དྲི་བ་ཞིག་གིས་བསམ་གཞིག་གི་སྒོ་མོ་ཡངས་པོར་ཕྱེས་སོང་།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དེབ་《ཐོབ་ཐང་ངོས་འཛིན་》ཞེས་པའི་སྦྱང་གཞིའི་སྐབས་སུ་བསམ་གཞིག་ཅེས་པར་དྲི་བ་འདི་འདྲ་ཞིག་ཡོད་དེ།  “བོད་ཀྱི་དབྱངས་དངོས་ནི་ཨི་སོགས་བཞི་ལ་ངོས་འཛིན་ནམ།  གི་གུ་སོགས་བཞི་ལ་ངོས་འཛིན་”ཞེས་པའི་བསམ་གཞིག་གི་རིན་ཐང་བླ་མེད་ཡོད་པ་ཞིག་གོ། །ང་ནི་དྲི་བ་འདི་ལ་སྤྲོ་བ་གཞན་དང་མ་འདྲ་བ་ཞིག་ཡོད།  རྒྱུ་མཚན་ནི་དྲི་བ་འདི་ལ་ལན་མི་འདྲ་བ་སྣ་ཚོགས་པ་ཞིག་བཏབ་ཀྱང་ཆོག་ལ།  ཡང་ན་ལན་གཅིག་མ་གཏོགས་མ་བཏབ་ཀྱང་ཆོག་པས་ཡིན།  གལ་ཏེ་ཁྱོད་རང་བསམ་བློ་ཕྱོགས་གཅིག་ལ་མ་གཏོགས་མི་གཏོང་མཁན་ཞིག་ཡིན་ན་དོགས་པ་མི་འདྲ་བ་མང་བོ་ཞིག་སྐྱེ་ངེས་ལ།  ཡང་ན་ཁྱོད་རང་བསམ་བློ་སྣ་མང་གཏོང་མཁན་ཞིག་ཡིན་ཚེ་དེ་ལས་ཀྱང་བསམ་གཞིག་གི་ནུས་པ་རྒྱ་ཇེ་ཆེར་གཏོང་ངེས།   ཁོ་བོས་ཁྱོད་ཀྱི་ཚབ་བྱེད་མི་ཐུབ་ཀྱང་ཁྱོད་དང་ལྷན་དུ་ཅུང་ཙམ་བསམ་བློ་ཞིབ་མོ་ཞིག་བཏང་ནས་དྲི་བ་འདིའི་ལན་ཐེབས་ཐབས་བྱེད་རྒྱུ་ཡིན།

          སློན་དཔོན་གྱི་དགོངས་པ་ལེན་ཚུལ་མི་འདྲ།

སློབ་དཔོན་ཐོན་མི་སུམ་བྷོ་ཊས་སུམ་ཅུ་བར། ཡིག་གེ་ཨཱ་ལི་ཀཱ་ལི་གཉིས།།ཨཱ་ལི་གསལ་བྱེད་ཨི་སོགས་བཞི།།ཞེས་གསུངས་པས།  བརྡ་སྤྲོད་མཁན་པོ་འགྲེལ་མཛད་ཕྱི་མ་དག་གིས་ཡི་གེ་ཨཱ་ལིའམ་དབྱངས་ཡིག་གི་སྐབས་སུ་སློབ་དཔོན་གྱི་དགོངས་པ་ལེན་ཕྱོགས་མི་འདྲ་བ་རེ་འགའ་ཐོན་ཡོད་པས།  དེ་དག་ལ་དཔྱད་བསྡུར་བྱས་ནས་སློབ་དཔོན་གྱི་དགོངས་པ་དང་རྩ་བ་འདིའི་གོ་བ་གཏིང་ཕྱིན་པ་ཞིག་ལེན་ཐུབ་རྒྱུ་ཧ་ཅང་གལ་ཆེན་ཡིན་འདུག་པས།  འདིར་དེའི་སྐོར་ནས་རང་བློས་དཔོག་ཚོད་ཀྱིས་དཔྱད་པའི་ལས་ལ་འབད་པར་བྱའོ།།

          བོད་ཀྱི་དབྱངས་ཡིག་རྒྱ་ཡིག་ལས་བླངས།

སློབ་དཔོན་ཁོང་གིས།  རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཅེས་གསུངས་པ་ལྟར།  རྒྱ་གར་གྱི་ཡི་གེ་ལ་དཔེ་བླངས་ཏེ་བོད་ཡིག་གསར་བཟོ་མཛད་པ་ནི་སློབ་དཔོན་རང་ཉིད་ཀྱིས་དངོས་སུ་གསུངས་ཤིང་ཕྱིས་ཀྱི་བརྡ་སྤྲོད་མཁན་པོ་དག་ཀྱང་མགྲིན་གཅིག་དབྱངས་གཅིག་ཡིན།  རྒྱ་གར་གྱི་དབྱངས་བཅུ་དྲུག་ཡོད་པ་ལས་བོད་སྐད་དུ་མཁོ་བའི་དབྱངས་བཞི་བླངས་པ་ལོ་རྒྱུས་དང་བརྡ་སྤྲོད་སྨྲ་བ་དག་གིས་འདོད་དེ།  དེ་ཡང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས།  “དབྱངས་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞི་དང་གསལ་བྱེད་སུམ་ཅུ་རྩ་བཞི་ལས་ལོག་པ་ལྔ་དང་མཐུག་པོ་ལྔ་ཥ་ཀྵ་རྣམས་དོར་བའི་སྟེང་དུ་ཨ་དྲངས་རྩ་བཞིར།” ཞེས་གསུངས་པ་དང་། སི་ཏུ་པཎ་ཆེན་གྱིས“་ལྷའི་སྐད་ཀྱི་དབྱངས་བཅུ་དྲུག་དང་། གསལ་བྱེད་སུམ་ཅུ་རྩ་གསུམ་དུ་བསྡུ་བ་སོགས་སྐད་ཀྱི་བྱེ་བྲག་དང་སྐབས་ཐོབ་ལས་སྣ་ཚོགས་པར་འགྱུར་ནའང་རིགས་མཐུན་ཚོགས་པར་བྱས་པའི་དབྱངས་གསལ་གཉིས་སུ་དབྱེ་བ་ཙམ་གྱི་སྒོ་ནས་ཡི་གེ་མཐའ་དག་བསྡུས་པའི་ཕྱིར་ཨཱ་ལི་སྟེ་ཨ་ཕྲེང་དང་ཀཱ་ལི་སྟེ་ཀ་ཕྲེང་གཉིས་སུ་དབྱེའོ། །དེ་ལས་གངས་རིའི་ཁྲོད་འདིར་འཇེབས་པར་བརྩི་བའི་སྐད་ལ་ཡོངས་སུ་གྲགས་ཤིང་ཉེ་བར་མཁོ་བ་ལ་ནི་ཨཱ་ལིའི་བྱ་བ་གསལ་བོར་མཚོན་པར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་དང་།”ཞེས་གསུངས་པ་དང་།  པྲ་ཏིས་“རྒྱ་གར་གྱི་དབྱངས་ལ་ཨ་ཡིག་ལ་སོགས་པའི་ཕྲེང་བ་དངོས་སུ་ཡོད་པས་དེ་ལ་ཨ་ཕྲེང་ཞེས་བཏགས་པ་བཞིན་དུ། བོད་ཀྱི་ཨི་ལ་སོགས་པ་ཡང་དེའི་ནང་ནས་ཕྱུངས་ཤིང”་ཞེས་གསུངས་པ་དང་།  ཡང་ཁོང་གིས“དབྱངས་དང་པོ་ཨ་ཡིག་དེ་བོད་ཀྱི་གསལ་བྱེད་ཐ་མར་བསྣན་པས། དེའི་ལྷག་མ་ཨི་ཨུ་ཨེ་ཨོ་བཞི་ལ་དབྱངས་ཀྱི་ངེས་པ་མཛད་དོ། །”ཞེས་གསུངས་ཏེ་ཨི་ཨུ་ཨེ་ཨོ་བོད་ཀྱི་དབྱངས་སུ་བརྩིས་ཏེ་གྲངས་ཀྱང་བཞི་རུ་ངེས་པར་མཛད་པ་མ་ཟད།   དབྱངས་བཞི་བོའི་སྐྱེ་གནས་དང་སྒྲ་རྩོལ་ལེགས་པར་གཏན་ལ་ཕབ་ཡོད་དེ།    《བློ་གསལ་འཇུག་ངོགས་ཀྱི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་མིག》་ལས།  “དབྱངས་ཀྱི་བྱ་བ་གསལ་བྱེད་ནི་ཨི་ཨུ་ཨེ་ཨོ་བཞི་ཡིན་ལ།  ཨི་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་ནས་བཀུག་ཅིང་ཅུང་ཟད་དོག་པོར་བྱས་པའི་བྱེད་པ་ཅན་དང་།  ཨུ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་མཆུ་མ་རེག་པ་ཙམ་དུ་ཟུམ་པས་འཕང་སྨད་དེ་ཅུང་ཟད་དོག་པོར་བྱས་པའི་བྱེད་པ་ཅན་དང་།  ཨེ་ཡིག་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་ནས་ཅུང་ཟད་འདྲེས་པས་གྱེན་དུ་བསྒྲེངས་ཏེ་ཡངས་པར་བྱས་པའི་བྱེད་པ་ཅན་དང་།  ཨོ་ཡི་ནི་མགྲིན་པ་ལས་བྱུང་ཞིང་མཆུ་གྱེན་དུ་བཏེགས་པ་ལྟར་འཕང་བསྟོད་དེ་ཡངས་པར་བྱས་པའི་བྱེད་པ་ཅན་ཡིན་ནོ་”ཞེས་གསུངས་པ་ལྟར་བརྡ་སྤྲོད་སྨྲ་བ་རྣམས་ཞལ་མཐུན་ནོ། །

     གནད་འགག་དངོས་ལ་ལྟ་བ།

བོད་ཀྱི་དབྱངས་དངོས་ནི་ཨི་སོགས་བཞི་ལ་ངོས་འཛིན་ནམ།  གི་གུ་སོགས་བཞི་ལ་ངོས་འཛིན།   བསམ་བློ་ཞིབ་ཏུ་གཏང་དགོས།  ངས་བསམ་ན་དེ་གཉིས་ཀ་བོད་ཀྱི་དབྱངས་ཡིན་ཞེས་བཤད་ནའང་འགལ་བ་མེད་དེ།  དང་པོ།   ཨི་སོགས་བཞི་བོད་ཀྱི་དབྱངས་ཡིན་པ་ལུང་རིགས་གཉིས་ཀས་གྲུབ་པས་ཐོག་མར་ལུང་གིས་བསྒྲུབས་ན།  བསྟན་དར་ལྷ་རམས་པའི་སུམ་འགྲེལ་ལས།  “ཨི་ཨུ་ཨེ་ཨོ་དབྱངས་བཞི་ལ། །གི་གུ་ཞབས་ཀྱུ་འགྲེང་བུ་དང་། །གནའ་རུ་ཞེས་པའི་ཐ་སྙད་བྱ། །”ཞེས་ཨི་ཨུ་ཨེ་ཨོ་བཞི་དབྱངས་ཡིན་པ་ཁ་གསལ་བོའི་སྒོ་ནས་གསུངས་པ་མ་ཟད།  གི་གུ་ཞབས་ཀྱུ་འགྲེང་བོ་གནའ་རུ་ཞེས་པའི་ཐ་སྙད་བཞི་བོའི་གདགས་གཞི་དེ་ཡང་ཨི་ཨུ་ཨེ་ཨོ་བཞི་ཡིན་པ་གསལ་པོར་གསུངས་པས།  གི་གུ་ཞབས་ཀྱུ་འགྲེང་བུ་གནའ་རུ་ཞེས་པའི་ཐ་སྙད་ནི་བོད་ཀྱི་དབྱངས་བཞི་བོའི་མིང་ཡིན་ལ།  མིང་འདི་བཞི་བོའི་གདགས་གཞི་ནི་ཡི་གེ་ཡིན་དགོས་པ་གཏན་ཁེལ་ཡིན་ཞིང་།  བོད་ཀྱི་ཡི་གེ་ཡིན་ན་དབྱངས་གསལ་གཉིས་ལས་གང་རུང་ཡིན་དགོས་པ་གང་ཞིག(བོད་ཀྱི་ཡི་གེ་ལ་དབྱངས་གསལ་གཉིས་སུ་གྲངས་ངེས་ཞེས་གསུངས་པ་གཞིར་བཞག་པ་ཡིན།)  ཨི་སོགས་བཞི་ནི་དབྱངས་ཡིག་ལས་གསལ་བྱེད་དུ་ནམ་ཡང་གོ་བར་མི་འགྱུར་བས།  ཨི་སོགས་བཞི་བོ་དབྱངས་ཡིན་པ་གྲུབ་བོ།  །ཡང་སློབ་དཔོན་ཐོན་མི་རང་ཉིད་ཀྱིས།  “ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །”ཞེེས་གསུང་པ་དང་།  དེའི་དགོངས་པ་འགྲེལ་བར་བྱེད་པའི་བརྡ་སྤྲོད་མཁན་པོ་སི་ཏུས་“ཨ་ལིའི་བྱ་བ་མཚོན་པར་བྱེད་པ་ཨི་སོགས་བཞི་དང་”ཞེས་གསུངས་ཤིང་།  ལེགས་བཤད་ལྗོན་དབང་ལས་“དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །ཞེས་གསུངས་པ་བཞིན་བརྡ་སྤྲོད་མཁན་པོ་གཞན་རྣམས་ཀྱང་འདི་དང་མཐུན་པར་སྨྲ་བའོ།།
འདིའི་སྐབས་ཀྱི་ཨཱ་ལི་ནི་བོད་ཀྱི་དབྱངས་ཡིག་ལ་གོ་དགོས་ཤིང་དབྱངས་ཡིག་གི་བྱ་བ་ནི་དབྱངས་རང་ཉིད་གསལ་བྱེད་ཀྱི་ཡི་གེ་གཞན་ལ་ཞུགས་ནས་སྒྲ་གདངས་ཁྱད་པ་བ་འདོན་པར་བྱེད་པ་དེ་ཡིན་ལ།  དེ་འདྲའི་སྒྲ་གདངས་ཁྱད་པར་བ་འདོན་པའི་བྱ་བ་དེ་དབྱངས་ཡིག་གི་ཐུན་མོང་མ་ཡིན་པའི་བྱ་བ་ཡིན་ན།  བྱ་བ་དེ་བྱེད་མཁན་ཡང་དབྱངས་ཡིག་ཡིན་དགོས་པ་ལས་དབྱངས་ཡིག་གི་བྱ་བ་དེ་དབྱངས་ཡིག་མ་ཡིན་པ་ཞིག་གིས་བྱས་ན།  དབྱངས་ཡིག་མ་ཡིན་པ་དེ་ཡང་དབྱངས་ཡིག་ཡིན་པར་ཐལ་བའི་སྐྱོན་ཡོད་དེ།  དབྱངས་ཡིག་ཡིན་མིན་གྱི་ཁྱད་པར་ནི་གསལ་བྱེད་ཀྱི་ཡི་གེ་གཞན་དང་སྦྲེལ་བ་ལ་མ་ལྟོས་པར་རང་རྐྱང་བར་ང་རོ་གསལ་བོར་དབྱུང་དུ་མེད་ཅིང་། གསལ་བྱེད་ཀྱི་ཡི་གེ་གཞན་ལ་ཞུགས་ཚེ་སྒྲ་གདངས་ཁྱད་པར་བ་རེ་འདོན་ཐུབ་མིན་ལ་ལྟ་དགོས་པས་སོ། །
དེ་བཞིན་རྩོད་མེད་ཡོངས་གྲགས་ཡིན་པའི་བོད་ཀྱི་དབྱངས་བཞི་སྟེ།  གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞི་ལ་ཡང་གསལ་བྱེེད་ཀྱི་ཡི་གེ་གཞན་ལ་ཞུགས་ཚེ་སྒྲའི་གདངས་ཁྱད་པར་བ་རེ་འདོན་པ་ལས་གཞན་པའི་བྱ་བ་མེད་དོ། །   
སྐབས་འདིར་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞི་ཡང་དབྱངས་ཡིན་པ་རྩོད་མེད་ཡོངས་གྲགས་ཡིན་ནམ་སྙམ་པའི་དོགས་པ་ཟ་སྲིད་ཀྱང་།  འདི་བཞི་དབྱངས་ཡིན་པ་ཧ་ཅང་རྟོགས་སླ་སྟེ།  འདི་བཞི་བོད་ཡི་གེ་ཡིན་པ་གང་ཞིག   གསལ་བྱེད་ནི་མ་ཡིན་པས།   དབྱངས་ལས་གཞན་དུ་འདའ་ས་མེད་པའི་ཕྱིར་རོ། །

                     རིགས་པས་སྒྲུབ་པ།

ཨི་ཨུ་ཨེ་ཨོ་བཞི་བོད་ཀྱི་དབྱངས་ཡིན་པ་རིགས་པས་བསྒྲུབས་ན་ཡང་རྡོ་རྗེ་ལྟ་བུའི་གཏན་ཚིགས་བཙན་པོ་དགོད་རྒྱུ་ཡོད།  དེ་ཡང་ཨི་ཨུ་ཨེ་ཨོ་བཞི་ལས་དང་བོ་ཨི་ཡིག་བོད་ཀྱི་དབྱངས་ཡིན་པར་གྲུབ་ན་གཞན་གསུམ་པོ་ཡང་ཤུགས་ལ་གྲུབ་པ་ཡིན་པས་ཐོག་མར་ཨི་ཡིག་དབྱངས་ཡིན་པ་བསྒྲུབ་པར་བྱའོ། །
ཨི་དབྱངས་ཡིན་ནམ་ཞེས་འདྲི་བའི་སྐབས་སུ་ཨི་ཞེེས་པའི་སྒྲ་གདངས་དེ་དབྱངས་ཡིན་ནམ་ཞེས་འདྲི་བཞིན་ཡོད་པ་ལས་ཨི་ཡི་གཟུགས་རིས་དེ་དབྱངས་ཡིན་ནམ་ཞེས་འདྲི་བ་མ་ཡིན་པ་ནི་སུས་ཀྱང་ཤེས།  གལ་ཏེ་ཨི་ཡི་གཟུགས་རིས་དབྱངས་ཡིན་ནམ་ཞེས་འདྲི་བ་ཡིན་ན།  གི་གུ་དབྱངས་ཡིན་ནམ་ཞེས་འདྲི་བའི་ཚེ་ཡང་གི་གུའི་གཟུགས་རིས་དབྱངས་ཡིན་ནམ་ཞེས་འདྲི་བར་ཐལ་བའི་སྐྱོན་ཡོད་དེ།  དེ་གཉིས་རྒྱུ་མཚན་གཅིག་ཏུ་འབབ་པའི་ཕྱིར་རོ།།
དེ་ན་ཨི་ཞེས་པའི་སྒྲ་གདངས་དེ་བོད་ཀྱི་དབྱངས་ཡིན་པ་རིགས་པས་གྲུབ་པའི་རྒྱུ་མཚན་ནི།  གི་གུ་སྒྲ་གདངས་ཡིན་པ་གང་ཞིག  གི་གུ་ཞེས་པའི་མིང་འདོགས་ས་ནི་ཨི་ཞེས་པའི་སྒྲ་དེ་ཡིན་དགོས་པ་གོང་དུ་བཤད་ལྟར་ཡིན་ཞིང་། ཨི་ཞེས་པའི་སྒྲ་གདངས་དང་གི་གུའི་སྒྲ་གདངས་གཉིས་སྐྱེ་གནས་བྱེད་རྩོལ་ཡོངས་སུ་མཚུངས་གཤིས།  དེ་གཉིས་སྒྲ་གདངས་ཀྱང་གཅིག་ཡིན་དགོས་སོ།  །
ཨི་ཞེས་པའི་གདངས་སམ་གི་གུ་དེ་གསལ་བྱེད་ལ་ཞུགས་པའི་ཚེ་སྒྲ་གདངས་གསལ་བོར་འབྱིན་དགོས་ལ།  སྒྲ་གདངས་དེ་ཡང་སྐྱེ་གནས་སྒྲ་རྩོལ་གཏན་ཁེལ་རང་བཞིན་ཡིན་པ་ལས་གསལ་བྱེད་མི་འདྲ་བ་རེ་ལ་ཞུགས་ཚེ་སྒྲ་གདངས་ཡང་མི་འདྲ་བ་རེར་མི་འགྱུར་བ་མངོན་སུམ་དབང་བོའི་ཡུལ་དུ་གྱུར་ཡོད།  དཔེར་ན།  གི་གུ་གསལ་བྱེད་ཀྱི་ཡི་གེ་ཀ་དང་པ་ར་སོགས་ལ་ཞུགས་ནས་ཀི་དང་པི་དང་རི་ཞེས་པ་སོགས་ལས་གི་གུའི་སྒྲ་གདངས་གཅིག་མཚུངས་ཤིག་ཡོང་གི་ཡོད་པས་སོ། །  གལ་ཏེ་གི་གུ་དེ་གསལ་བྱེད་མི་འདྲ་བ་རེ་རེ་ལ་ཞུགས་ཚེ་གི་གུའི་སྒྲ་གདངས་ཀྱང་འགྱུར་འགྲོ་བའི་རང་བཞིན་ཅན་ཞིག་ཡིན་ན་ཨི་ཨུ་ཨེ་ཨོ་བཞིའི་སྐྱེ་གནས་དང་བྱེད་རྩོལ་ངོས་བཟུང་བ་ལ་དགོས་པ་མེད་དེ།  གསལ་བྱེད་མི་འདྲ་བ་རེ་རེར་ཞུགས་ཚེ་སྒྲ་གདངས་ཀྱང་མི་འདྲ་བ་རེ་རེར་འགྱུར་འགྲོ་བའི་ཕྱིར་རོ། །འོན་ཀྱང་།  དབྱངས་དང་གསལ་བྱེད་གཉིས་ཚོགས་ཀྱི་སྒྲ་ནི་གཞན་དང་གཞན་དུ་འགྱུར་འགྲོ་སྟེ།  དཔེར་ན།  པི་དང།  ཧི་ཞེས་བརྗོད་པའི་ཚེ་པ་དང་ཧ་ལ་གི་གུ་ཞུགས་པའི་ཆ་ནས་འདྲ་ཡང་།  གསལ་བྱེད་མི་འདྲ་བའི་སྟོབས་ལས་དབྱངས་གསལ་གཉིས་ཚོགས་ཀྱི་སྒྲ་ལ་སྐྱེ་གནས་དང་བྱེད་རྩོལ་སོགས་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པ་བཞིན་ནོ། །
ད་དུང་སྣར་ཐང་ལོ་ཙཱ་བའི་《སྔགས་བཀླག་ཐབས་》ལས་“དེ་བཞིན་ཀ་སོགས་སྲོག་ཞུགས་ན། །ཀེ་ཨི་ཀོ་ཨུ་སོགས་སུ་བཀླག །”ཅེས་གསུངས་པ་འདིས་ཀྱང་ཀ་ཡིག་གི་ཐོག་ཏུ་དབྱངས་ཨིའམ་བོད་ཀྱི་དབྱངས་དང་བོ་ཞུགས་ཚེ་ཀ་དང་ཨི་གཉིས་ཀའི་གདངས་ཏེེ།  ཀི་ཞེས་པའི་སྒྲར་འགྱུར་བར་དགོངས་པ་ཡིན་ནམ་སྙམ།
མདོར་ན་ཨི་ཞེས་པའི་སྒྲ་དེ་བོད་ཀྱི་དབྱངས་དང་པོ་ཡིན་པའི་རྒྱུན་མཚན་ནི།  གཅིག  ཨི་ཡིག་སྒྲ་གདངས་ཡིན་ལ་གི་གུ་ཞེས་པའི་མིང་གི་གདགས་གཞི་ཡིན་པ་དང་།   གཉིས།  ཨི་ཡིག་གམ་ཨི་ཞེས་པའི་སྒྲ་གདངས་དང་བོད་ཀྱི་དབྱངས་དང་བོ་དང་སྐྱེ་གནས་དང་བྱེད་རྩོལ་ཡོངས་སུ་མཚུངས་པ།  གསུམ།  ཨི་ཡིག་གམ་ཨི་ཞེས་པའི་བྱ་བ་དང་བོད་ཀྱི་དབྱངས་དང་བོའི་བྱ་བ་གཉིས་གཅིག་ཡིན་པ།  བཞི།  དབྱངས་དང་བོ་གསལ་བྱེད་ཀྱི་ཡི་གེ་ལ་ཞུགས་ནས་སྒྲ་གདངས་འབྱིན་ཚེ་ཨི་ཞེས་པའི་སྒྲ་གདངས་ཤིག་ཡོང་བ་མངོན་སུམ་དབང་བོའི་སྤྱོད་ཡུལ་དུ་གྲུབ་པ།  ལྔ། དབྱངས་དང་བོ་གསལ་བྱེད་སུམ་ཅུ་བོ་གང་ལ་ཞུགས་ཀྱང་།  བྱེད་ནུས་དང་སྒྲ་གདངས་གཅིག་འདོན་པ་ལས་གསལ་བྱེད་མི་འདྲ་བ་རེ་རེར་ཞུགས་ཚེ་བྱེད་ནུས་དང་སྒྲ་གདངས་མི་འདྲ་བ་རེ་རེར་མི་འགྱུར་བ་སྟེ།  རྒྱུ་མཚན་གཙོ་བོ་ལྔ་ཡིས་ཨི་ཞེས་པའི་སྒྲ་དེ་བོད་ཀྱི་དབྱངས་བཞིའི་དང་པོ་ཡིན་པ་གྲུབ་བོ། །

                   རྩོད་པ་སྤོང་བ།

གོང་དུ་བཤད་པ་ལྟར་བསྟན་དར་ལྷ་རམས་པའི་སུམ་འགྲེལ་ལས།  “ཨི་ཨུ་ཨེ་ཨོ་དབྱངས་བཞི་ལ། །གི་གུ་ཞབས་ཀྱུ་འགྲེང་བུ་དང་། །གནའ་རུ་ཞེས་པའི་ཐ་སྙད་བྱ། །”ཞེས་ཨི་ཨུ་ཨོ་བཞི་ལ་དབྱངས་ཀྱི་ཐ་སྙད་སྦྱར་བ་ཡིན་ཞེས་གསུངས་ཤིང་།  སི་ཏུ་པན་ཆེན་གྱིས“འོ་ན་མཁན་པོས་ཡི་གེ་སྲོག་མེད་ཀྱི་རྣམ་གཞག་མ་མཛད་ན་འོག་ཏུ་ཨཱ་ལི་བཞི་པ་སྦྱར་སོགས་ཇི་ལྟར་འགྲེལ་ཅེ་ན།  དེ་ནི་སྲོག་མེད་ལ་ཨཱ་ལི་ཞུགས་པའི་དོན་མ་ཡིན་གྱི་ཀཱ་ལི་དེ་དག་ཉིད་ལ་རྣ་རུ་སྦྱར་བའི་དོན་ཡིན་ཏེ།  གི་གུ། ཞབས་ཀྱུ།  འགྲེང་བུ།  རྣ་རུ་བཞི་ལ་ཨི་ཨུ་ཨེ་ཨོ་བཞིར་བཏགས་པའི་ཕྱིར་དང་།  དེ་དག་གིས་ཀ་ལྟ་བུའི་སྒྲའི་ངོ་བོ་དེར་ཀི་ཀུ་ཀེ་ཀོ་སོགས་སྒྲའི་ཁྱད་པར་སྐྱེད་ནུས་པས།”ཞེས་གསུངས་ཏེ་གི་གུ་ཞབས་ཀྱུ་འགྲེང་བོ་ན་རོ་བཞི་ལ་ཕར་ཨི་ཨུ་ཨེ་ཨོ་བཞིའི་ཐ་སྙད་སྦྱར་བར་གསུངས་འདུག
གསུང་ཚུལ་འདི་གཉིས་ལ་ཐད་ཀར་བལྟས་ན་འགལ་བ་ལྟ་བུ་ཞིག་ཏུ་མཐོང་སྲིད་མོད་དོན་ལ་འགལ་བ་གང་ཡང་མེད་དེ།  ཨི་ཨུ་ཨེ་ཨོ་བཞི་ལ་གི་གུ་ཞབས་ཀྱུ་འགྲེང་བོ་ན་རོ་ཞེེས་བཏགས་པ་ནི།  གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞིའི་གདགས་གཞི་བོད་ཀྱི་དབྱངས་ཡིན་ལ།  དབྱངས་ཀྱི་གདངས་ཀྱང་ཨི་ཨུ་ཨེ་ཨོ་ཞེས་པའི་ང་རོ་ལས་གཞན་གང་ལ་ཡང་ངོས་འཛིན་དུ་མེད་པས་སོ།  །དེ་བཞིན་དུ།  གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞི་ལ་ཨི་ཨུ་ཨེ་ཨོ་ཞེས་བཏགས་དོན་ཡང་གི་གུ་ཞབས་ཀྱུ་འགྲེང་བོ་ན་རོ་བཞི་ནི་དབྱངས་ཡིག་ཡིན་པ་སྨོས་མ་དགོས་ཏེ།  རྒྱུ་མཚན་གོང་དུ་བཤད་ཟིན་ལྟར་ཡིན་ལ།  དབྱངས་ཀྱི་གདངས་དངོས་ནི་ཨི་ཨུ་ཨེ་ཨོ་ཞེས་པའི་གདངས་ལས་མ་འདས་པས།  གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞི་ལ་ཨི་ཨུ་ཨེ་ཨོ་ཞེས་བཏགས་པ་ཡིན་ནོ།   །དེ་བས།  དོན་དམ་པར་ཨི་ཨུ་ཨེ་ཨོ་བཞི་ལ་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་ཞེས་ཕར་བཏགས་པ་དང་།  གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞི་ལ་ཨི་ཨུ་ཨེ་ཨོ་ཞེས་ཚུར་བཏགས་པ་གཉིས་གཞི་གཅིག་དང་རྒྱུ་མཚན་གཅིག་གི་ཐོག་ཏུ་བབས་ཡོད་དོ། །
ཁ་ཅིག་ན་རེ། ཨི་ཞེས་པའི་སྒྲ་གདངས་སམ་ང་རོ་དེ་དབྱངས་མ་ཡིན་ཏེ།  དབྱངས་ཡིན་ན་གསལ་བྱེད་ཀྱི་ཡི་གེ་གཞན་དང་སྦྲེལ་བ་ལ་མ་ལྟོས་པར་རང་རྐྱང་པས་སྒྲ་འབྱིན་དུ་མེད་པ་ཞིག་ཡིན་དགོས་མོད།  ཨི་ཞེས་པའི་སྒྲ་ནི་གསལ་བྱེད་ཀྱི་ཡི་གེ་གཞན་ལ་མ་ལྟོས་པར་རང་རྐྱང་པས་སྒྲ་འབྱིན་དུ་ཡོད་དོ་ཞེ་ན།  དེ་ལྟར་མིན་ཏེ།  ཨི་ཞེས་པའི་སྒྲ་གདངས་དེ་རང་རྐྱང་པ་ཡོང་བའི་ཚེ་ན་གསལ་བྱེད་ཀྱི་ཡི་གེ་ཨ་ཡིག་ལ་ལྟོས་པའི་ཕྱིར་རོ། །