུ་དེད་ནས་བུད་སོང་ལ།  ངས་ལག་ཁྱེར་ཁུག་མ་བསྡམས་ནས་འཁོར་ཁྲིའུ་རྗེས་སུ་བལྟས་མོད། ཤེལ་གྱི་སྒོ་མོའི་མདུན་ཅུང་ཙམ་བསྡད་རྗེས་སྒོ་ནང་དུ་འཛུལ་ནས་བུད་སོང་།
ང་རང་རྟག་པར་ས་སྲོས་ཀྱི་གྲིབ་མ་སྟུག་པོའི་ཁྲོད་གནམ་གྲུ་འབབ་ཐང་དུ་བཞུད་ཀྱི་ཡོད།

ཞུགས་འབུལ་ཁང་གི་མེ་ཐབ་མདུན་དུ། པུར་སྒམ་ནི་བོངས་ཆེ་བའི་འཐེན་སྒམ་ལྕི་མོ་ཞིག་རེད། དལ་མོ་ནང་དུ་བཤུད་དེ་བུད་སོང་། བར་ཐག་འདི་འདྲའི་ཉེ་བོ་ཞིག་ཏུ་ཅེར་ཐུབ་པ་ཡིད་ལའང་མ་དྲན། མེ་ཐབ་ཀྱི་སྒོ་དང་བར་ཐག་སྨི་ལྔ་ཙམ་ལས་མི་འདུག རླུང་བུ་ལྡིང་ཕྱོགས་ཀྱིས་ཆར་ཕྲན་འཁྱམས་རིང་དུ་བབས་ལ། ངའི་ཐོད་པའི་སྐྲ་ལོ་དག་ཀྱང་ཆར་གྱིས་བརླན་ཞིང་། ཡིད་གྱི་གཏིང་རིམ་ཞིག་ནས་མིག་ཧྲིག་གེར་བལྟས་ལ། འདི་ནི་ཆེས་མཇུག་མཐའི་མིག་གི་སྐྱེལ་མ་ཞིག་ཡིན་པར་རེ་བ་ཞུའོ། །

ངས་རིམ་བཞིན་རིམ་བཞིན་རྟོགས་སོང་། ཕ་མ་བུ་ཕྲུག་གི་འབྲེལ་བ་ཞེས་པ་ནི་ཁོ་དང་ཁྱོད་ཀྱི་ལས་དབང་སྟེ་ཚེ་རབས་ད་ཐེངས་རྒྱུན་ཆད་མེད་པར་ཁོའི་གྲིབ་གཟུགས་ལ་མིག་ཟུང་གིས་རྒྱང་ནས་རྒྱང་དུ་སྐྱེལ་མ་བྱེད་པ་ཙམ་མཚོན་པ་ལགས། ཁྱེད་ཉིད་ལམ་ཆུང་གི་འདི་གར་ལངས་ནས། ཕར་ཕྱོགས་ཀྱི་ཁོ་ལམ་གྱི་ཀྱོག་མཚམས་ཤིག་ནས་རིམ་བཞིན་མཐོང་སྣང་ལས་མེད་འགྲོ་བར་བལྟས་འདུག་པ་མ་ཟད། ཁོའི་གྲིབ་གཟུགས་ཀྱིས་ཁྱེད་ལ་རྗེས་སྙེག་མི་དགོས་ཞེས་ག་ལེར་བཤད་ངེས་སོ། །

2018/8/14མཚན་གུང་ལ་བསྒྱུར།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=784