དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཚང་ལ་བགྲོ་གླེང་དུ་ཕུལ་བའི་གཏམ།
ཚེ་རིག་པ།
དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལ་བགྲོ་གླེང་བྱ་བ་འདི་ལྟ་སྟེ། ལྷ་རི་བ་དང་གསེར་རྟའི་རྩིས་རམས་པའི་བར་ལ་རིག་པའི་བགྲོ་གླེང་གནང་བ་ཁ་སྔོན་དྲ་ཐོག་ནས་མཐོང་ཞིང་། དེ་ཡང་རེབ་གོང་གི་ལྷ་རི་བ་དང་བགྲོ་གླེང་གནང་བ་དེ་སུ་འགྲིག་ཡོད་པ་དང་སུ་མ་འགྲིག་པ་ཀུན་གྱིས་ཤེས་སླ་སྟེ། ཁྱེད་རང་ནོངས་འདུག དེ་ལ་དང་ལེན་མེད་པར་འཁྱོག་བཤད་གནང་བ་ཁྱེད་ཀྱིས་ནོར་འཁྲུལ་རེད། ལྷ་རི་བས་མ་བཤད་ན་སྐྱོན་དུ་མི་འགྱུར་བ་དང་བཤད་ན་སྐྱོན་དུ་སོང་བ་ཞིག་ཡིན་ན་ཁྱེད་ལ་ཁག་མེད་མོད། དེ་འདྲ་ག་ལ་ཡིན། ཁྱེད་ཀྱིས་འུ་ཚུགས་བསྐྱོན་ནས་ཀ་རེ་ཀོ་རེ་མང་པོ་གསུངས་པ་ཞལ་སྐྱེངས་ནས་འདུག་མ་ཚུགས་པར་མངོན། རིག་པའི་བགྲོ་གླེང་བྱ་བ་ལ་སུ་ཡིན་རུང་རང་ཉིད་ནོར་ཡོད་ན་ཁས་ལེན་པ་ལས་ངོ་ག་ལ་ཚ་དགོས། བགྲོ་གླེང་གནང་བ་ནི་རང་གཞན་གྱི་བློ་གྲོས་འཕེལ་བའི་ཆེད་དུ་དང་རིག་ཚུལ་རྣམ་པར་དག་པའི་ཆེད་དུ་མ་ཡིན་ནམ།
གཉིས་པ་གསེར་རྟའི་རྩིས་རམས་པ་དང་ངན་པ་དགུ་འཛོམས་ཀྱི་སྐོར་གླེང་བ་ནི། དེ་ཡང་ཁྱེད་ནོར་ཡོད་དེ། བོད་ཀྱི་འབྱུང་རྩིས་ནི་རྒྱ་ནག་ནས་བསྒྱུར་ནས་བོད་དུ་དར་བར་ལ། ནང་དུ་རྒྱ་ནག་གི་ཐ་སྙད་དང་ནང་དོན་སྐོར་ལས་ཡོད། སྤྱིར་རིག་གཞུང་གང་ཞིག་རང་ལ་མེད་པའམ་ཆ་མི་ཚང་བ་གང་ཡང་སློབ་སྦྱོང་དང་ཡར་རྒྱས་གཏོང་སྟངས་ནི་དང་པོ་གཞན་ལ་བསླབས་ཤིང་། བར་དུ་ཁ་གསབ་བྱེད་པ། ཐ་མ་རང་གི་ཁྱད་ཆོས་ཐོན་པ་ནི་ཐུན་མོང་གི་འགྲོ་སྟངས་ཤིག་རེད། བོད་ཀྱི་འབྱུང་རྩིས་ཀྱི་འབྱུང་ཁུངས་རྒྱ་ནག་རེད་མོད། གོང་དུ་བཤད་པའི་རིམ་པ་དེ་དག་སོང་ནས་རང་གི་ཁྱད་ཆོས་འབུར་དུ་ཐོན་ཡོད། དེ་ཡིན་ཏེ་བོད་ཀྱི་གཞུང་རྒྱ་ཡིག་གི་རྩིས་གཞུང་དང་བསྡུར་ན་ཤེས་ཐུབ་པར་འདུག འབྱུང་རྩིས་ཀྱི་གྲུབ་ཆའི་ངོས་ནས་ཞིབ་འཇུག་བྱེད་པ་ནི་མི་འོས་པ་མ་རེད་མོད། རང་འདོད་ཀྱིས་འདོར་ལེན་བྱེད་ཁུལ་ནི་གནད་མ་གོ་བ་ཆེན་པོ་རེད། འབྱུང་རྩིས་ནི་སྲོལ་རྒྱུན་གྱི་རིག་གནས་གཙོ་བོ་འཇིག་རྟེན་ཀུན་རྫོབ་ཀྱི་བསམ་བློ་རྣམ་རྟོག་ཅན་རྗེས་སུ་འཛིན་པའི་རིག་པ་ཞིག་རེད། དེ་ལ་རྨིངས་དད་དང་ཚན་རིག་གི་དབྱེ་བ་འབྱེད་ཁུལ་གྱིས་འདོར་ལེན་བྱས་ན་རྣམ་གཞག་འཐོར་འགྲོ་ལ་རྒྱུ་མཚན་འཐད་ལྡན་འདྲེན་དཀའ། ད་དོན་གྱི་གཙོ་བོ་བཤད་པ་ལ། རྒྱ་ནག་གི་ཞིང་རྩིས་ལ་ངན་པ་དགུ་འཛོམས་ཟེར་བ་ཞིག་མེད། རྒྱ་ནག་གི་ཞིང་རྩིས་ལ་སྤྱིའི་ཆ་ནས་ཉིན་ནག་དང་དང་ཟླ་ནག་ལོ་ནག་ཟེར་བ་མེད། ཚེས་ཀྱི་བཟང་ངན་བརྩི་ཚུལ་ཉི་མ་གཅིག་ལ་དུས་ཚོད་བཟང་ངན་གྱི་ཁྱད་པར་འབྱེད་ཚུལ་ཞིག་ཡོད། དུས་ཚོད་ངན་པ་དེ་ལ་སྤྱིའི་དུས་ངན་པ་དང་། མི་སྒེར་གྱི་ལོ་རིས་དང་ཉི་མ་དེའི་ལོ་རིས་གང་ཁེལ་དང་བདུན་ཟུར་ཁེལ་བ་ལ་སྒེར་གྱི་ཉིན་ངན་པར་བརྩི་སྲོལ་མ་གཏོགས་མེད། རྒྱའི་ས་དཔྱད་བརྟག་ཐབས་ཀྱི་ནང་དུ་ཅུའུ་ཧྲ་ཟེར་བ་བོད་སྐད་དུ་བསྒྱུར་ན་མི་ཤིས་པ་དགུ་ཟེར་བ། ས་དཔྱད་མི་དགེ་བ་དགུ་ལ་ཟེར་བ་ཞིག་ཡོད། འོན་ཀྱང་འདིར་བཤད་པ་དང་འབྲེལ་བ་མེད། འདི་དག་རྒྱ་ཡིག་གི་འབྲེལ་ཡོད་དཔྱད་གཞིར་ཡོད། དེ་དག་ལ་ལྟ་བའི་སྤོབས་པ་མེད་ན་རྒྱ་དེའི་སྐོར་ཤེས་མཁན་མཁས་པ་ལ་དྲིས་ན་ཤེས་ཐུབ། ཁྱེད་ཀྱིས་གོང་དུ་རྒྱ་མིའི་ལས་རོགས་ལས་ངན་པ་དགུ་འཛོམས་རྒྱའི་ལུགས་སྲོལ་ཡིན་པར་གོ་བ་ནི་ནོར་བའམ། གཞན་ཅི་ཞིག་ཡིན་པར་ཟད་དོ། ཁྱེད་ཀྱིས་རྒྱ་རྩིས་བོད་དུ་བསྒྱུར་བ། སྔ་ཤོས་དུས་རབས་བཅུ་བདུན་བཅུ་བརྒྱད་དུ་ཡིན་ངེས་པའི་དཔེ་ཆའི་ནང་དུ་ངན་པ་ངན་འཛོམས་ཀྱི་སྐོར་མཐོང་རྒྱུ་འདུག་ཟེར་བ་དེ། ཅིའི་ཕྱིར་རྩིས་རམས་པའི་བརྒལ་ལེན་དུ་མ་བཀོད། རྩིས་རམས་པས་ཁྱེད་ལ་དེའི་སྐོར་ར་འཕྲོད་དགོས་པ་མ་གསུངས་སམ། ད་རེས་རྩོད་གཞི་གཙོ་བོ་ངན་པ་དགུ་འཛོམས་རྒྱ་བོད་གང་གི་ལུགས་ཡིན་པའི་སྐོར་རེད། ཁྱེད་དེ་རྒྱ་ལུགས་སུ་ཐག་གཅོད་མཁན་གྱིས་དེ་རྒྱ་ལུགས་སུ་ར་འཕྲོད་པའི་དཔང་རྟགས་མི་འདོན་པར་ཉོག་བཤད་མང་པོ་བྱས་པ་གནད་དོན་ལས་འབྱོལ་གྱིན་ཡོད་པ་མིན་ན་ཅི་རེད། ཡང་རྩིས་རམས་པའི་བརྒལ་ལེན་དུམ་བུ་བཞི་བར། ཁྱེད་ཀྱིིས་ངན་པ་དགུ་འཛོམས་རྒྱ་ནག་གི་ལུགས་ཡིན་པའི་ཤེས་བྱེད། རྩིས་རམས་པས་བེཻ་དཀར་ནས་ལུང་དྲངས་པའི་ངན་པ་དགུ་འཛོམས་ཀྱི་སྐོར་དེ་དང་། བེཻ་དཀར་དུ་ས་བདག་གི་ཤོག་ཁྲར་ས་བདག་གི་མིང་འགའ་རེ་རྒྱ་སྐད་སོར་བཞག་བྱས་པ་དེ་དག་ཡིན་ཟེར་བ་ལས་གཞན་བཤད་རྒྱུ་མེད་པ་དེས། རང་གི་རྫུན་ཁུངས་རང་གིས་བརྟོལ་འདུག ཁྱེད་ཀྱིས་དོན་ངོ་མ་བེེཻ་དཀར་གྱི་ས་བདག་གི་ཤོག་ཁྲར་ས་བདག་གི་མིང་རྒྱ་སྐད་ཡིན་པ་འགའ་རེ་མཐོང་བས། འོལ་ཚོད་བྱས་ནས་ངན་པ་དགུ་འཛོམས་རྒྱ་ནག་གི་ལུགས་སྲོལ་ཡིན་པར་ཐག་བཅད་པར་སྣང་ངོ། ས་བདག་གི་མིང་འགའ་རེ་རྒྱ་སྐད་ཡིན་པར་མཐོང་ནས་ངན་པ་དགུ་འཛོམས་རྒྱའི་ལུགས་སྲོལ་དུ་ཐག་བཅད་པ་དངོས་གནས་ཁྱེད་རང་ཉིད་ཀྱིས་གསུངས་པ་
ལྟར་ཀླད་རྩ་ལ་སྐྱོན་ཤོར་བ་མ་ཡིན་ན་ཅི་ཡིན། གཞན་ཡང་རྩིས་རམས་པས་གསུངས་པའི་དགོངས་འདུས་སྐར་མཛོད་གཏེར་ནས་འདོན་མཁན་གྱི་སངས་རྒྱས་གླིང་པ་ཁྱེད་ཀྱིས་ཨོ་རྒྱན་གླིང་པར་ནོར་ནས་ཉོག་བཤད་མང་པོ་བྱས་པ་ལ་ལེན་འདེབས་མི་དགོས་པར་འདུག་ལ། གཞན་རྒྱ་རྩིས་འཁྲུལ་པ་ཅན་བོད་དུ་བསྒྱུར་བའི་བཤད་སྲོལ་གྱི་རྒྱབ་བརྟེེན་ལ་དབོན་པོ་ཀརྨ་ངེས་ལེགས་ཀྱི་གསུང་ཁུངས་སུ་དྲངས་པའི་ཚིག་དེ་དག་དོན་ལ་མི་གནས་ཏེ། དེར་བཤད་པའི་བོད་རྩིས་འཁྲུལ་བ་ཅན་དུ་རྒྱ་དང་མི་མཐུན་པར་སྟག་ཟླ་ཧོར་ཟླ་བཅུ་གཉིས་པར་བྱས་པ་རེད་ཟེར་བའི་ལུང་དེ་ལས་དཔགས་ཐུབ་ཏེ། བཤད་ཚུལ་དེ་ནོར་ཡོད། དེང་སང་རྒྱ་ནག་ཞིང་རྩིས་ལ་ཧོར་ཟླ་བཅུ་གཉིས་སྟག་ཟླར་རྩི་གིན་ཡོད། ཡིད་མི་ཆེས་ན་གཞན་ལ་དྲིས་དང་ཐེ་ཚོམ་ཆོད་ཡོང་། དེའི་ཕྱིར་ལུང་དེ་ནི་ལུགས་མ་འདྲ་བ་ཞིག་མཐོང་བས་སྔར་མ་ལ་བལྟོས་ནས་གཅིག་ཤོས་མིན་པར་ཁ་ཚོན་བཅད་པར་ཟད་དོ། རྒྱ་རྩིས་སུ་རང་ལུགས་ཀྱི་ཟླ་བ་བཅུ་གཉིས་པའི་དཔྱིད་ཟུག་པ་ནས་སྟག་ཟླར་འཕོས་པ་ཡིན་ཞིང་བོད་ཀྱི་ཧོ་ཟླ་བཅུ་གཉིས་པར་ཁེལ་ཡོད། བོད་ཀྱི་འབྱུང་རྩིས་ལ་སྟག་ཟླ་ཟླ་བ་བཅུ་གཅིག་པ་དང་བཅུ་གཉིས་པ། དང་པོར་རྩི་བའི་སྲོལ་གསུམ་ཡོད། དེ་དག་རྒྱ་ལུགས་གི་རྗེས་སུ་འབྲངས་པར་སྣང་སྟེ། ལོ་མགོ་བཟུང་ཚུལ་མི་འདྲ་བ་ལ་ལོ་གསར་བའི་ལོ་རིས་སྟག་ཏུ་
མི་འགྱུར་བར་བཟུང་འདོད་པས་བྱས་པར་སྣང་སྟེ། དེང་སང་ཞིང་རྩིས་ལ་ཟླ་བ་བཅུ་གཉིས་པ་སྟག་ཟླར་གཏན་ཁེལ་བྱས་ཀྱང་། དམངས་ཁྲོད་དུ་ཟླ་བ་དང་པོ་སྟག་ཟླར་བྱེད་ཚུལ་འདུག ཟླ་བ་བཅུ་གཅིག་པ་སྟག་ཟླར་བྱས་པའི་ཁུངས་མ་རྙེད་མོད། གནའ་རབས་ལོ་མགོ་ཟླ་བ་བཅུ་གཅིག་པར་བྱེད་སྲོལ་འདུག་པས། དེས་ན་གོང་གི་འགྲོས་ལས་ཟླ་རིས་སྟག་ཏུ་བྱེད་སྲོལ་མི་སྲིད་པ་མིན་པ་ཤེས་ཐུབ་ཅིང་། ད་དུང་ལོ་མགོ་ཟླ་བ་བཅུ་བར་བྱེད་སྲོལ་ཡང་འདུག་གོ དེས་ན་གཅིག་མཐོང་བ་དེ་ཚད་གཞིར་བཟུང་ནས་གཞན་དེ་དང་མི་འདྲ་བ་ཞིག་མཐོང་ཚེ་དེ་ནོར་བར་མཐའ་གཅིག་ཏུ་བཟུང་དུ་མེད་དོ།གཞན་ཀོང་སྤྲུལ་གྱིས་གསུངས་པའི་རྒྱ་རྩིས་འཁྲུལ་པ་ཅན་བོད་དུ་བྱུང་བའི་སྐོར་ལ། ཁོང་གི་གསུང་དེ་སྔར་གྱི་བཤད་ཚུལ་ཞིག་དྲངས་པ་མ་གཏོགས་རྒྱུ་མཚན་གསལ་པོ་བཤད་མེད་ཅིང་། བཤད་ཚུལ་དེ་ལ་ངེས་པ་མེད་དེ། གཅིག་ད་ལྟ་གོང་དུ་བཤད་པ་དེས་ཤེས་ལ། གཉིས་སུ་བོད་ལ་རྩིས་མཁས་མང་པོ་བྱུང་རྣམས་ཀྱི་དེ་འདྲ་གསུངས་མེད། གསུམ་དུ་ཡུན་རིང་ལག་ལེན་བྱས་པའི་ཁྲོད་ནས་གཞུང་ལ་ནོར་འཁྲུལ་ཡོད་པ་ཞིག་ར་སྤྲད་མེད། བཞི་ལ་དེང་སང་རྒྱ་ནག་གི་རྩིས་གཞུང་དང་བསྡུར་ན། རྨང་གཞིའི་སྤྱི་དོན་དང་བཤེར་ལུགས་ཀྱི་འགྲོས་ཐོད་ཐུག་པར་འདུག་གོ གོང་སོང་གིས་ཁྱེད་ཀྱི་འཁྲུལ་བ་མ་ལུས་པར་སེལ་ཡོད། ཐུགས་བསམ་གནང་རོགས་ཞུ། ཁྱེད་དུས་ཀུན་དུ་སྐུ་ཁམས་བདེ་བར་སྨོན།
ཞེས་ལྷ་སར་བསྡད་པའི་ཚེ་རིག་པ་དྲ་མིང་ཏུ་ཚངས་དབྱངས་སུ་འབོད་པས་བྱས་སོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=754
ཉེ་མཆན།