ཐོ་ཡོར། མིང་དངོས་ལ་བསྟན་སྐྱོང་ཟེར། 1995 ལོར་དབལ་ཤུལ་གསེར་རྟའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། སློབ་ཆུང་བཏོན་རྗེས་གྲྭ་བ་བྱས་ཏེ་རང་དགོན་དང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་སུ་སློབ་གཉེར་བྱས། ཞོར་དུ་སྒྱུ་རྩལ་རྩོམ་རིག་སྐོར་གྱི་དཔེ་ཆ་རེར་བལྟས་པ་ཡིན། རང་ལོ20ནས་སྙན་ངག་ཐར་ཐོར་རེ་བྲིས་ཤིང་སྙན་ངག་རེ་འགའ«མི་རིགས་ཀྱི་རྩོམ་རིག»དང«སྦྲང་ཆར» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «གངས་རྒྱན་མེ་ཏོག» «ཟླ་ཟེར» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «གངས་དཀར་རི་བོ»སོགས་དུས་དེབ་དང་ཚགས་པར་དྲ་བ་ཁ་ཤས་སུ་སྤེལ་མྱོང་།   སྙན་ངག་འགའ་ལ་2016ལོའི«མི་རིགས་ཀྱི་རྩོམ་རིག»བྱ་དགའ་དང་2017ལོའི«ཟླ་ཟེར»བྱ་དགའ་ཐོབ།

……..

༢༠༡༨ལོའི་སྟོན་མཇུག(དང་པོ།)

.

སྙིང་བོ་གཞན་ཅི་ཡང་འཚོལ་ཁོམ་མ་བྱུང་ཡང
སྟོན་མཇུག་འདི་དྲན་པས་ཟིན་པ་ཙམ་བྱུང

རྒྱུན་རིང་བའི་དུས་ཚོད་ཀྱིས་འཛུམ་མདངས་ཁུར་ཏེ
ས་སྲོད་ནས་མུན་ནག་ཏུ་གཏུགས
རིམ་གྱིས་བརྗེད་ངེས་ཀྱི་རླུང
ཉི་ནུབ་ནས་ཉི་ཤར་དུ་གཡུག
སྣང་ལ་མ་ངེས་པའི་རྨི་ལམ་མང་པོ་འཁྱུགས་པའི་འོད
སུན་སྣང་གི་ཕུང་པོ་གཏོས་ཆེ་བ་ཞིག་ཏུ་གྲུབ
ངག་ལྐུགས་པའི་བླུན་རྨོངས་ཀྱིས
དབྱར་དགུན་སྟོན་དཔྱིད་བསྐོར

གཏིང་ཟབ་པའི་རྣམ་གཡེང་གི
ཐོགས་རེག་བྲལ་བའི་སེམས་ཀྱི་རྒུད་པ
དང་ཐོག་དཔྱིད་ཀའི་ལྗང་མྱུག་གིས་བསུབས་ཀྱང
དེའི་རྗེས་སྟོན་གྱི་བ་མོའི་གདུག་རྩུབ་ལས་སླར་ཡང་མངོན

ཡུར་གྱར་དུ་ཕྱིན་པའི་གཉེན་ཉེ་ཞིག
ཡུན་རིང་འགོར་བའི་རྗེས་ཀྱི་སྟོན་མཇུག་འདིར་འདས་པ་བཞིན

འགྱོད་གདུང་གིས་མ་ཐེག་པའི་སྟོང་ཁམས
སྟོན་མཇུག་གི་གསེར་མདོག་གིས་ཁེངས

དགའ་སྡུག་གིས་རྨས་པའི་སྟོན་མཇུག་འདིར
ན་ཟུག་ཅིག་འདུན་པའི་རྩ་བར་ཟུག
གཏིང་ཟབ་བམ་ཞེས་འདྲི་དུས
དགུན་ཁར་སླེབས་འདུག

     2018.10.17

༢༠༡༨ལོའི་སྟོན་མཇུག (གཉིས་པ།)

.

ཤིན་ཏུ་སྐྱོ་ཨང
སྟོན་མཇུག་གི་གསེར་མདོག་གིས་བག་ཕེབས་པའི་ཉམས་ཤིག་སྟེར་ཡང
ཁྱེད་ཀྱི་རྒྱབས་གཟུགས་ཁྲོད་ནས་ཁྲུང་ཁྲུང་དག་རྒྱང་ལ་འཕུར

སང་ཉིན་སླར་སླར་མཇལ་གསུང་རྗེས་ཀྱི་ཁུ་སིམ
རྟག་བརྟན་གྱི་ཁེར་རྐྱང་ལ་ཐིམ་སོང

ལམ་འགྲམ་གྱི་ལྕགས་རའི་སྟེང་བབས་པའི
བྱེའུ་དེར་བལྟས་དྲགས་པས་ཡིན་ནམ
འདུག་བཟོད་མེད་པའི་ཚོར་བ་ཅིག་བྱུང

སྔོན་ཆད་ངས་གཅིག་པུར་འཇམ་ཐིང་ངེར
སྟོན་ཁ་ཉི་ཤུ་ལྷག་ངང་རིང་བོའི་ངང་བསྐྱལ་མྱོང
ཡིན་ཡང་ད་ལོའི་ཐང་གཤོང་ལྟ་བུའི་ཁེར་རྐྱང་འདི
སྟོན་དུས་ཧྲིལ་བོར་སོང་ཡང་བསླེབ་རྒྱུ་མི་འདུག

ངས་དུས་ཚིགས་འདི་ལོང་འདུག་སྙམ
རྟག་ཏུ་མི་རྣམས་ཀྱི་དྲན་གདུང་དང་རྡུང་ག་རྒྱག་གིན་འདུག
ཡིན་ཡང སུས་ཀྱང་ཆོམ་སྒྲ་ཐོས་ཏེ་རུབ་རྒྱག་གིན་མི་འདུག
མི་རྣམས་རང་རང་གིས་དྲུད་པའི་སྨུག་པའི་ནང་ནས་ཐག་རིང་ལ་ཆས་ཀྱིན་འདུག

2018.10.18

༈ མི་ཚེའི་འགྲུལ་བཞུད།

.

ཁ་ཕྱོགས་དབྱེ་འབྱེད་དཀའ་བའི་ཐང་སྟོང་འདི་ནས
ཚ་ཕོག་བརྒྱབ་སྟེ་ངལ་གསོས
ཐང་སྟོང་འདིར་གྲིབ་ཆེན་ཁུག་ཟེར་བ་ཞིག་མི་འདུག
ས་སྲོད་ཀྱི་འཆར་ཡན་ཀྱང་མི་འདུག
འཁྱུག་ཙམ་གྱིས ཕྱོགས་བཞི་མུན་པས་བསྡམས་འདུག
ཉི་མ་འང་རྡོག་འོག་ནས་ཤར་ཡོང
མེ་ལྕེ་གཅིག་པུས་ངོ་གདོང་གསལ་ཙམ་གསལ་ཙམ་བྱེད

གཅིག་བྱས་ན་ཐང་ཆེན་འདིའི་མཐའ་ནི་འཆི་བར་ཐུག་ཡོད་ངེས
ཐང་ཆེན་འདི་བརྒྱུད་མྱོང་མཁན་གྱི་སྐྱེ་བོ་གཞན་གྱིས་ཀྱང
ཇ་སྐོལ་དུས་སམ་འགྲོ་དུས་ཉལ་དུས
ཡང་ན་དེ་ཚོ་མིན་པའི་དུས་སུ་དེ་ལྟར་བསམ་ཡོད་ངེས
ཤ་སྐྱི་འང་འདར་བར་བྱེད

གནམ་ངོ་རུབ་སོང ཆར་ཤག་ཅིག་ཡོང་རྒྱུ་ཡིན་པ་འདྲ
གཅིག་བྱས་ན་དེའི་རྗེས་སྨུག་པ་འཐིབ་སྲིད
ཐང་ཆེན་འདི་བརྒྱུད་ནས་འགྲོ་སྐབས
མི་འམ་གཅན་གཟན་གང་རུང་ཞིག་ལ

བར་མེད་དུ་གདོང་ཐུག་ཀྱང་བརྒྱབ་སྲིད
སྐྱེ་བོ་གཞན་ཡང་དེ་ལྟར་ཐེ་ཚོམ་ངང
དོགས་ཟོན་བྱས་ཏེ་ཆས་ཡོད་ངེས

རྐང་ཐང་དུ་ཐང་ཆེན་འདི་བརྒལ་དགོས
ངས་ད་ལྟ་ཁོ་ཚོའི་རྐང་རྗེས་ཀྱང་རྙེད་ཀྱིན་མི་འདུག
ཁོ་ཚོའི་ཤུལ་དུ་ཅི་ཡང་བསྐྱུར་མི་འདུག
ངས་ང་རང་ལམ་ཐག་ཅི་ཙམ་ལ་སོང་བ་འང་བརྗེད་འདུག
ལུས་པོ་རྒུར་རྐང་པ་འདར་ལག་གཉིས་འཁོབ
མིག་གིས་ཀྱང་མདུན་ཕྱོགས་རབ་རིབ་ལས་མི་སྣང
ཐང་ཆེན་འདིར་མཐའ་ཡོད་མེད་ཀྱང་ཅི་ཆ

2018.8.5

༈ ཁྱེད་ཞལ་མཇལ་རྒྱུ་མ་བྱུང་།

.

ཁྱེད་ཞལ་མཇལ་རྒྱུ་མ་བྱུང
གློ་བུར་བའི་འཆི་བ་བསླེབས་ཀྱང

གློ་བུར་བའི་འཆི་བ་བསླེབས་ཀྱང
ཁྱེད་ཞལ་མཇལ་རྒྱུ་མ་བྱུང
སྐྱེ་བ་གཅིག་གི་སྲད་བུ འཆི་ཁའི་ཁ་ཆེམས་དང་སྦྲེལ
འཇིགས་སྣང་གི་བསེར་བུས་ཡོད་ཚད་འཁྱེར་བར་ཕྱོགས
ཕྱོགས་བཞི་ནི་མུན་ནག་ཡུག་གཅིག་གིས་གཡོགས
ལག་པ་མཚམས་མེད་པར་གཡུགས
དེ་ནི་འཇིགས་དངངས་ཀྱིས་མ་ལགས་ཏེ
ཁྱེད་ཀྱི་གདོང་ལ་བྱིལ་བྱིལ་བྱེད་འདོད་པས་སོ
དོང་ཞབས་མེད་དུ་ལྷུང་བའི་སྤྲིན་པར
ཅི་ཙམ་བལྟས་ཀྱང
བློ་ཡུལ་ལས་འདས་པའི་དོན་ཅི་ཡང་འབྱུང་མི་སྲིད

བློ་ཡུལ་འདས་པའི་དོན་ཅི་བྱུང་ཡང
ཁྱེད་ཞལ་མཇལ་རྒྱུ་མ་བྱུང

སྐད་ཅིག་མར་སེམས་ཀྱི་རང་ངོ་ཤེས་ཏེ
སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད
སེམས་ཀྱི་རང་བཞིན་གཅིག་ཏུ་ངེས་པའམ
ཡང་ན
ངོས་མི་སྙོམས་པའི་འཇིག་རྟེན་འདི་ནས
ཁྱེད་ལ་རེ་ཐག་ཆད་པའི་མིག་མདངས
ཁེར་རྐྱང་གི་མཚམས་སྤྲིན་གྱིས་གཡོགས་ཏེ
ཕྱིར་ལོག་མི་ཐུབ་པའི་མི་ཞིག་ཏུ་གྱུར
ཁྱོད་ཀྱི་ཁ་གཏད་ཀྱི་ནམ་མཁའ་རལ་ཏེ་ཁོ་ཡི་མུན་ནག་ཏུ་གྱུར
མུན་ནག་ཏུ་རང་གིས་རང་ལ་སོ་བཏབ་པའི་རྨ་ཁ་ལས
ཆར་ཞོད་ཆེན་པོ་ཞིག་བབས་ཏེ་ཐོག་བརྒྱབ་བྱུང
འཁོར་བའི་རྒྱུན་མཐུད་ནས
ཁེར་རྐྱང་ངང་ཁྱིམ་ཚང་རེ་རེའི་སྒོ་མོ་བརྡུང་སྟེ
ཆེས་སྐྱོ་བའི་གནས་སུ་ཕྱིན

ཆེས་སྐྱོ་བའི་གནས་སུ་ཕྱིན་ཀྱང
ཁྱེད་ཞལ་མཇལ་རྒྱུ་མ་བྱུང

2018.7.1 ཉིན་གསེར་ཐང་ནས།

༈ ལུང་བསྟན།


— གྲོགས་པོ་སྙན་ངག་པ་ཞིག་ལ།

.

ཙུང་ཙམ་འགོར་རྗེས   རྡུལ་སྲབ་མོས་གཡོགས་པའི་ས་སྲོད་བསླེབ་ཡོང་སྟེ
མདུན་གྱི་དངོས་པོ་དག་མཐོང་ལམ་ནས་འཁྱེར་སྲིད
ལན་གཅིག་མཐོང་ལམ་དུ་མངོན་པའི་དངོས་པོ་དག
མི་དགེ་བའི་གྲིབ་མ་དང་འགྲོག་ནས
ཐ་སྙད་ཀྱི་རྩིག་པའི་གསེང་དུ་ཞག་སྡོད་བྱེད་སྲིད
མངོན་སུམ་གྱི་ཐག་པ་བཅད་དེ་ཤོར་བའི་སྙན་ངག
སྐྱེ་འཆིའི་ལམ་གྱི་འགྲུལ་བཞུད་པར་འགྱུར་ངེས
ཡུན་ཐུང་གི་འགྲུལ་བཞུད་དེའི་ཁྲོད་ནས
ཁྱོད་རང་གཉིས་སུ་གྱུར་ཏེ
ཕྱེད་ཀ་དུས་ཚོད་ཀྱི་ལུས་སྟེང་ནས་ཁྱོད་དང་མཉམ་དུ་འཆི་མཁན་དང
ཕྱེད་ཀ་ཁྱོད་དང་དུས་ཚོད་ཀྱི་ལྡོག་ཕྱོགས་ནས་འགྲོ་མཁན་དུ་འགྱུར་ངེས
ཤུལ་དུ་ལུས་པ་ནི་ཁྱོད་ཀྱི་རྣམ་ཤེས
གཏིང་མེད་པའི་ང་རྒྱལ་དེའོ

ཅུང་ཙམ་འགོར་རྗེས   གཉིད་དང་འདྲེས་པའི་མངོན་སུམ་གྱི་རྨི་ལམ་དུ
ཁྲག་རྒྱུན་གྱིས་དེད་པའི་ཐ་སྙད་ཀྱིས་མཚན་མོ་གསིལ་ཏེ་མེ་འབུད་ངེས

2018.7.3