ཁ་ལོ་བའི་དྲན་སྐུལ་སྤྲིངས་ཡིག
གཡུ་མཚོ།
རླང་འཁོར་ནི་སྟབས་བདེ་ལ་ནུས་ཤུགས་ཆེ་བའི་འགྲིམ་འགྲུལ་ཡོ་བྱད་གཅིག་རེད། རླང་འཁོར་གྱིས་མིའི་རིགས་ལ་བསམ་ཡུལ་ལས་འདས་པའི་སྟབས་བདེ་དང་ལས་ནུས་བསྐྲུན་ཡོད་པ་ཀུན་གྱི་མཐོང་ཆོས་རེད། མེས་པོ་གོང་ཚོས་མི་རབས་དུ་མར་བགྲོད་མི་ཚར་ལམ་བུ་ད་ཆ་རླང་འཁོར་བསྡད་ནས་མགྱོགས་པོར་རྨི་ལམ་དང་རེ་བ་བཞིན་མངོན་འགྱུར་ཡོང་གི་ཡོད་ལ་རླང་འཁོར་ལ་བསྟེན་ནས་དངོས་ཟོག་དབར་འདྲེན་བྱེད་པའི་རྫུ་འཕྲུལ་ལྟ་བུའི་ལས་ཤོགས་སམ་ལས་ཆོད་བསྐྲུན་བཞིན་ཡོད། དེ་ཚོ་ཚང་མ་རླང་འཁོར་གྱི་དྲང་ཕྱོགས་སུ་ལས་པའི་བྱེད་ནུས་རེད། ང་ཚོ་དགའ་འོས་པ་དང་ང་ཚོས་བསྟོད་འོས་པ་ཞིག་རེད།
འོན་ཀྱང་རླང་འཁོར་གྱི་དེ་བཞིན་མེས་པོ་ཚོར་ཡོང་མི་མྱོང་བ་དང་ཡོང་མི་སྲིད་པ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་དང་རྐྱེན་ངན་ཡང་རླང་འཁོར་སྤྱོད་སྒོ་ཆེ་བའི་དུས་རབས་འདིར་ལྷག་གི་ཡོད། རླང་འཁོར་དོན་རྐྱེན་གྱི་འོག་ཏུ་ཤི་རྨས་བྱུང་བ། ཐ་ན་མི་ཚེ་གཅིག་རྐང་ལག་ཞ་བ་དང་དབང་པོ་སྐྱོན་ཅན་དུ་གྱུར་པ་གྲངས་ལས་འདས་པ་ཞིག་ཡོད།
རླང་འཁོར་དོན་རྐྱེན་ནི་གཙོ་བོ། ༼རླང་འཁོར་མང་བ།༽རླང་འཁོར་མང་དུ་འགྲོ་རྒྱུ་དེ་འགོག་ཐབས་མེད་པའི་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་དངོས་ཤིག་ཡིན་གྱི་རེད། ༼གཞུང་ལམ་ལེགས་པས་མྱུར་བགྲོད་བྱེད་བདེ་བ།༽རླང་འཁོར་གྱི་བགྲོད་ལམ་འཇམ་ཤ་དོད་པའི་སྣུམ་ནག་གཞུང་ལམ་གྱི་བསྐྲུན་དགོས་པའང་དགོས་པ་ངེས་ཅན་ཞིག་ཡོད་ཀྱི་རེད། ༼རླང་འཁོར་གྱི་སྤུས་ཞན་པ།༽རླང་འཁོར་ལའང་འཕྲུལ་འགུལ་མ་ལག་ལེགས་ཉེས་སྣ་ཚོགས་ཡོག་རེད། དེ་ཚོའང་རླང་འཁོར་དོན་རྐྱེན་གྱི་རྒྱུ་རྐྱེན་མི་ཆུང་བ་ཞིག་ཡིན་སྲིད། འོན་ཀྱང་རླང་འཁོར་དོན་རྐྱེན་གྱི་བརྒྱ་ཆའི་ཕྱེད་ཀ་ཡན་ནི་ཁ་ལོ་བ་ཚོས་གཟབ་ནན་མ་བྱས་པའི་རང་ངོས་ཀྱི་རྒྱུ་རྐྱེན་ཁོ་ནས་བཟོ་གྱི་ཡོད། དེ་ཡང་གཙོ་བོ་གཅིག་ཁ་ལོ་བས་རང་གི་སྒོ་གསུམ་རྣམ་གཡེང་ངམ་བག་ཡངས་སུ་བཏང་ནས་མྱུར་བགྲོད་ཀྱི་རླང་འཁོར་རྡུང་ག་བྱེད་པ། ཡང་ན་གཡང་ལ་མཆོངས་པ། གཙོ་ཆེ་བ་གཞན་ཞིག་ནི་ཁ་ལོ་བའི་ཀུན་སྤྱོད་ཀྱི་མི་འདང་བ། དེ་གཙོ་བོ་རང་རྒྱུད་རྩུབ་པའི་༼གནག་སེམས་༽དབང་གི་གཞན་རླང་འཁོར་གྱི་མ་འགྲིག་པ་དང་འགྲིམ་འགྲུལ་འགལ་འཛོལ་བྱས་པར་བཟོད་མི་ཐུབ་པར་རང་ངོས་ནས་དོན་རྐྱེན་འགོག་ཐབས་དང་གཡོལ་ཐབས་མི་བྱེད་པར་ཚེ་སྲོག་ལ་རྒོལ་བའི་གནད་དོན་བཟོ་བ། གསུམ་ནི་རླང་འཁོར་ཁ་ལོ་བྱེད་པའི་ལག་རྩལ་མེད་པས་རྩེད་མཚར་གྱི་རླང་འཁོར་གཏོང་ཁ་བྱེད་པ་སོགས་ཡིན་བསམ།
འདིར་དྲན་སྐུལ་ཞུ་རྒྱུ་ཅི་ཡིན་ཟེར་ན། སྙིང་ཉེ་བའི་ཁ་ལོ་བ་ཚོས་རླང་འཁོར་འཇུ་གཏོང་བྱེད་སྐབས་རླང་འཁོར་གཏོང་ཁ་འབྱེད་པའི་སྐབས་དེ་ནས་དམ་བཅའ་བརྟན་པོ་ཞིག་འཇོག་རོགས་ཞུ་རྒྱུ་ཡིན། རང་གཞན་ཀུན་གྱི་ལུས་སྲོག་གི་བདེ་འཇགས་སྲུང་ཕྱིར་རླང་འཁོར་མྱུར་ཚད་དང་དང་ལྗིད་ཐེག་སོགས་ཁྲིམས་དང་ཚན་རིག་གི་དོ་དམ་གཏན་འབེབས་ལས་མི་འགལ་བྱ་རྒྱུ་དང་། འབྲས་བུར་སྔོན་དཔག་བྱས་ནས་དེའི་རྒྱུ་རྐྱེན་སེལ་ཐབས་བྱེད་པ་དེའང་རང་གཞན་ཀུན་ལ་སྨན་པའི་བསམ་སྤྱོད་བཟང་པོ་ཞིག་བཟུང་ནས་རླང་འཁོར་དོན་རྐྱེན་མི་ལྷག་པ་བྱ་རྒྱུ། རླང་འཁོར་གཏོང་སྐབས་རང་གི་བདེ་འཇགས་ལྟག་རྒྱབ་ཏུ་གཡུག་ཏེ་མགྲོགས་ཚད་དང་ཤུགས་ཚད་ཀྱི་འགྲན་བསྡུར་བྱེད་པའི་ཞེ་སྡང་གི་བསམ་པ་མི་སྐྱེ་བ་བྱེད་རྒྱུ། འདི་དག་ཕུད་པའི་ནམ་རྒྱུན་རང་རང་གི་དོན་རྐྱེན་འགོག་ཐབས་ཀྱི་བྱ་ཐབས་ཡག་པ་ཅི་རིག་སྤྱད་དེ་རླང་འཁོར་དོན་རྐྱེན་མི་ལྷག་པའི་གོམས་འདྲིས་ཡག་པོ་ཞིག་ཆགས་པའི་ཆོད་སེམས་འཛུགས་དགོས།
ཁ་ལོ་བ། གཡུ་མཚོའི་རྣམ་ཤེས་ཀྱིས་གང་དྲན་དུ་བྲིས་པ་དགེའོ། ། ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=759
ཉེ་མཆན།