ཀུན་སྤྱོད་སློབ་གསོ་ནི་སློབ་མའི་སྣ་སྒོ་མོ་ནས་བསྐྱེད་སྲིང་བྱེད་དགོས་པས་སློབ་གྲྭའི་གྲུ་ག་རེ་རེར་མ་འདུས་པ་མེད་ལ། སློབ་གྲྭའི་གསོལ་ཚིགས་ཁང་གི་དོ་དམ་ཡང་དེའི་ཆ་ཤས་སུ་གཏོགས། འདིར་ངས་སློབ་གྲྭའི་གསོལ་ཚིགས་ཁང་གི་སློབ་མའི་དངོས་ཡོད་གནད་དོན་ལས་འཕྲོས་ཏེ་གསོལ་ཚིགས་ཁང་དུ་སློབ་མས་གསོལ་ཚིགས་ལ་རོལ་སྐབས་གོམས་གཤིས་ལེགས་པོ་གང་དག་བསྐྱེད་བསྲིང་བྱེད་དགོས་པ་དང་།  ཐབས་ཇི་འདྲ་ཞིག་གིས་སེལ་དགོས་པའི་སྐོར་ལ་རང་བློས་དཔག་ཚོད་ལྟར་གླེང་བར་བྱ།

 

སློབ་གྲྭའི་བཀོད་སྒྲིག་ལྟར་དེ་སྔོན་བདག་གིས་སློབ་མ་དང་མཉམ་དུ་ཉིན་གཅིག་གི་གསོལ་ཚིགས་མཉམ་རོལ་གྱིས་སློབ་མའི་བདག་དམ་དང་འགྲིག་ལམ།  ཟ་མ་ཟ་སྟངས་ལ་མཉམ་འཇོག་ཙམ་བྱས་པའི་ཁྲོད་ནས་གནད་དོན་མི་ཉུང་བ་ཞིག་དང་འཕྲད། ཉིན་དེ་ནི་གཟའ་ལྷག་པ་ཡིན་ལ་ཉིན་གུང་གི་ཟ་མ་ནི་ལུག་ཤའི་ཁུ་དང་གོ་རེ་རླངས་ཙེ་ཡིན། ཟས་རོལ་ས་གཅིག་ཐོག་ནས་ཡིན་ལ་རེས་མོས་ཀྱིས་སློབ་མ་བུ་ལ་ཁེལ་ཡོད།  ཟ་མ་ལེན་པའི་སྐབས་སུ་གྲལ་ལེགས་པོ་མི་སྒྲིག་པ་དང་འུར་རྒྱག་པ།  འཚང་ཁ་བྱེད་པ། ཆེ་ཆུང་བར་ཐུབ་ཚོད་ལྟ་བ། བདའ་རེས་བྱེད་པ་སོགས་ཀྱིས་གསོལ་ཚིགས་ཁང་གི་བར་འཁྱམས་ཀྱི་གྱང་ངོས་སུ་ལག་པས་རི་མོ་བྲིས་པ་དང་ནག་རག་བྱས་པའི་རྗེས་ཤུལ་བསུབ་ཐུབ་མེད་ལ། ཀ་རག་གོར་མ་གོར་མ་ལྷུང་བའི་སྣང་ཚུལ་མཆིས་པས་གཙང་སྦྲ་ཡང་དེ་མཐུན་གྱིས་བཟང་པོ་ཞིག་མི་འདུག  ཟ་མ་ལེན་སྐབས་འཚང་ཁས་ཟས་ཕོད་པས་ཆུད་ཟོས་མང་བ།  ཟས་ཅོག་སྟེང་དུ་འདུག་སྟངས་མི་ལེགས་པས་གྲ་དག་མིན་པ། འུར་སྒྲས་ཁེངས་པ།  རྩེ་ཞོར་ཟ་ཞོར་དང་འུར་འུར་ཟིང་ཟིང་གི་ཁྲོད་ནས་འགྲིག་ལམ་ལ་དོ་དམ་བྱ་ཐབས་མེད་ལ།  དུས་ཚོད་ལྟར་ཐོན་གྱིན་མེད་པ་དང་སྔ་དྲགས་པ།  ཟ་མ་ཟ་བ་མགྱོགས་དྲགས་པ་དང་དལ་དྲགས་པ།   ཟས་ཅོག་སྟེང་དུ་ཟས་ཕོད་པ། གོ་རེ་གང་འདོད་དུ་གཡུགས་པ། སྔོ་ཚོད་དང་རུས་པ། ཤ་རྡོག  ཚིལ་སོགས་ཀྱང་ཉ་ཉོག་མཉམ་བསྲེས་ཀྱིས་གང་འདོད་འདོད་དུ་གཡུགས་ཡོད་ལ།  ཟ་མའི་ཁུ་ཅོག་ངོས་དང་རང་གི་གོན་པའི་སྟེང་ལའང་ཕོད་པ་མང་། ཟས་ཕོར་ལ་ཤ་ཞེན་མེད་པར་ཐང་ལ་གཡུགས་པ་དང་ཅོག་སྟེང་དུ་འཇོག་ན་གང་འདོད་ཡིན་པར་གོ་རིམ་མེད་པ། སློབ་མ་མང་ཤས་ལ་ད་དུང་ཐ་ན་ཐུར་མའང་མི་འདུག    དེ་ནས་གཉིས་ཐོག་གསོལ་ཚིགས་ཁང་དུ་སོང་ནས་ལྟ་ཞིབ་ཙམ་བྱས་པར་སློབ་མ་བུ་མོ་རྣམས་བུ་དང་སྡུར་ན་ལྷིང་འཇགས་ཡིན་ལ་འགྲིག་ལམ་ཅུང་བཟང་། འུར་མི་རྒྱག་པ་དང་ཟས་རོལ་སྟངས་ཅུང་བཟང་། ངོ་མ་བཤད་ན་གོམས་གཤིས་ལེགས་པོ་ཞིག་ཆགས་མེད་པ་ནི་ཁྱིམ་ཚང་གི་སློབ་གསོ་ལེགས་པོ་མ་ཐོབ་པ་དེ་རང་རེད་ལ། རྒྱུན་རིང་ལ་ཆགས་པའི་མི་ལེགས་པའི་གོམས་གཤིས་སུའང་གྲུབ་ཡོད།  ཇ་མ་དང་ཟ་ཁང་བདག་དམ་དགེ་རྒན།  བསླབ་ཚན་དགེ་རྒན་གྱི་མཛུབ་སྟོན་གྱིས་མ་འདང་བའང་ཞོར་ནས་རྟོགས་ཐུབ།

 

དགེ་རྒན་གྱི་འོས་འགན་ནི་སློབ་མར་སློབ་ཚན་ཙམ་འཁྲིད་རྒྱུ་དེ་མིན་པར། དགེ་རྒན་ནི་སློབ་མའི་སློབ་སྦྱོང་གི་ཁ་ཕྱོགས་སྟོན་མཁན་དང་།  འཚོ་བའི་ཁ་ཕྱོགས་སྟོན་མཁན།  སྤྱི་ཚོགས་ཀྱི་ཁ་ཕྱོགས་སྟོན་མཁན་བཅས་ཡིན་པ་མ་ཟད།  དགེ་རྒན་ནི་སློབ་མའི་ཆེས་བཟང་བའི་གྲོགས་པོ་ཡང་ཡིན་དགོས། དེ་བས་སློབ་མའི་འཚོ་བའི་ནུས་པ་ལེགས་པོ་ཞིག་བསྐྱེད་བསྲིང་བྱ་རྒྱུ་ནི་ང་ཚོ་དགེ་རྒན་རྣམ་པའི་ཕྲག་སྟེང་དུ་བབ་པའི་འགན་འཁྲི་ལྡོག་མེད་དུ་སྣང་ན་སློབ་མའི་ཟ་མ་ལེགས་པོ་ཞིག་བཟའ་བའི་གོམས་གཤིས་བསྐྱེད་སྲིང་བྱ་རྒྱུ་དེའང་འདི་ལས་མ་འདས།   མཁས་མང་ཀུན་མཐུན་དུ་བྱུང་བའི་གཏམ་ངག་སྐད་ཆའི་ཁ་ཏ་ལས་ཕྱི་སྤྱོད་པའི་མིག་དཔེ་གཙོ་ཞེས་པ་ལྟར་ང་ཚོས་ངག་སྐད་ཆའི་སློབ་གསོས་མ་འདང་པ་མ་ཡིན་པར་མིག་དཔེ་སྟོན་པ་ཉུང་བ་དང་། མཛུབ་སྟོན་ཉུང་བ།  སྣེ་ཁྲིད་ཉུང་བ་འེ་ཡིན་ལགས།   རེས་ལ་བབ་པའི་དགེ་རྒན་གྱིས་འགན་དང་ལེན་བྱས་ནས། སློབ་མ་ཚོར་ཟ་མ་དུས་ལྟར་ཟ་རུ་འཇུག་པར་སྐུལ་མ་བཏང་ནས་དུས་ལྟར་གསོལ་ཚིགས་ཁང་གི་མདུན་དུ་སློབ་མ་ཁ་ཚང་བར་གྲལ་སྒྲིག་ནས་གསོལ་ཚིགས་ཁང་དུ་གོ་རིམ་ཡོད་པའི་སྒོ་ནས་འགྲོ་རུ་འཇུག་པ་དང་། ཟ་མ་ལེན་པའི་སྐབས་སུ་འཚང་ཁ་མི་བྱེད་པར་དལ་བུར་བླངས་ནས་ཟས་ཅོག་སྟེང་དུ་ལེགས་པར་འཇོག་པ། རྐུབ་སྟེགས་སེམས་ཆུང་གིས་ལེན་འཇོག་བྱེད་པ། འདུག་སྲོལ་ལ་མཉམ་འཇོག་པ།  བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་ཏུ་བལྡད་ནས་དལ་བུར་མིད་དེ་རང་སྐལ་ཀྱི་ཟ་མ་ཟོས་ཚར་བ།  འུད་ཆེན་པོ་མི་སྒྲོག་པ།  ཟ་འདེམས་མི་བྱེད་པ།  ལྷག་མ་མི་བསྐྱུར་བ། གསོལ་ཚིགས་ཁང་དུ་བཟའ་བཏུང་བྱེད་པ་ལས་བཟའ་བཏུང་ཕྱིར་ཁྱེར་ནས་མི་འགྲོ་བ།  གང་ཡིན་སར་བཟའ་བཏུང་མི་བྱེད་པ། བཟའ་བཏུང་གི་འཕྲོ་ལྷག་གང་སར་མི་ལྡུག་པ།  གོ་རེ་ཤུན་པགས་མི་བཤུ་བ།  ཟས་ཕོར་དང་ཐུར་མ་ཁ་ཚང་ཡིན་པ།  གཞན་གྱི་ཟས་ཕོར་མི་བཀོལ་བ།  བཟའ་བཏུང་ལེན་སྐབས་སློབ་མ་གཅིག་གིས་མི་གཉིས་ཡན་ཆད་ཀྱི་ཚབ་མི་བྱེད་པ།   བྱིས་པ་ཉམ་ཆུང་དང་དབང་བོ་སྐྱོན་ཅན་ལ་ལྷག་པར་བརྩེ་བས་བསྐྱངས་དགོས་ཤིང་ཟས་ལེགས་པོར་ཟ་བའི་མཛུབ་སྟོན་གནང་དགོས།  ལྷག་པར་རྒྱགས་ཚད་ལས་བརྒལ་བར་ཟ་ཚོད་འཛིན་པ་དང་སྦྲགས།  ཟ་མ་བཟའ་བའི་དུས་ཡུན་ཡང་གསལ་བོ་དག་པོ་བྱ་དགོས་ལ་རེམ་མ་ཟོ་ཞེས་བདའ་འདེད་འོས་མིན་མི་བྱ་བ་དང་།  གང་འཇོན་ཅི་ནུས་ཀྱིས་ཅོག་ཙེ་དང་མཐིལ་ཤིང་།  ལྭ་བ་བཅས་གཙང་མ་ཡིན་པའི་རྒྱུན་བསྐྱང་བར་འབད་དགོས།  ཟས་ཕོར་སོགས་གང་ལ་གང་འཚམ་དུ་འཇོག་པར་རོགས་རམ་བྱེད་དགོས་ལ།  ཟ་མ་ཟོས་རྗེས་གསོལ་ཆས་ཀྱི་རིགས་ལྟར་བསྡུ་ནུས་པ།  ཅོག་ཙེ་གཙང་མར་ཕྱི་བ།  ཟ་མ་ཟས་རྗེས་རང་ལྕོག་སྒོས་ཆུ་འཐུང་ནས་ཁ་བཤལ་བ་དང་ལག་པ་བཀྲུ་བ་བཅས་ཟ་འཐུང་གི་གོམས་སྲོལ་ཡག་པོ་བྱང་བར་མཛུབ་སྟོན་དང་སྣེ་ཁྲིད་གང་ལེགས་བྱ་དགོས།   དེ་ལྟར་བྱས་ཏེ་གོམས་གཤིས་བཟང་པོ་རིམ་གྱིས་གོམས་སུ་འཇུག་དགོས།

 

དགེ་རྒན་གྱིས་སློབ་མའི་ཟ་མ་ཟ་སྟངས་ཀྱི་གྲུབ་འབྲས་ལ་གདེང་འཇོག་བྱས་ཏེ་བཟང་བོ་ལ་གཟེངས་བསྟོད་དང་ཞན་པ་ལ་མཛུབ་སྟོན་གནང་ནས་ཟ་མ་བཟའ་ཚུལ་ལེགས་པོ་ཤེས་སུ་འཇུག་དགོས། གསོལ་ཚིགས་ཁང་དུ་སློབ་མས་བཟའ་བཏུང་ཚུལ་མིན་གྱིས་ཟ་བ་དང་གོང་གི་ཚུལ་དང་ལྡན་པའི་ཟ་ལུགས་དང་འགལ་ན་བྱས་ཉེས་ལྟར་ཆད་པ་གཅོད་པའི་ཐབས་ལམ་གཏན་འཁེལ་བྱེད་དགོས། སློབ་མ་གཅིག་གིས་འགྲིག་འགལ་ཐེངས་གཅིག་བྱས་ན་སློབ་གསོ་གཏོང་བ་ལས་དམོད་མོ་དང་སྡང་སྡུག་བཏང་ན་མི་ལེགས་ལ་དེ་བས་ཀྱང་ལུས་ཆད་དང་རྣམ་པ་འགྱུར་བའི་ལུས་ཆད་བཅད་ན་རྔོ་ཆེར་མི་ཐོགས།  དེ་བས་དེ་མཐུན་གྱི་འགྲིག་ལམ་དོ་དམ་བྱ་ཐབས་ཤིག་བཙུགས་ནས།  ཆད་པ་ལ་གཙང་སྦྲ་བྱེད་པ་དང་ཟས་ཐུན་གཅིག་འགོག་པ།  ལངས་ནས་ཟ་རུ་འཇུག་པ།  སློབ་མ་གཞན་པ་ལ་ཞབས་ཞུ་སྒྲུབ་ཏུ་འཇུག་པ།  བྱས་ཉེས་ངོས་ལེན་བྱེད་པའི་ཡི་གེ་འབྲི་བ་སོགས་སློབ་མས་དང་ལེན་ཐུབ་ལ་རང་ཉེས་ཁས་ལེན་པར་ཕན་པའི་རིགས་དང་ཐབས་སྣ་འཛོམས་ཅན་སྤྱོད་དགོས།  དེ་ལྟར་ཟ་མ་བཟའ་གཏུང་གི་གོམས་གཤིས་ལེགས་པོ་ཅན་གྱི་སློབ་མ་འདེམ་ནས་དཔེ་སྟོན་གྱི་ཞབས་ཞུ་སྒྲུབ་ཏུ་འཇུག་དགོས་ལ།  ལས་རེས་པའི་ལས་ཀ་ལ་སློབ་སྦྱོང་བྱས་ཏེ། རབས་དང་རིམ་པའི་སྒོ་ནས་གསོལ་ཆས་དང་ཟ་མ་བགོ་ཤེས་པ་དང་རང་གི་གྲོགས་པོ་ལ་ཞབས་འདེགས་ཞུ་བའི་དགའ་བ་ཉམས་སུ་མྱོང་བར་བྱས་ནས་བྱིས་པ་རེ་རེར་ཡིད་ཚིམ་པ་དང་གྲུབ་འབྲས་ཐོབ་པའི་གོ་སྐབས་ཡོད་པར་བརྩོན་དགོས། འདི་ལྟར་རྒྱུན་བསྐྱངས་ན་རིམ་གྱིས་ཟ་མ་ལེགས་པོ་བཟའ་ཤེས་པའི་གོམས་གཤིས་ཆགས་ཐུབ།  དེའི་གོ་རིམ་ཁྲོད་ནས་གསོལ་ཚིགས་ཁང་བདག་དམ་བྱེད་མཁན་ལ་ཁེལ་བའི་དགེ་རྒན་གྱིས་ཕན་ཚུན་བར་བཏོན་པའི་བསམ་འཆར་དང་རེ་བཅོལ་ཁུར་དུ་ལེན་དགོས་ལ། དུས་བཅད་ལྟར་འཚོ་བའི་རྒྱུན་ཤེས་དང་འཚོ་ཐབས་ཀྱི་སློབ་གསོ་སྤེལ་ནས་རང་རྐྱ་ཐུབ་པའི་ནུས་པ་མཐོར་འདེགས་གཏོང་དགོས།  འདི་ལྟར་གཟའ་འཁོར་རེ་རེར་གསོལ་ཚིགས་ཁང་གི་བདག་དམ་བྱེད་ཐབས་ཕྱོགས་སྡོམ་བྱས་ནས་ལེགས་པ་རྒྱུན་འཁྱོངས་དང་མི་འདང་ས་ཁ་གསབ་ཀྱི་ཚུལ་དུ་འགྲིག་ལམ་འཐུས་ཚང་བཏང་ན་སློབ་མ་ཡོངས་ཀྱི་སྤྱིའི་ཀུན་སྤྱོད་མཐོར་འདེགས་ལ་ཡང་ཕན་ཆེན་པོ་འབྱུང་བ་གདོན་མི་ཟ།

 

 

སྤྱི་ལོ༢༠༡༨ལོའི་ཟླ༩བའི་ཚེས༢༥ཉིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=776