ཀླད་ཁུས་བརྩམས།
.
ཁོ་བོ་ནི་ནམ་རྒྱུན་ཕྱི་རོལ་གྱི་ཀུ་ཅོ་དང་ཆོམ་སྒྲའི་ནད་རོ་ལ་ཧ་ཅང་ཞེད་པས་སྒོ་ཕྱི་ལ་འབུད་རྒྱུ་ཧ་ཅང་ཉུང་མོད། འོན་ཀྱང་ཉིན་ཞག་འདི་དག་གི་རིང་ལ་མལ་ཁང་ནག་དུབ་དེའི་ནང་དུ་རང་ཉིད་བསྐུངས་དྲག་པའི་དབང་གིས་སེམས་ཁམས་མི་དྭངས་ཤིང་ཁྲག་ལམ་ཡང་མི་བདེ་བར་གྱུར་སོང་། དེ་བས་ཆེས་མཐའ་མཇུག་གི་ཚིག་ཇ་ཕོར་བ་གང་དེ་འཐུང་དུ་འབྱོར། མ་གཞི་གནས་འདི་རུ་ཟི་ལིང་ནས་འབྱོང་བའི་ལམ་ཁ་ཞིག་ནས་ཆེས་མཐའ་མཇུག་གི་ཚིག་ཇ་འདིའི་བྲོ་བ་དང་མངར་སྐྱུར་ཚོར་ཡོད་ལ། ད་དུང་དེའི་ཕར་ཀར་སྦས་པའི་སེམས་ཀྱི་ནམ་མཁའ་ཕྱེད་ཀ་ཞིག་ཀྱང་དྲན་གསོ་ཤོར་ཡོད། ཡང་ན་དེ་རིང་གི་ཚིག་ཇ་འདི་ཁ་ལ་བསྐྱུར་ཅིང་མིད་པའི་རྩ་སྣེ་རེ་རེ་ན་སྐྱུར་ཏོག་གི་ཕུང་པོ་འདུས་པ་དང་ཅི་ནས་མཚུངས་བར་ལྕེ་དབང་སྦྲིད་དེ་མིག་ཀྱང་རབ་རིབ་ཏུ་བསྒྱུར། མ་ཟད་ཚིག་ཇ་ཁང་འདི་སྔར་ལྟར་ལྷིང་འཇགས་སུ་མེད་པར་གནམ་ས་གཉིས་ཀ་རླངས་འཁོར་བགྲོད་པའི་ཆོམ་སྒྲ་དང་མི་ཚོགས་ཀྱི་ཀུ་ཅོས་ཁེངས་འདུག ཅི་བྱ་གཏོལ་མེད་དུ་གྱུར་པའི་ང་རང་གཅིག་པུར་མུན་པའི་ཁུང་བུ་རུ་གབ་པའི་ཚུལ་གྱིས་བསྡད་དེ་ཆེས་མཐའ་མཇུག་གི་ཚིག་ཇ་འདི་ཇི་ལྟར་བཏུང་དགོས་པའི་མནོ་བསམ་ཀློང་དུ་འཁུམས་ཤིང་། ཚིག་ཇ་འདི་ཆེས་མཐའ་མཇུག་གི་ཚིག་ཇ་ཡིན་པ་ངེས་ཤེས་དྲོངས། ཧ་ཅང་གཟབ་ནན་དང་དོ་དན་གྱིས་ཁོ་བོ་དང་ཇ་ཁང་མ་གཉིས་ཀྱི་ཁ་བརྡ་བར་ནས་ཡུལ་ལྗོངས་མིག་ལམ་དུ་ཤར་ནུས་པའི་གཏམ་རྒྱུད་ཅིག་འདི་ལྟར་བཤད་མགོ་བརྩམས།
བྲེལ་བྲེལ་ཟིང་ཟིང་གི་མི་ཚོགས་ཀྱི་འདུ་འགོད་ཀློང་ནས་སྙན་ངག་གཅིག་པུ་ལ་རྣམ་ཤེས་ཀྱི་སྐུད་པ་བསླེས་ཤིང་། མི་ཚེ་གང་བོར་ཁེར་རྐྱང་དང་སྡུག་ཡུས་མཛེས་སྡུག་ཏུ་སྒོམ་པའི་སྙན་ངག་པ་དེ་ཟི་ལིང་ནས་ལམ་ལ་ཆས་ཏེ་མདོ་སྨད་རེབ་གོང་ཕྱོགས་སུ་ཆས་སོང་། གོམ་པའི་རྨ་ཁ་རེ་རེའི་སྟེང་དུ་རོལ་དབྱངས་ཀྱི་རྒྱུད་སྐུད་བཅད་པའི་སྙན་ངག་རེས་རང་ཉིད་ལ་མེ་ལོང་བཟོ་བ་ནི་ཁོ་རང་གི་འཚོ་བའི་ཆེས་གྲུབ་ཆ་ཆེ་ཤོས་ཤིག་ཡིན་སྟབས། རླངས་འཁོར་དུ་བསྡད་མ་ཐག་ནས་(ལམ་ཐུག་བུ་མོ་)ཞེས་པའི་སྙན་ངག་ཅིག་གིས་འགྲུལ་བཞུད་ཀྱི་མགོ་བརྩམས་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་བུ་མོ་ཞིག་དང་ལྷན་དུ་འདུག་སྟེགས་ལྷན་དུ་ཁེལ་ཏེ་མོས་སྙན་ངག་འབྲི་སའི་ཁ་པར་གྱི་འཆར་ངོར་ཅེར་ནས་ཡུན་རིང་ལ་ཧད་སོང་། སྙན་ངག་པའི་སེམས་སུ་བུ་མོ་འདི་ནི་ངའི་སྙན་ངག་འདིར་བློ་བབས་འདུག་སྙམ་གྱིན་ཁ་ཅི་ཡང་མི་གྲག་པར་རིམ་གྱིས་དཔེ་ཀློག་ལ་འཇུག་པར་བྱས། འོན་ཀྱང་ཕན་ཚུན་ཚོར་སྣང་ཞིག་ལ་གཅིག་གིས་གཅིག་ལ་ལྐོག་ལྟ་བྱས་ཡོད་པ་དང་འདྲ་ལ། རྒྱུས་མེད་ཀྱི་མིག་ཟུང་ཀློང་དུ་སུས་ཀྱང་གོ་བ་མི་ལོན་པའི་ཐ་སྙད་མང་པོ་འཚང་ཁ་རྒྱག་གིན་པ་དང་ཧ་ཅང་འདྲ་བར་བསྡད། སྙན་ངག་པས་ལམ་ཐུག་བུ་མོ་ཞེས་པའི་སྒེར་གྱི་ཡིད་བརྙན་དེར་བསམ་བློ་བཏང་དོན། ཡིད་བརྙན་ནི་ཁ་དོག་སྣ་ཚོགས་བསྡེབས་པའི་རི་མོ་ཞིག་དང་མཚུངས་ཤིང་མི་སྒེར་ཡིད་བརྙན་ནི་དེ་བས་ཀྱང་ཧ་ཅང་གོ་ཡུལ་མོད་པས། ངའི་ལམ་ཐུག་བུ་མོ་ནི་ཧ་ཅང་མཐའ་ཡངས་བའི་ཡིད་བརྙན་དང་བརྗོད་བྱ་ཞིག་ཡིན་དགོས་སྙམ་གྱིན་བྲིས་ཀྱང་། སྙན་ངག་གི་མཇུག་ཏུ་ཐོན་ཏེ་ཕྱིར་ཀློག་ཅིག་བྱས་ན་ཏག་ཏག་བརྩེ་དུང་གི་སྙན་ངག་ཅིག་དང་ཆགས་སྲེད་ལས་ཀྱང་གཏིང་ཟབས་པའི་སྐད་ཆ་ཞིག་ལ་གྱུར་འདུག དེ་དུས་རང་དབང་མེད་པར་རང་གི་སེམས་པ་འདི་ལག་པས་དོམ་པོར་འཇུས་ཏེ་ལྷོད་ཡངས་ལྡན་ཞིང་འཛུམ་མདངས་ཀྱིས་མེ་ཏོག་བཅོམ་པའི་བུ་མོ་དེར་ལྟ་དགོས་ཐུག དེ་ནི་སྙན་ངག་པ་ཞིག་ལ་མཚོན་ན་སྙན་ངག་ལས་སྙན་ངག་གཞན་ཞིག་གི་ཡུལ་ལྗོངས་རྙེད་ཚུལ་ཞིག་ཅི་ལ་མིན་ཏེ་ལོས་ཡིན། ཡང་ན་པར་རིས་ངོས་ནས་རྙེད་པའི་བསྐལ་པ་སྔོན་མ་ཞིག་གི་ཆུང་མ་དེ་སླར་ཡང་རང་ཉིད་ལ་འཕྲད་པའི་ཚོར་སྣང་གིས་སྙན་ངག་དེ་ཡང་ཡང་བཀླགས། འོན་ཀྱང་བུ་མོས་ཉི་འོད་ཀྱིས་རྨིག་རྒྱུ་སྐམ་པ་བཞིན་སྒེའུ་ཁུང་གི་ཟུར་འགྲམ་ན་སེམས་ཀྱི་སྣང་བ་ཞིག་རླུང་གི་ཨམ་ཅོག་ཏུ་བསྙབས་ཏེ་དོག་བདེ་བའི་ཚུལ་གྱིས་བསྡད་ཅིང་། འདུག་སྟེགས་ཀྱི་སྟེང་ནས་རིམ་གྱིས་ཕར་ཕར་ནུད་དེ་ཇེ་ཆུང་ནས་ཇེ་ཆུང་དང་ཇེ་ཆེ་ནས་ཇེ་ཆེར་གྱུར།
དུས་ཚོད་འགའ་ཡི་ལམ་ཐག་དེ་ནི་གསང་བ་ཁྲི་སྟོང་དུ་མས་བཅས་པའི་རྫ་བུམ་ཞིག་དང་ཧ་ཅང་འདྲ་བར་བསྲིངས་ན་ཡང་། ཁོང་གཉིས་ཀྱི་སེམས་སུ་ཧ་ཅང་གསལ་བོར་ཡིན་པ་ནི་རྒྱུས་མེད་ཀྱི་མིག་ཟུང་ལ་འཕྲོད་པའི་སྐད་ཆ་འགའ་ཤས་དེ་རེད། དེ་བས་གློར་བུར་སྙན་ངག་པའི་རྒྱབ་ཏུ་བསྡད་པའི་རྒྱ་མ་བོད་ཀྱི་བུད་མེད་ཅིག་གིས་བོད་སྐད་དང་རྒྱ་སྐད་འདྲེས་མ་ཤིག་གིས། ཁྱོད་གང་གི་ཡིན། གང་དུ་འགྲོ་ཞེས་དྲིས་སོང་། མ་ཟད་ཁྱོད་རང་དངོས་གནས་ཧ་ཅང་དུས་ཚོད་དོམ་འཛིན་བྱེད་མཁན་ཞིག་རེད། མ་ཟད་བོད་ཡིག་གཞིར་བྱས་རྒྱ་ཡིག་འདི་འདྲ་གཏིང་ཟབ་པོར་བལྟ་ཐུབ་པ་དང་ང་ཚོ་ཡིན་ཡང་འདི་དག་གོ་བ་ཡག་པོ་ལོན་དཀའ་ཟེར་བཞིན་སྙན་ངག་པའི་པང་ཐོག་གི་རྒྱ་ཡིག་གི་དཔེ་དེབ་(གྷི་རི་སིའི་ལྷ་སྒྲུང་)希腊神话ཞེས་པ་དེ་བླངས་ནས་ཤོག་བུ་ཡར་བསྒྱུར་མར་བསྒྱུར་བྱས་སོང་། ལན་དུ་ཧེ་ཧེ་ཧེ་ངས་ངོ་མ་ཡག་པོ་མི་ཤེས་འཛམ་གླིང་རང་བཞིན་ཅན་དང་མཚན་ཉིད་རིག་པའི་ཁོངས་གཏོགས་དང་། གཞན་རྩོམ་རིག་ལ་དགའ་བོར་ཡོད་པས་ཞ་ཞོར་ལ་སྦྱོང་བ་བྱས་པ་ཙམ་ཡིན། ང་ནི་ཁམས་ཕྱོགས་ནས་ཡོང་ཞིང་རེབ་གོང་ལ་འགྲོ་བ་ཡིན་མིང་ལ་( མུན་པ་བཀྲ་ཤིས་) ཟེར་ཞེས་བསྙད་སོང་། འོ་ཡ་ཡ་ང་ཁྱོད་ལྟ་བུའི་ན་གཞོན་དག་ལ་ཡིད་སྨོན་ཤོར་གྱི་འདུག་ཟེར་བས་སྙན་ངག་པས་ཚིག་གཅིག་ཀྱང་མི་བཤད་པར་གད་མོ་ལྷོད་པོ་ཞིག་བགད། དེ་ཞོར་མིག་ཟུར་ནས་བུ་མོ་དེའི་གདོང་ལ་བལྟས་པས་མོས་འདྲི་འདོད་པའི་སྐད་ཆ་འགའ་དྲིས་ཚར་སོང་བ་དང་འདྲ་བའི་རྣམ་འགྱུར་ཞིག་མངོན་འོང་ཞིང་། ད་དུང་འདྲི་རྟགས་དང་སྔར་ལྟར་རྒྱུས་མེད་ངོ་གདོང་གི་འཛུམ་མདངས་ཀྱིས་ཁོ་བོའི་གདོང་ལ་ཡང་ཡང་ལྟ། འོན་ཀྱང་སྙན་ངག་པར་མཚོན་ན་བུ་མོ་འདི་ནི་ཧ་ཅང་རྒྱུས་མེད་ནས་རྒྱུས་ཡོད་དུ་གྱུར་དགོས་པར་སྙམ་ན་ཡང་། མགོ་མཇུག་བར་གསུམ་དང་གོ་རིམ་རྩ་ནས་མེད་པའི་སྐད་ཆ་མང་པོ་ཞིག་གི་ཁོབ་ཏུ་བསྙལ་ཏེ་རྨོངས་པར་གྱུར་འདུག མ་ཟད་ཁོ་བོའི་སེམས་སུ་སྐད་ཆ་ནི་འགན་ཁུར་ལྕོགས་དགོས་པའི་ལག་པ་ཞིག་ཡིན་ལ། འགན་ཁུར་འདིའི་ཕར་རྒྱབ་ན་རླུང་གི་རི་བོ་དང་རཱོ་མ་ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་མང་པོའི་ལྷུ་ལག་ཡོད་པས་དེ་ཇི་ལྟར་མགོ་བརྩམ་དགོས་པ་མ་ཤེས། བསམ་གཞིག་དང་ཡིད་བརྙན་གྱི་ཀློང་དུ་ལྷུང་སྟེ་བུ་མོ་འདི་ནི་མགོ་མཇུག་ནོར་བའི་དོར་མ་དང་མི་ཚེའི་དྲན་གདུང་གི་མེ་ཏོག་རྐང་གཅིག་ཏུ་གྱུར།
མཛེས་སྡུག་དང་བསམ་གཞིག་གིས་སྦྲེལ་བའི་ལམ་ཐག་འདི་དེ་འདྲ་སླ་མོར་མཇུག་རྫོགས་འགྲོ་བར་མ་ཤེས་པར་རེབ་གོང་རླངས་འཁོར་ས་ཚིགས་སུ་འབྱོར་། དེ་བས་ཁོ་བོ་མྱུར་མོར་ཡར་ལངས་ཏེ་ཆེས་མཐའ་མཇུག་གི་སྐད་གདངས་དང་འཛུམ་མདངས་ཡིན་མིན་སྙམ་གྱིན་ཅ་ཁའི་སྒྲོམ་ལས་ཁོ་མོའི་དཔེ་ཁུག་དེ་བླངས་བས་ཁོ་མོས་སླར་ཡང་སྔར་དང་མི་འདྲ་བའི་ཧ་ཅང་ཆ་ཡོད་དུ་གྱུར་སོང་བར་སྣང་བའི་འཛུམས་མདངས་ཤིག་གིས་བཀའ་དྲིན་ཆེ་ཟེར་ཞོར་མགོ་བོ་སྨད་ཅིང་། ངོ་བསྐྱེངས་བའི་ཚུལ་དང་བཅས་ཏེ་མྱུར་མོར་རླངས་འཁོར་ལས་བབས་ཏེ་ལམ་ཆེན་ཞིག་གི་ཕར་མཐར་བགྲོད། འཛུམ་མདངས་དེ་ནི་ཧ་ཅང་བག་ཆགས་ཟབ་ཅིང་མི་ཚེ་ཞིག་གི་ཕྱི་དྲོར་ཐོན་ཏེ་རྒྱབ་གཟུགས་མཐའ་མ་ཞིག་ལ་འགྲེལ་བཤད་མ་ཕོག་པར་ལུས་པ་ལྟ་བུར་སྣང་ཞིང་། ཡང་ན་ཕྱིར་འཐེན་མེད་པའི་ཤོག་བྱའི་སྐུད་པ་ཆད་པ་ལྟ་བུའི་མིག་ཟུང་ཞིག་གིས་ཁོ་མོའི་རྒྱབ་ལ་ཡང་ཡང་བལྟས་ཀྱང་། རྒྱབ་གཟུགས་དེ་ནི་མེ་ཏོག་གི་ཐང་གཞུང་ནས་རྙེད་པའི་གཡུ་ཡི་རྣ་རྒྱན་དང་མཚུངས་ཤིང་། ཀོ་གྲུ་ཞིག་རླུང་གིས་བསྒུལ་བའི་འགུལ་ཡོམ་ཀློང་གི་སྣང་བ་ཚ་མོའི་མི་ཚེའི་མཛེས་སྡུག་དང་ཧ་ཅང་འདྲ། སྙན་ངག་པ་སྲང་ལམ་དེའི་ཁ་གཏད་ན་ཁ་ཅི་ཡང་མི་གྲག་པར་ཡུན་གྱིས་འགྲེང་སྟེ་རྨི་ལམ་ལྟ་བུའི་བདག་གི་ངོ་གདོང་ལ་ཕྱི་དྲོ་ཞིག་གི་ཉི་འོད་ཕོག་སོང་སྙམ། སྙན་ངག་པ་དེ་ལྟར་བསམ་གཞིག་གི་སྣེ་མོར་འཇུས་ཏེ་གནས་ཚང་དུ་འབྱོར། ནུབ་མོར་སེམས་དང་ཀླད་པའི་ཕྱི་ནང་ན་བུ་མོ་དེ་སྐབས་རེར་སྦྲུལ་འཁྱིལ་བ་ལྟར་འཆར་འོང་ལ་སྐབས་རེར་ཆར་ཞོད་བྱོ་བ་ལྟར་དྲན་འོང་པས་གཉིད་བདེ་མོ་ཞིག་ཡོང་མ་ཐུབ། དེ་བས་ཕྱི་ཉིན་རླངས་འཁོར་ས་ཚིགས་སུ་དྲན་པ་དམར་པོ་ཕྱི་སློག་བྱེད་པའམ་ལྟ་རུ་འགྲོ་དགོས་སྙམ་གྱིན་ཉལ་བར་བྱས། ཕྱི་ཉིན་ཞོགས་པར་སྨུག་སྤྲིན་དག་ད་དུམ་དང་ཡ་མེད་དུ་རྒྱུ་ཞིང་ཉི་འོད་ཀྱིས་ས་གཞི་ཡོངས་སུ་ཁེབས་ཀྱང་ཁ་སང་ཕྱི་དྲོ་ཡི་ལྗོན་ཤིང་དག་སྔར་ལྟར་གཉིད་དེ་བྱེའུ་རྣམས་ཀྱང་སྔར་ལྟར་སྡོང་མགོར་བབས་འདུག ཁ་ཕྱོགས་དང་དམིགས་ཡུལ་མེད་པར་ཐེ་ཚོམ་གྱིས་བབས་འདུག
ཉིན་གུང་ཡོལ་རྗེས་ཀྱི་དུས་ཚོད་ལྔ་དང་ཕྱེད་ཙམ་ནས་ཉི་འོད་ཀྱི་མཚམས་སུ་བརྐྱངས་བའི་རྐང་ལག་དག་སྔ་ལྟར་རྨ་ཁས་ཁེངས་ཤིང་། ཁ་སང་གི་རྒྱབ་གཟུགས་སུ་འཁྲུངས་པའི་མེ་ཏོག་རྨས་མ་དེས་ཀྱང་སྔར་ལྟར་ངུད་མོ་འཐེན་དྲག་པས་འདང་ནུབ་ཀྱི་འཆར་གཞི་ལྟར་རེབ་གོང་གི་རླངས་འཁོར་ས་ཚིགས་སུ་འཕངས་སེམས་ཤིག་གིས་ཁྲིད་སོང་། དེ་ལྟར་ཐོན་པས་ཡར་མར་ཞིབ་ཀྱིས་བལྟས་ཤིང་ཉན་རུང་སྒྲ་དང་མཐོང་ལམ་དག་རང་དང་འབྲེལ་བ་མེད་པ་ལྟ་བུར་སྣང་སྟེ་ཧ་ཅང་རྒྱུས་མེད་ཀྱིས་ཚོར་སྣང་སྐྱེས། གློག་བུར་སེམས་སུ་འཁོར་འོང་བ་ནི་ཁ་སང་གི་ཕྱི་དྲོ་ཞེས་པ་དེ་རེད། དེ་བས་སྙན་ངག་པས་ཁ་སང་ཞེས་པའི་མིང་ཚིག་ཅིག་གིས་དེ་རིང་གི་ཕྱི་དྲོ་འདི་རིམ་གྱིས་ངོ་ཤེས་སུ་བཅུག་པས། མི་ཚེ་ནི་ནམ་རྒྱུན་ཕྱི་དྲོའི་ས་སྲོད་ཀྱི་མཚམས་སུ་ཡོད་པར་སྣང་བ་དང་། ཁ་སང་གི་ཕྱི་དྲོ་དེ་དེའི་མཚོན་བྱེད་ཀྱི་མཛེས་དཔྱོད་ཀྱི་སྙིང་པོ་ཡིན་པར་སེམས། མ་ཟད་ད་དུང་ང་ལ་ཕྱི་དྲོ་ག་ཙམ་ཡོད་དམ་སྙམ་སྟེ་ཕྱི་དྲོ་དེ་ནི་ཁོ་བོར་མཚོན་ན་གལ་ཆེན་དུ་བརྩིས་འདུག ཡང་ན་ཁེར་རྐྱང་ངང་དུ་རེ་ཆད་རེ་སྡུག་གི་རྨི་ལམ་ནང་ནས་བུ་མོ་ཁྱོད་ཀྱི་འཛུམ་མདངས་སྔར་ལྟར་གསལ་ཞིང་། བརྩེ་དུང་ནས་དྲན་གདུང་དང་དྲན་གདུང་ནས་ཞེ་སྡང་དུ་གྱུར་འདུག དེ་ནི་ཁྱོད་ལ་བསྐྱུར་བའི་ཁ་སང་དང་ཕྱི་དྲོའི་བར་ཐག་རེད། དེ་ནས་སྙན་ངག་པས་ཕྱི་དྲོ་ཞེས་པའི་སྙན་ཚོམ་ཞིག་གིས་རེབ་གོང་རླངས་འཁོར་ས་ཚིགས་ལ་བདེ་མོ་བཞག་མོད། འོན་ཀྱང་བདེ་མོ་རྩ་ནས་འཇོག་མི་ཐུབ་པ་ནི་ཁོ་བོའི་སེམས་སུ་ལྷུང་བའི་མཛའ་ན་མོའི་ངོ་གདོང་དང་དེའི་ཕར་རྒྱབ་ཀྱི་ནགས་ཚལ་འཐུག་པོ་དེ་ཡིན་པ་འདྲ། དེ་བས་ཉིན་ལ་མཚན་འཐུད་དེ་མཚན་ལ་ཉིན་འཐུད་དེ་རྒྱུན་མ་ཆད་པར་ཆུ་བོའི་བཞུར་རྒྱུན་ཀློང་དུ་ཁོ་བོའི་དྲན་གདུང་དང་ཞེ་མདངས་སུ་འདྲེས།
རེབ་གོང་གི་ནམ་མཁའ་རུ་ལྡིང་བའི་སྤྲིན་པ་འདིས་སྙན་ངག་པར་མཆི་མ་ཀུ་བཞིན་པ་དང་འདྲ་ཞིང་། རླངས་འཁོར་ས་ཚིགས་སུ་འདུས་པའི་མི་ཚོགས་འདི་དག་གིས་སྙིང་དུ་སྡུག་པའི་བུ་མོ་དེའི་རྡོག་སྒྲ་དང་མཆུ་ཏོ་སྒུལ་བཞིན་པ་དང་འདྲ། རེབ་གོང་གསེར་མོ་ལྗོངས་ཀྱི་གྲིབ་མ་ལ་རིམ་གྱིས་གྱེས་ཏེ་ཕྱིར་བལྟས་མེད་པར་བུད་འགྲོ་བའི་སྙན་ངག་པའམ་མུན་པ་བཀྲ་ཤིས་ལ་མཚོན་ན། དྲན་པའི་ལྡེབས་རིས་ན་རླུང་གིས་བསྐྱོམས་པའི་དྲན་གདུང་ལྕི་མོ་དེ་ནི་སྐྱེ་བ་དུ་མར་བུ་ལོན་མ་སོད་པའི་རྣམ་སྨིན་ཞིག་དང་འདྲ་ཞིང་། རེབ་གོང་ནི་མི་ཡུལ་ལས་ཆེ་བའི་མྱ་ངམ་ཐང་ཆེན་ཞིག་ཏུ་སྣང་སྟེ་རིམ་གྱིས་རེབ་གོང་ཐག་རིང་དུ་ལུས་འགྲོ་བ་ནི་ཡོད་ཚད་བློས་གཏོང་བྱས་ཏེ་འཆི་བའི་སྒོ་ཁུང་དུ་འཛུལ་ཟིན་པ་ཅི་ནས་མཚུངས། དེ་བས་སྙན་ངག་པའི་སེམས་པས་ང་སོས་ཐེངས་ཤིག་གིས་རེབ་གོང་གི་ཟླ་བར་གྱུར་ཏེ་སྙིང་སྡུག་མའི་ཕྱི་ནང་ལ་འོད་སྣང་གིས་བརྩེ་དུང་དཀྲོལ་ཐུབ་པའི་སྨོན་ཞེས་སྨོན་པ་བྱེད་ཀྱིན་རྒྱང་རིང་ལ་བསྐྱོད། འོན་ཀྱང་རྒྱང་རིང་དུ་འགྲོ་བའི་མཚམས་ཚིགས་དག་ཏུ་སྙིང་སྡུག་མ་སྤྲིན་དང་ཉི་མའི་འོད་ཁྲུས་སུ་ཞུགས་ཏེ་ཁྱོད་རང་ནམ་ཞིག་ཕྱིར་རེབ་གོང་ལ་ཐེངས་འགའ་ལ་ལོག་ཡོང་བར་རེ་སྒུག་བྱེད་ཀྱིན་པ་ཡོངས་སུ་མཚུངས། དེ་བས་སྙན་ངག་པའི་ཡིད་བརྙན་གྱི་ཀློང་དུ་ཟགས་པའི་ཕྱི་དྲོ་ནི་གཏིང་ཟབ་ཅིང་འགྲེལ་བཤད་མི་ཕོག་པའི་གསང་བ་ཞིག་སྟེ། མི་ཚེའི་རྐེད་ལམ་བརྒྱུད་དེ་བགྲོད་པའི་མི་རྐྱང་སུ་ཡིན་རུང་འདི་འདྲ་བའི་དོན་དག་བྱུང་སྲིད་ལ་དེས་ཁྱོད་ལ་མུན་པ་བཀྲ་ཤིས་ཟེར་བའི་མི་སྣ་ཞིག་དྲན་ངོས་སུ་ཤར་སྲིད། འོན་ཀྱང་གསང་བ་དེ་ནི་ནམ་ཡང་གསང་བར་གྱུར་ཏེ་ཐ་ན་མུན་པ་བཀྲ་ཤིས་ཁོ་བོ་རང་གིས་ཀྱང་དེའི་གསང་བ་དེ་རྩ་ནས་མ་ཤེས། མ་ཟད་བསམ་གཞིག་ཇི་ལྟར་བྱས་ཀྱང་དྲན་ངོས་ནས་དྲི་ལན་མི་རྙེད་པའི་དྲི་འདུས་ཕུང་པོ་ཞིག་ཏུ་གྱུར།
དེས་ན་ཕྱི་དྲོ་ཞིག་ལ་ཏག་ཏག་གནའ་གྲོང་ཟི་ལིང་དུ་འབྱོར་ཏེ་དྲན་པ་བརྒྱལ་ཏེ་སྲང་ལམ་གཞི་མདོ་ཞིག་གི་ལམ་འགྲམ་དུ་དགྱེལ་འདུག མི་ཀུན་ཀྱིས་མཐོང་ན་ར་བཟི་བའི་ཆང་རྒན་ཞིག་དང་འདྲ་བ་དང་། སྙན་ངག་པ་ཁོ་བོར་མཚོན་ན་དེའི་སྐབས་ལས་དྭངས་པ་ཞིག་རྩ་ནས་བྱུང་མ་མྱོང་བར་སྣང་། དེ་བས་ཡར་ལངས་ཏེ་ཆང་དེམ་ཆག་པོ་ཞིག་ལག་གཡས་པས་འཇུས་ནས་སྲང་ལམ་ཞིག་གི་སྣེ་མོ་ནས་ཕར་གཟུར་སོང་། ཉིན་དེ་ནས་བཟུང་སྙན་ངག་པ་མུན་པ་བཀྲ་ཤིས་ནི་གོ་ཐོས་མེད་པར་གྱུར་ཏེ་ཁོང་གིས་གསར་བྲིས་སྙན་ངག་ཀྱང་ཀློག་ཐབས་བྲལ། དེའི་ཕྱིར་ཕྱོགས་སོ་སོའི་རྩོམ་པ་པོ་དང་སྙན་ངག་པ་དག་གིས་ཁོང་གི་བརྩམས་ཆོས་མང་དུ་ཕྱོགས་བསྡུས་བྱས་ནས་བསྒྲིགས་ཏེ་སྤེལ་ཞིང་། ཁོང་གི་སྙན་ངག་ནི་མིའི་ལྷན་སྐྱེས་རིག་གནས་ལ་ཁ་ཕྱོགས་པའི་སྐྱོ་ཤས་དང་རེ་ཆད་རེ་སྡུག་བཟོས་པའི་སྲེད་པའི་མེ་ཏོག་དེ་རེད་ཅེས་ཕྱོགས་ཀུན་ཏུ་ཁྱབ། མ་ཟད་རེབ་གོང་ཕྱོགས་ཀྱི་བུ་མོ་དེ་ནི་སྔ་ལྟར་མུན་པ་བཀྲ་ཤིས་ཀྱི་ཀློག་པ་པོ་ཆེ་ཤོས་སུ་གྱུར་ཏེ་སྙན་ངག་པས་སྙན་ངག་ཏུ་བྲིས་པའི་རེབ་གོང་བུ་མོ་ཟེར་བའི་མིང་ཚིག་དེར་ལྟ་བཞིན་མིག་ཆུ་འཛད་མཐའ་མེད་པར་ལོ་ཟླའི་གཤིས་སུ་གཏོར། མཐའ་ན་རི་ལུང་ཐང་གསུམ་ཀུན་ཏུའང་ཁ་བ་འཐུག་པོ་བབས་ཏེ་བུ་མོ་དེར་ཅི་ཞིག་ངོ་སྤྲོད་བྱེད་ཀྱིན་པ་ཅི་ནས་མཚུངས། ཞག་ཤས་འདས་རྗེས་རེབ་གོང་བུ་མོ་ཡང་གནས་སུ་སོང་སྟེ་མུན་པ་བཀྲ་ཤིས་ཀྱི་སྙན་ངག་ཀློག་ཐབས་བྲལ་བའི་ཁྱིམ་ཚང་གུ་དོགས་ཤིག་གི་ཁྲིམས་ལ་ཚུད། དེ་ཚང་གི་ཨ་ཕས་བརྗོད་ན་འདི་དག་ནི་ཕྱི་རོལ་པའི་བསྟན་བཅོས་རེད་ཅེས་ཁ་རྡུང་བྱས་ཏེ་མེ་ལ་བསྲེགས། ཨ་མས་བཤད་ན་འདི་དག་གིས་ངེད་ཚང་གི་ཁྱིམ་ཚང་བཙོག་འགྲོ་ཞེས་རྡོག་པས་བརྫུས། རང་གི་ཚེ་གཅིག་གི་ཚེ་རོགས་ཀྱིས་ཀྱང་མཆི་མ་ཐོབ་ན་མཆི་ཞགས་འདེབས་ཤོག་ལྷེ་རེ་གཉིས་མར་མེ་རུ་བསྒྲོན་ཐུབ་ན་ཡང་བསྒྲོན་ཏེ་མཇུག་མཐར་མོ་རང་གི་བརྫི་བོར་འགྲོ་བའི་འགྲོ་རོགས་དང་འོ་མ་འཇོ་ཞོར་བློ་སྐྱོར་ཚུལ་དུ་འཛིན་པའི་དཔེ་དེབ་དེ་ཡོངས་སུ་མེད་པར་གྱུར། འོན་ཀྱང་རྒྱུན་པར་མོས་ཆེས་ཀློག་པར་སྤྲོ་བའི་ (ཕྱི་དྲོ་ ) ཞེས་པའི་སྙན་ཚོམ་དེ་དག་ཡིན་སྟབས་དེའི་ནང་གི་དུམ་ཚན་ཕལ་ཆེ་བ་བློ་ལ་ཡོང་གིན་འདུག དེ་བས་སྐབས་རེར་རྨི་ལམ་ནས་གཉིད་སྐྱོར་བྱེད་ཀྱིན་ངུ་འོང་ཞིང་སྐབས་རེར་བགད་འོང་། མག་པ་ཡང་ཅི་བྱ་གཏོལ་མེད་དུ་གྱར། གཉིད་ཇི་ལྟར་དཀྲོགས་ཀྱང་ཡང་གཉིད་མ་ཐག་ཏུ་སྔར་ལྟར་བསྐྱར་སྐྱོར་བྱེད། མིང་ཡང་སྐབས་རེར་འབོད། དེ་ནི་སུས་ཀྱང་མི་ཤེས་པའི་དུས་རབས་ཤིག་གི་དཀྱོགས་མཚམས་ཆེན་མོ་ལས་སྙན་ངག་པ་ཞིག་ལ་བཟུང་བའི་རྣམ་འགྱུར་ཞིག་ལོས་ཡིན། ལོ་འགའ་ཤས་འདའ་རྗེས་རེབ་གོང་བུ་མོའི་ཚེ་རོགས་ཀྱང་ཚེ་ལས་འདས་སོང་། ཁོང་གཉིས་ལ་བུ་མོ་ཞིག་ཡོད་པ་དེ་འང་རང་གི་ཨ་མ་དང་འདྲ་བར་མུན་པ་བཀྲ་ཤིས་ཀྱི་སྙན་ངག་ཀློག་རྒྱུར་དགའ་བོ་བྱུང་། རང་གི་བུ་མོས་ང་མ་འོངས་པར་སྙན་ངག་པ་ཞིག་བྱེད་དགོས་ཞེས་ཕུགས་བསམ་གླེང་སྐབས། ཨ་མས་གནམ་མཁའ་ལ་ལྟ་བཞིན་མིག་ཆུ་དང་ངུད་མོ་ཡང་ཡང་བྱེད་ཀྱིན་ལས་དབང་ཞེས་ཁ་ནས་ཤེད་ཀྱིས་འབོད། བུ་མོ་ཚེ་སྐྱིད་ལགས་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་གྱིས་བགྲོད་དེ་རང་གི་ཨ་མ་ལ་བདེ་སྐྱིད་ཀྱི་འཚོ་བ་གྱ་ནོམ་པ་ཞིག་སྦྱིན་པར་འབད་པ་དང་། ཨ་མས་སྔར་ལྟར་སྙན་ངག་པ་དེའི་སྙན་ངག་རྣམས་ཉིན་ཀློག་མཚན་ཀློག་བྱེད། སྡེ་བ་ནང་གི་མི་ལ་ལས་མོ་རང་ཡུག་མོ་རེད་ཅེས་འཕྱ་སྨོད་བྱེད་པ་དང་། ཡང་ལ་ལས་ཆོས་ལུགས་ངན་པ་སྒྲུབ་ཀྱི་འདུག་ཅེས་ངན་བཤད་བྱས་ཏེ་ལོ་ཟླའི་ཀློང་དུ་རྒས་གཉེར་ཆེར་མ་བརྩིག་པར་མི་ཚེ་འདའ་སོང་། བུ་མོ་ཚེ་སྐྱིད་ལགས་ནི་ད་ལྟ་ས་ཆ་སོ་སོར་སྙན་གྲགས་བླ་ན་འབར་བའི་སྙན་ངག་པ་ཡང་དག་པ་ཞིག་ཏུ་གྱུར་ཡོད། དེ་ནི་སུ་གཅིག་གིས་ཀྱང་ཚོད་བགོམ་བྱེད་མ་མྱོང་བ་མ་རེད། མ་ཟད་མོས་(ངའི་ཨ་མ་ནི་སྙན་ངག་པ་ཡིན )་ཟེར་བའི་སྙན་ངག་ཅིག་བྲིས་ནས་རྒྱལ་སྤྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ་སྟེ་མུ་ནས་རྩོམ་རིག་གི་ལམ་དུ་ཞུགས་ཏེ་འཚོ་བ་སྐྱེལ་གྱིན་འདུག
༢༠༡༧ ༡༡ ༡༨ ཉིན་མལ་ཁང་མཇུག་བསྡུས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=714
དཔྱད་མཆན་སྤེལ།