སྙན་ངག་ནི་མིའི་རིགས་ཀྱི་སྐད་ཆ་གློད་སྟངས་ཤིག་སྟེ། ཉེ་རིང་ཆགས་སྡང་གིས་སེམས་ཀྱི་གཟུངས་ཐག་ལ་བརྒྱུས་ནས་ཚོར་བའི་དབྱངས་འགྲོས་ལྟར་བཤད་དགོས་པ་ཞིག་ཡིན་པར་སྙམ། རེབ་འདིར་ནང་མྱི་སྨུག་པོ་གསེར་དུང་སྙུག་ལགས་ཀྱིས་ཚིག་དང་ཐ་སྙད་ཀྱི་ཡོ་ལང་ནང་སེམས་ཀྱི་མཁའ་དབྱིངས་སུ་བྱེར་ནས་མི་ཡུལ་གྱི་འདམ་མྱུགས་ལས་རོ་ལངས་ཐེངས་གཅིག་བརྩམས་པར་རྟེན་འབྲེལ་ཞུ། རྗེས་སོར་དཔེ་ཀློག་དང་བསམ་གཞིག་མི་ཚེའི་དོན་སྙིང་རུ་འགྱུར་བར་སྨོན། 
                                                                             

མ་བྱན་གྱིས་སྦྱར། 


རྩོམ་པ་པོ་ངོ་སྤྲོད་མདོ་བསྡུས།

ན་གཞོན་སྙན་ངག་པ་ཁོང་ནི་ཡུལ་གསེར་རྟའི་འབྲོག་ཁྱིམ་དཀྱུས་མ་ཞིག་དུ་སྐྱེས་ཤིང་། ཆུང་དུས་ནས་རྒྱལ་ཁབ་རིམ་པའི་སློབ་ཆུང་དུ་ཞུགས་ནས་ཀ་ཁའི་སྦྱོར་ཀློག་ལ་ཐོས་པ་བགྱིས། དེ་ལྟར་སློབ་སྦྱོང་གི་སྡེ་ཁག་རིམ་གྱིས་འགྲིམས་ནས་དཀའ་སྡུག་གང་མང་ལ་གཡུལ་འཐབ་བྱས་མཐར། དམའ་འབྲིང་གི་དུས་སྐབས་ནས་བཟུང་རྩོམ་རིགས་ཕྱོགས་ལ་དགའ་བ་དང་སྤྲོ་བ་ཤུགས་ཆེར་བསྐྱེད། དེ་ལས་ཁོང་གིས་སྒེར་རྩོམ་དང་པོ༼རྡུལ་དམར་གྱི་མཆོད་པ་༽དཔར་དུ་བསྐྲུན། མ་ཟད་དུས་དེབ་དང་ཚགས་པར། དྲ་ལམ་སོགས་ཕྱོགས་སོ་སོ་རུ་རང་མོས་སྙན་ངག་དང་བཅད་རྩོམ། འབྱིན་རྩོམ་སོགས་མང་དུ་སྤེལ། ཁོ་བོ་བོད་སྐད་ཡིག་ལ་དུང་བ་དང་ཚོར་བ་ཟབ་མོ་ཡོད་སྟབས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཞུགས་ནས་ལོ་གསུམ་ལ་ཉེ་བའི་རིང་དུ་བོད་སྐད་ཡིག་གི་ཕྱོགས་ལ་སློབ་སྦྱོང་བྱེད་བཞིན་དུ་བཀའ་དྲིན་ཅན་གྱི་བླ་མ་དང་སློབ་དཔོན་རྣམས་ཀྱིས་ལྷག་བསམ་དང་ཐུགས་ཁུར་འོག་ནས་ད་ཐེངས་ཡང་། སྙན་དེབ་གསར་བ་༼ཚོར་བའི་དབྱངས་༽ཞེས་པ་འདི་དཔར་དུ་བསྐྲུན་པ་ཡིན་ལགས། 

.


  དགའ་སྡུག་གི་ལས་རླུང་དུས་ཚོད་ཀྱི་རྒྱ་མཚོར་སྐྱོམ་པའི་འཇིག་རྟེན་འདིར།ཚོར་ཤེས་ཀྱི་རྒྱུ་སྐུད་ཕྱི་ནང་གི་འགལ་འདུས་དཀྲོལ་བའི་རྩོམ་པ་པོ་གསེར་དུང་སྙུག་ནི། དགུན་འཁྱག་ཁ་བ་དང་ལྷན་དུ་ཚེ་སྲོག་གི་ལྟེ་ཁྲག་གསེར་རྟར་འཕོས་ཤིང་། ཆུང་དུས་ནས་དཔེ་ཀློག་དང་སྙན་ངག་གིས་རྣམ་ཤེས་གསོས། ཁོང་གིས་ཆེས་ཐོག་མའི་མི་ཡུལ་ལ་ཕུལ་བའི་སྙན་དེབ་༼རྡུལ་དམར་གྱི་མཆོད་པ༽ངོས་ཀྱི་མཇལ་ནས་ཡུན་རིང་འགོར་ལ་དེར་བཀོད་པའི་སྙན་ངག་ཡོད་ཚད་ཀློག་བདེ་ལ་ཁ་གསལ་བས་གུས་པོ་རང་ཉིད་ཀྱིས་དགའ་བཀུར་ཆེན་པོ་བྱས་པ་ཡིན།  ད་ལན་ཡང་གྲོགས་པོ་ཁོང་གི་༼ཚོར་བའི་དབྱངས་༽མི་འགྱང་བར་འཇིག་རྟེན་གྱི་གྲུ་ཟུར་གང་ནས་ཕུགས་བསམ་དང་རྟོགས་ཚོར་ཁྱེར་ཏེ་ང་ཚོ་ཀློག་པ་པོ་དག་གི་མིག་གི་དགའ་སྟོན་དུ་འབུལ་འཆར་ཡོད། དེ་ནི་ཚོར་བའི་ཕྱི་ནང་དང་ཚོར་བའི་གཏིང་། ཚོར་བའི་ཁ་དོག་བཅས་ཚན་པ་གསུམ་གྱིས་གྲུབ་པ་ཡིན་ལ། དེར་མི་སེམས་ཁྲག་གིས བྲིས་པའི་བརྩེ་དུང་གི་གཏམ་རྒྱུད་དང་། ང་ཚོས་ཡུན་རིང་རོལ་མྱོང་མ་ཐུབ་པའི་སྲོལ་རྒྱུན་གཤིས་ཆེ་བའི་སྙན་ངག་བརྒྱག་ལྷག་གིས་ཡིད་ཀྱི་སྐོམ་གདུང་སེལ་ངེས།

ཀོ་གྲུ་རུ་འབོད་པ་དེས་བྲིས།

འཁོར་བའི་རྒྱ་མཚོ་སྐྱོམས་པའི་རྦ་ཀློང་གྱི།
རླབས་ཀྱི་གཉེར་མས་གང་སར་ཁུར་བ་ཡི།།
བརྗོད་དུ་མེད་པའི་གདངས་ཀྱི་ཆོས་ཉིད་ཡང་།།
༼ཚོར་བའི་དབྱངས་ཀྱིས་༽རི་མོའི་གཟུགས་སུ་བསྡུས།།

                       ཐོ་ཡོར་གྱིས།


སྒྱུ་རྩལ་མཛེས་མའི་ཕྱག་ཟུང་གི། སྙན་ངག་གངས་སེང་འོ་མ་མཆོད༎

               ཨ་སྐྱབས་དར་རྒྱས་ཀྱིས།