ལྷ་ཚོགས་ལ་ཕུལ་བ།
ཨ་ཀྲད། (ཟི་ལིང་།)
.
ཁྱེད་ཞལ་གྱེས་པའི་སྔོན་གྱི་ནམ་མཁའ་ལ།།
སྨྲེང་བ་ཁུར་བའི་སྤྲིན་རྣམས་རིང་དུ་གྱེས།།
བརྩེ་དུང་འཆིང་བའི་སྤྱན་ཟུང་གཉིས་པོའང་།།
ལྷིང་འཇགས་ངང་དུ་དམ་ནས་དམ་པོར་བཙུམ།།
ཁྱེད་སེམས་ཉལ་བའི་མཚན་མོ་རེ་རེ་ལ།།
གཟིམ་ཤག་ནང་དུ་གཤིན་པོའི་གྲིབ་མ་འཆར།།
ངོ་གདོང་སྐམ་པོར་མིག་ཆུ་བཞུར་བར་འཇུག།
བདག་ཡིད་འཕར་ལྡིང་རིམ་ནས་ཆེ་འགྱུར་ན།།
འཆི་བ་ཞེས་པ་ཡུན་རིང་མིན་འགྲོ་བསམ།།
དེ་འཕྲལ་སྐྱོ་ཞིང་སྨིན་ཐག་ཆོད་པ་ཡི།།
རྒྱུ་བའི་ཚོགས་རྣམས་འདུས་བྱས་མིན་ནམ་ཨང་།།
འགེབས་སྲུང་བྱེད་པའི་ལྷ་ཚོགས་འཁོར་དང་ཀྱེ།།
སང་ཞོགས་ཉི་མ་མཐོང་བར་མ་རེ་ཞིག།
འཕྲོག་ནས་བསྐྱབས་པའི་ང་ཚོའི་མི་ཚེའང་།།
འཆི་ངེས་ཡིན་པས་སྟོབས་ཀྱི་གདེང་ཞིག་གིས།།
རླུང་བུ་ལྟར་དུ་གང་ནས་གང་སར་རྒྱུ།།
༢༠༡༨-༡༠-༢༢ཉིན།
.
མཚོ་བྱང་གི་མཆོད་དབྱངས།
.
བསྐལ་པ་འགྲིབ་པའི་ཉི་མ་བླ་བྲང་གི།།
དུས་མཐའི་གྲོང་གི་མཚན་མོའི་མཆོད་དབྱངས་ངོས།།
གཙང་པོས་བཅུས་པའི་བསང་ཆུ་རྫོང་ཁོངས་གང་།།
ཧྥ་རན་སི་ལྟར་ཞི་བའི་རྒྱན་གྱིས་བཙེམས།།
མིག་དང་ཡིད་ངོས་མཛེས་པས་དྲུབ་པ་ཡི།།
གནམ་ས་འདྲེས་མཚམས་སྐྱ་རེངས་བྱོ་བའི་དུས།།
སྤྱི་སྤྱོད་འགྲུལ་འཁོར་གཤོག་འགྱུར་འགྲོས་ཀྱི་ཁུད།།
ལམ་ལ་ཆས་པའི་དཔལ་མོ་ཐང་བརྒྱུད་ནས།།
སྐད་ཅིག་གཅིག་ལ་སྤྲིན་དང་རི་བོ་རྣམས།།
གཅིག་གིས་གཅིག་འདེད་རྒྱབ་ཀྱི་ཕྱོགས་ལ་བཞུར།།
རྫོགས་མཐའ་མེད་པར་རོང་འབྲོག་གཉིས་ཀ་བརྒྱུད།།
ཐུག་མེད་ལྟ་བུའི་ཟི་ལིང་གྲོང་དུ་འབྱོར།།
བོད་གྲོང་ཆེན་མོ་གནའ་མཁར་ཟི་ལིང་གི།
མུན་པ་རུབ་པའི་སྲོད་ཀྱི་ཉི་ནུབ་ངོས།།
ང་དང་ཉེ་སའི་སྒྲོལ་མ་མཚོ་སྒྲོན་སོགས།།
ཐག་ཐག་ཐག་ཞེས་འཁོར་ལྷས་དེ་གར་བབ།།
ལུས་ཀྱི་སྒེགས་ཉམས་གདུང་བའི་གྲང་བས་བཅོམ།།
ངོས་ཀྱི་རི་མོ་ཁེར་རྐྱང་ཁོ་ནས་མནན།།
མགྲོན་བྲང་ཀུན་གྱི་མཚན་སྒོ་ཡང་ཡང་རྡུང་།།
སྟབས་ཐུག་རེ་འགས་མཚན་ནམ་རིང་མོ་བསྐྱལ།།
མཚོ་བྱང་བོད་མཁར་གནའ་རབས་མཛེས་རྒྱན་ཅན།།
ལུག་ཁྱུའི་སྐར་ཚོགས་རྫོང་མཁར་ངོགས་ལ་ཞོགས།།
སྤང་ཆུའི་རིག་གནས་རྒྱལ་ཁམས་འཕོས་པ་བཞིན།།
མེ་ཏོག་མཆོད་ཅིང་ལྷ་ཚོགས་འཕྱོ་བ་ཡི།།
ང་ཡི་སེར་ཆེན་ལུང་བ་རྐང་ཚ་རྫོང་།།
བསིལ་བའི་ཚལ་དེར་ད་ཐེངས་ཡང་ཡང་འབྱོར།།
དེ་ནས་ང་ཡི་མཚོ་བྱང་དཀྱིལ་འཁོར་གྱི།།
ཉི་ཟླ་གཉིས་ཀྱི་མེ་ལོང་ཡངས་པོ་རུ།།
སྤྲིན་པ་བཟུང་བའི་དཔའ་རྟུལ་སྐྱ་བོ་ཞིག།
དབུ་ཞྭ་ནག་པོ་རལ་པ་ཅུང་སྨུག་པ།།
གཟུགས་པོ་རིང་རིང་རི་བོ་ཡོམ་ཡོམ་སྐྱོམ།།
སྐུ་སྐྱེས་དྭངས་དྭངས་ཆུ་བོ་ལྕུག་ལྕུག་འདར།།
རྒྱལ་གཅེས་སྲས་ལྟར་སྨུག་པོ་སྣུམ་ཞལ་ཅན།།
ང་ཡི་ཕྱི་ནང་ཁྱེད་ཀྱི་སྙན་ངག་གིས།།
ཡང་ཡང་སྦྲིད་ཅིང་ཡང་ཡང་བཟི་བ་ཡི།།
རྨད་བྱུང་མཚན་དཔེའི་མཆོད་པ་རབ་ཕུལ་བ།།
སེང་གེ་རྡོ་རྗེའི་མཚན་དེར་ཤིས་ཚིག་སྩོལ།།
.
རྩྭ་ཐང་དུ་ལུག་ཁྱུ་འཚོ་སྟངས།
.
ཞེས་ནི་སྐུལ་བའི་ཐ་སྙད་ཁྲི་ཕྲག་ལགས།།
མཚན་མོར་ཞོགས་པའི་ལུག་གི་རྩྭ་ཐང་ལགས།།
སྤྱང་ཀིའི་ཚོགས་རྣམས་གཏན་ནས་མེད་པ་ལགས།།
ཟླ་བའི་འོད་ཀྱིས་ལན་རེར་མཐོང་བ་ལགས།།
ཚེ་བཅུ་ཉེར་དྲུག་མུན་པས་འཐིམས་པ་ལགས།།
གྲོང་ཁྱེར་ཁྲོད་དུ་ལུག་ཁྱུ་མི་མཐོང་ལགས།།
ལུག་རྣམས་ངུ་བའི་སྐད་ཀྱང་ཐོས་མིན་ལགས།།
ལན་ཆགས་འདྲེས་པའི་ཆུ་བོ་འབབ་པ་ལགས།།
ལྕུག་ལྕུག་བཞུར་བ་ཆུ་བོའི་རང་བཞིན་ལགས།།
རྩྭ་ཐང་སྟེང་གི་མཚོའང་སྔོན་པོ་ལགས།།
མཐའ་ཡི་རྒྱ་མཚོར་འབབ་པའི་དུས་ཡིན་ལགས།།
འདང་ཞེན་མངར་སྐྱུར་འཚོ་བའི་མེ་ལོང་ལགས།།
དེ་དུས་བརླན་པའི་སེམས་པ་འཁྱག་པ་ལགས།།
ཡང་དུ་སྐུལ་བའི་སྤྲིན་དང་རླུང་བུ་ལགས།།
སྙན་ངག་མི་ཚོར་མུན་པའི་གྲོང་དུ་ལགས།།
མཚན་མོར་འཆར་བའི་ཉི་མ་སེར་བོ་ལགས།།
ནུབ་ཏུ་བཞུར་བ་དུས་ཀྱི་འཆར་སྟངས་ལགས།།
དེ་ནས་སྔར་བཞིན་མཚན་མོར་འཆར་བ་ལགས།།
ཕ་ཝང་འཕུར་བའི་གཤོག་པའི་སྒྲ་དེ་ལགས།།
སྐར་མ་ཇི་ལྟར་འོད་ཀྱིས་ཆེམས་ཆེམས་ལགས།།
སྡོང་བོའི་ལོ་མར་ཅི་ཞིག་འབབ་པ་ལགས།།
བྱེའུ་ཆུང་ཞིག་གི་སྐད་ཀྱང་ཡོང་པ་ལགས།།
དོ་ནུབ་གནམ་གང་འབུམ་གྱུར་མ་ཡིན་ལགས།།
ཅི་ཕྱིར་འདི་རུ་བྱ་ཁྱུ་མང་བ་ལགས།།
སྒེའུ་ཁུང་འགྲམ་དུ་ཀུ་ཅོ་འདོན་པ་ལགས།།
ཁྱོད་རང་དྲན་པའི་གདུང་བ་རིང་པོ་ལགས།།
ཞེ་དཀྱིལ་གང་བའི་སེམས་ཀྱི་མི་ཁྱོད་ལགས།།
ང་ཡི་མཚན་མོར་སུན་སྣང་མ་སྐྱེ་ལགས།།
.
ལྷ་སའི་ཁྲོམ་ནས་རྙེད་པའི་སྙན་ངག
.
ནམ་མཁའི་ཁ་དོག་སྔོན་པོ་ཕ་ཡུལ་ཕྱོགས་ནས་ལངས་ཤིང་།།
སྤྲིན་པའི་བང་རིམ་བརྟོལ་ནས་སྟོད་ཀྱི་ཕོ་བྲང་བསམས་ན།།
རྩམ་པ་སྒྱེ་མོ་ཕྱེད་དང་ཤ་སད་ནུབ་འགའི་ཇ་ཆང་།།
རྒྱབ་ཀྱི་ཁུག་མར་བཅུག་ཅིང་དབུས་ལམ་རིང་མོའི་སྣང་བརྙན།།
ཆུང་འདྲིས་སྙིང་གི་དྭངས་མ་ཞེ་ཡི་བར་ནས་དྲན་ན།།
ལྷ་སའི་བར་སྐོར་གླིང་གི་སྐྱོ་བ་འདོན་རོགས་ཡིན་འགྲོ།།
ལ་ལུང་བརྒལ་ནས་སྐྱོད་པའི་དགུན་ཟླ་འཁྱག་པོའི་རི་གྲོང་།།
ཁ་བ་ཡར་ཡར་འབབ་ལ་ཁ་བ་མར་མར་འབབ་དུས།།
རླུང་བུ་ཐག་ཐག་སྡང་ཞིང་སྐྲ་ལོ་མཁའ་ལ་སྤུར་ན།།
ཚོར་བའི་རྩད་དང་སྣེ་མོ་ཉིད་ཀྱི་ཕྱོགས་ལ་ཟུག་འགྲོ།།
ང་ཡི་ནམ་མཁའི་སྐར་ཆེན་རྒྱང་རིང་ཡུལ་ལ་ཡོད་འདྲ།།
སྐར་མ་ཆེ་ཆུང་མང་པོས་སྐར་མཐའ་ནུབ་ཏུ་སྲུང་འདྲ།།
ང་ཡིས་སྐར་མ་མཐོང་དུས་ཁྱོད་རང་ཡིད་ལ་དྲན་ཡོང་།།
ཁྱེད་ཀྱིས་སྐར་མར་གཟིགས་དུས་ང་རང་དྲན་གྱིན་ཨེ་ཡོད།།
དྲན་པ་ཆུ་ལས་རིང་སོང་དྲན་པ་གངས་ལས་དཀར་སོང་།།
དབུས་ཀྱི་ཉི་མ་ལྷ་ས་དབུས་ཀྱི་ཕྱོགས་ལ་བཞུགས་ཡོད།།
རྒྱང་ནས་ཞལ་གཟིགས་མཛད་ན་སྤྱན་གྱིས་ཉི་ཟླ་འབྲི་བ།།
དད་པའི་སྟོབས་ཀྱིས་བསྡམས་ཡོད་དད་པའི་ཤུཊ་ཀྱིས་བཅིངས་ཡོད།།
རི་བོ་གྲུ་འཛིན་ནང་གི་བྱམས་པ་སྙིང་ལ་རྗེ་བོ།།
ཉི་མ་ལྷ་སར་ཐོན་ན་མཇལ་ཁ་ཀུན་ལ་གནང་ཡོང་།།
ཕྱག་གཉིས་ཐལ་མོ་སྦྱར་ཏེ་གསོལ་བ་གང་ལ་བཏབ་ན།།
ཁ་བའི་མེ་ཏོག་དག་གིས་ལྷ་ཡི་ཁྲུས་ལེགས་མཛད་ཡོང་།།
བློས་ཐུབ་སེམས་ཀྱི་དཀྱིལ་འཁོར་ཚོན་དང་རི་མོས་བྲིས་ཡོད།།
ཚོར་བའི་བྱེ་མ་འཚང་ཡོད་སེམས་པའི་གཙང་པོ་འཁྲིགས་ཡོད།།
འཕྱངས་རྒྱས་ཟླ་བ་སྒྲོལ་མའི་སྐུ་ཚེའི་རང་རྣམ་དྲན་སོང་།།
དབོན་ཞང་རྡོ་རིང་རྒྱུད་ཀྱི་སྐྱིད་ཆུའི་རླབས་སྒྲ་རེ་རེས།།
དགུན་ཟླ་རིང་མོར་བགྲོད་པའི་ང་དང་ང་ཡི་བྱམས་པ།།
གློ་བུར་ཡ་ཆུང་སྟོང་ལ་ལྷན་དུ་འཚང་བར་གྱུར་ཚེ།།
རིག་འཛིན་ཚངས་དབྱངས་རྒྱ་མཚོ་སྐྱིད་ཆུར་གཤེ་གཤེ་མ་གནང་།།
ཅང་ཤེས་གྲོང་རྡང་ནང་གི་ཆུང་འདྲིས་སྙིང་ཆུང་འཁྱག་འགྲོ།
ཆུ་བོའི་སྐེ་ཚེའི་གསེང་ན་ཁྱེད་རང་གན་རྐྱལ་ལོག་ནས།།
ང་ཡི་བཙན་པོ་བོད་ཀྱི་ཕོ་བྲང་མཇལ་རྒྱུ་མ་བརྗེད།།
བར་སྐོར་གླིང་དུ་འགྲོ་དུས་གཟན་རས་དམར་པོ་མནབས་པའི།།
ཚངས་དབྱངས་རྒྱ་མཚོའི་ཞྭ་ལ་མེ་ཏོག་སེར་ཆེན་བསྒྲོན་ཡོད།།
དབུས་ཀྱི་གནས་ཡུལ་དག་གི་མཇའ་ཁ་བྱིན་རླབས་གནང་རྗེས།།
ང་ཡི་རི་བོ་གྲུ་འཛིན་སྐུ་སེམས་སྐྱོ་བ་མ་མཛད།།
ཕ་ཡུལ་སྐྱིད་ཀྱི་ས་ལ་མི་ལོག་རང་དབང་མི་འདུག། ༢༠༡༨པར་ཟི་ལིང་དུ།
.
རྒྱང་རིང་ལ་བཏང་བའི་གཞས།
.
ཁྱེད་ནི་ཁ་དོག་ཇི་བཞིན་ཁ་དོག་སྣ་ལྔ་ཇི་བཞིན།།
ལན་རེར་དཀར་པོ་ཡིན་ལ་མཚམས་རེར་དམར་པོར་གྱུར་པ།།
སེམས་ནི་མུ་ཏིག་ཇི་བཞིན་མུ་ཏིག་དཀར་པོ་ཇི་བཞིན།།
རླུང་བུ་ལྡང་ཚུལ་བལྟ་ཞིང་ཆུ་བོ་བཞུར་སྟངས་མཚོན་པ།།
ཡིད་ཀྱི་རི་མོ་བརྐོ་སའི་ཞེ་འདང་བར་ཐག་ཉེ་སའི།།
མ་འོངས་ཟི་ལིང་དྲན་པའི་སེམས་པ་དཀར་དཀར་གནང་མཁན།།
ཡུལ་གྱི་ལོག་ཏུ་མེད་རུང་རྒྱང་ནས་ཞལ་གཟིགས་མཛད་པའི།།
བརྩེ་དུང་ཤིན་ཏུ་ཡང་བ་ཉི་ཧོང་ཤར་ནུབ་རྒྱན་པ།།
མཚན་མོར་ཡིད་ལ་དྲན་པ་རྨི་ལམ་སྐར་མཐའ་ཇི་བཞིན།།
ཕན་ཚུན་ཞེན་པའི་ཆགས་པ་གྲོང་གི་ཁ་བ་དེ་བཞིན།།
ནུབ་མཐའི་དགུང་ནས་བྱོན་པའི་ཉི་མ་དེ་དག་ལྟར་དུ།།
གུས་པའི་ནང་སེམས་ཆགས་སའི་སྟེགས་ཀྱི་བུད་མེད་གཞོན་ནུ།།
ང་ནི་ཤིན་ཏུ་དུང་ཞིང་རབ་ཏུ་དགའ་བར་གྱུར་ཏེ།།
དུས་ཀྱི་ཉེ་རིང་ལྡོག་པའི་མ་འོངས་འཚོ་བའི་གྲོགས་སུ།།
གལ་ཏེ་འགྲུབ་པར་གྱུར་ཚེ་བདག་ནི་ཁྱེད་ལ་འབུལ་ལོ།།
ཁྱེད་ནི་ས་སྲོད་ཇི་བཞིན་ས་སྲོད་གཞན་དག་ཇི་བཞིན།།
དགུང་གི་ཉི་མ་ཡོལ་རྗེས་ཚུར་ཚུར་ལོག་ཏུ་ཡོང་བ།།
སེམས་ནི་ཉི་མ་ཇི་བཞིན་ཉི་མ་སེར་བོ་ཇི་བཞིན།།
ཚོན་གྱིས་རབ་ཏུ་དཀྲུགས་རྗེས་དམར་སེར་ལྷན་དུ་འདྲེས་པ།།
ཁ་སེམས་བྱམས་པ་མིན་རུང་ཉིན་མཚན་ཁྱད་མེད་དྲན་པའི།།
མི་རིགས་སློབ་ཆེན་འགྲམ་གྱི་དཀར་ཡོལ་ཆུ་ལ་བཀྲུ་མཁན།།
ཉི་ནུབ་འོད་དུ་བརྟོལ་བའི་མཚོ་ཆེན་ཁྲི་ཤོར་འགྲམ་གྱི།།
ཉིད་དང་ལྷན་དུ་འཚོ་བའི་གྲིབ་མ་ནག་པོ་དེ་ཡི།།
བདག་ཏུ་ཡོད་པ་མིན་རུང་ཐག་རིང་གང་དུ་ཡོད་ཀྱང་།།
སེམས་པའི་ཐག་པ་སྦྲེལ་བའི་བརྩེ་བའི་སྐུ་ཞབས་ཤིག་གི།།
ཅ་ནེ་ཁྲི་ཤིང་གང་གི་རྒུན་ཆང་དམར་པོ་ཇི་བཞིན།།
གསེར་གྱི་འཛུབ་དཀྲིས་ཤིག་གིས་ཆགས་སེམས་མཚོན་པ་ཇི་བཞིན།།
ང་ནི་རབ་ཏུ་མྱོས་ཏེ་སྲོད་ཀྱི་ཆུ་འགྲམ་དག་ཏུ།།
གཅིག་པུར་ཁེར་དུ་ཙོག་སྟེ་སེམས་པ་ཡང་ཡང་གསོ་ཕྱིེར།།
ཁྱེད་ཀྱི་ཕྱོགས་ལ་གཏད་ནས་ལ་གཞས་ཐན་ཐུན་བླངས་ཡོད།།
ཁྱེད་ནི་སྐྲ་ལོ་ཇི་བཞིན་སྐྲ་ལོའི་རི་མོ་ཇི་བཞིན།།
མཚན་མོའི་མུན་པ་འཁྲིགས་རྗེས་སྤྲིན་པའི་ཁ་དོག་འགྱུར་བ།།
སེམས་ནི་གཡུང་དྲུང་ཇི་བཞིན་གཡུང་དྲུང་བོན་ནག་ཇི་བཞིན།།
ལྷ་རྟ་མཁའ་ལ་བཅོལ་ཞིང་བསང་ཕུད་ཞིང་ལ་སྒྲོན་པ།།
ཡིད་ཀྱི་ཚིག་གི་བར་ལ་དྲོད་ཀྱི་སྙན་ངག་འབར་བ།།
གསེར་གྱི་མེ་ཏོག་སེར་བོའི་རི་ཆུ་གྲོང་ལ་ཕབ་མཁན།།
མཛའ་བརྩེའི་བར་ཐག་རིང་རུང་ཞི་བའི་སེམས་པ་སྦྲེལ་ནས།།
དགེ་ཚོགས་སེམས་ཉེ་རྣམས་ཀྱིས་དགྲ་རུ་སྡང་བ་མིན་ན།།
གྲོང་གི་འཚོ་བ་སྐྱ་སྐྱ་ཕྱི་ནང་མཚོན་པ་མེད་པར།།
གཞོན་པའི་སྣང་བས་རྒྱན་པའི་གུས་པ་སོ་སོའི་ལང་ཚོ།།
བུད་མེད་གཅིག་གི་ཆེད་དུ་འཆི་ན་བདེ་སྐྱིད་ལོས་ཡིན།།
༢༠༡༨/༨པར་ཟི་ལིང་དུ་བྲིས། ༢༠༡༨/༩པར་ཕ་ཡུལ་དུ་བཅོས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=673
2018 ལོའི་ཟླ 11 ཚེས 28 ཉིན། སྔ་དྲོ། 4:07
ཨ་ཧོ།