རྩོམ་པ་པོ། ཁྲི་ཀུན་སྲས།

ལོ་རྒྱུས་ལོ་རྒྱུས་ཟེར་བའི་གལ་ཆེན་རང་བཞིན་ཞིག་དང་དེ་ལ་ལྟོས་པའི་ཅིག་ཅིག་ཉིག་ཉིག་གི་སྤྲོས་བཤད་ལུང་པ་གང་འདི་ལྟར་བྱས་ཡོང་དུས་མི་རིགས་ཤིག་གི་རིག་གཞུང་མ་ལག་ཅིག་གི་ཁྱབ་ཁོངས་ཡིན་པའི་ངོས་ཐད་ནས་བསམས་ན་གལ་ཆེན་དོན་ཆེན་མ་རེད་ཅེས་བཤད་པར་གཏན་ནས་མི་འོས་ཀྱང་། གང་ལྟར་ལོ་རྒྱུས་ཟེར་དུས་དེ་ལ་དཔྱད་ཅིང་ནན་ཏན་བསམ་བཞག་ན་དུས་ཀྱི་ཆ་ནས་ཁ་སང་ཕན་ཆོད་ཀྱི་འདས་ཟིན་པ་ཞིག་དང་། གནས་ལུགས་ངོས་ནས་བྱུང་ཟིན་པ་ཞིག ད་དུང་མི་ཞིག་གིས་ངོས་ནས་བསམས་ན་དུར་སར་འགྲིམས་ཚར་བའི་གནས་སྟངས་ལྟ་བུ་ཞིག་རེད། སྤྱིར་ལོ་རྒྱུས་ལོ་རྒྱུས་ཟེར་རྒྱུ་འདིར་ཕན་ནུས་ཇི་ཙམ་དང་དེས་དགོས་མཁོ་གང་ཞིག་དང་ཕན་པ་ཅི་ཙམ་ཞིག་བསྐྱེད་བསྲིངས་བྱེད་ཐུབ་བམ་ཟེར་ན། དེས་སོང་ཟིན་པའམ་འདས་བྱའི་དོན་བྱ་སྣ་མང་ཞིག་བདེན་པ་ཁུངས་སྐྱེལ་བྱེད་ཐུབ་པ་མ་ཟད། བྱུང་བ་དང་ལྷག་ཟིན་པའི་གནས་ལུགས་དེ་དག་གཞི་ལ་བཞག་པའི་བསླབ་བྱ་ཙམ་ཞིག་ནི་ཏན་ཏན་བྱེད་ཐུབ་པ་རེད། དེ་མིན་དེའི་ཕྱོགས་ལ་ག་ཚོད་ཅིག་གིས་རྒྱ་བསྐྱེད་དང་འཕེལ་རྒྱས། གཏིང་ཟབ་པའི་ཤེས་ཚད་ཇི་ཙམ་ཅི་ལྟར་ལྡན་རུང་གོ་བརྡ་སྟབས་བདེ་ཞིག་གིས་ངོ་ཐོག་ནས་བསྡོམས་བརྒྱབ་ནས་བཤད་ན་དུར་ས་བསྔོག་སྟེ་ར་སྤྲོད་བྱེད་ཐུབ་པ་ཙམ་ལས་འདི་ལས་བརྒལ་དང་ལྷག་སོང་བའི་ཕན་ནུས་གཞན་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད་པ་རེད། ས་ལ་འཕོས་ཟིན་པའི་འཐུང་ཆུ་ཞིག་ཡང་བསྐྱར་བཅུས་ཏེ་ཡང་བསྐྱར་འཐུང་ཆུར་ལོངས་སྤྱོད་མི་ནུས་མི་རུང་བ་དེ་བཞིན་དུ་ལོ་རྒྱུས་ཀྱི་རྩ་བའི་རང་བཞིན་དང་གནས་བབ་ཀྱང་སྤྱིར་བཏང་འདི་འདྲ་ཞིག་རེད། ང་ཚོས་ཡོད་ཚད་ཟེར་ཆོག་སྟེ་གལ་གནད་ཐམས་ཅད་པོ་ནི་དེ་རིང་དང་སང་ཉིན་ཕན་ཆོད་ཀྱི་ད་ལྟ་དང་མ་འོངས་པ་ཟེར་རྒྱུ་འདི་ལ་ཐུག་ཡོད་པ་རེད། དེ་ནི་ཤེས་ཡོན་རྨང་གཞིར་བྱས་པའི་ཚན་རིག་དང་མཐུན་པའི་ཆབ་སྲིད། སློབ་གསོ། དཔལ་འབྱོར་ད་དུང་དགོས་མཁོ་ཅན་གྱི་རིག་གཞུང་འདི་སོགས་ལ་ཐུག་བསྡད་པ་ཞིག་དང་དེ་ཡང་འབད་བརྩོན་དང་ནུས་ཤུགས་བསྐྱེད་དེ་མདུན་ནས་མདུན་བསྐྱོད་བྱེད་དགོས་པ་ལས་ཕྱིར་བལྟས་དང་ཕྱི་ནུར་བྱེད་ཆོག་པ་ཞིག་གཏན་ནས་མ་རེད། དེང་དུས་ང་ཚོས་མཐོང་བཞིན་པའི་ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོ་དང་མི་རིགས་དེ་ཚོས་ལོ་རྒྱུས་ལོ་རྒྱུས་རང་གི་འདས་ཟིན་པའི་གནས་བབ་ཅིག་ཏུ་རང་སར་བཞག་ནས་མིག་སྔའི་ད་ལྟ་དང་སང་ཉིན་ཕན་ཆོད་ཀྱི་མ་འོངས་པར་གཙིགས་ཆེར་བཟུང་སྟེ་བརྩོན་སྟོབས་བསྐྱེད་བསྲིངས་བྱས་པའི་དབང་གིས་ཁོ་ཚོའི་ད་ལྟའི་ཁྱད་འཕགས་ངོ་མཚར་ཅན་གྱི་གནས་སྟངས་དངོས་དངོས་རྗེན་རྗེན་མིག་གིས་མཐོང་རྒྱུ་དང་ལག་པས་འཛིན་རྒྱུ་ཡོད་བསྡད་པ་དེ་དག་བསྐྲུན་པ་རེད། ཤར་གླིང་ཨེ་ཤེ་ཡ་དང་ལྷག་དོན་ཤར་ཕྱོགས་པར་འབོད་པའི་རྒྱལ་ཁབ་ཕལ་མོ་ཆེ་ཞིག་དང་མི་རིགས་ཕལ་མོ་ཆེས་ལོ་རྒྱུས་གཙིགས་ཆེར་བཟུང་སྟེ་ཡིག་ཚང་རྙིང་པ་དག་ལ་རིན་ཐང་མཐོ་རྩིས་དང་འདས་སོང་གི་ལོ་རྒྱུས་རྙིང་སོང་དག་ལ་ཞིབ་འཇུག་དང་སློབ་གཉེར་གཙོ་བཟུང་བྱས་པའི་དབང་གིས་ཤར་ནུབ་དབར་གྱི་ད་ལྟའི་ཆེས་རྗེས་ལུས་ཅན་གྱི་གནས་བབ་དངོས་དེ་བསྐྲུན་པ་རེད། ང་ཚོ་ཤར་ཕྱོགས་པ་ཚོས་སྔོན་ཆད་ཀྱི་ད་ལྟ་དང་འབྱུང་འགྱུར་བའི་ཚབ་བྱེད་མི་ཐུབ་ཅེས་ཁ་ནས་བཤད་ཅིང་དོན་གྱིས་གསལ་བཞིན་པ་ལ། ད་དུང་གདེངས་ཚོད་དང་ལག་ལེན་མེད་པའི་ཁ་སྟབས་ཀྱིས་ད་ལྟའི་ཤར་ནུབ་གཉིས་དབར་གྱི་ཕྱོགས་དང་སྒོ་ཀུན་ནས་མི་མཚུངས་པའི་འགལ་འདུ་ཞིག་དང་ཧེ་བག་ངེས་ཅན་ཞིག་མི་འདོད་བཞིན་དུ་ངང་གིས་བསྐྱེད་པ་རེད།

ལོ་རྒྱུས་ལོ་རྒྱུས་ཟེར་རྒྱུ་འདིའི་དགོས་མཁོ་དང་གནས་བབ་རིན་ཐང་གི་ཐད་ནས་དཔེ་མཚོན་ཞིག་བཤད་ན། སྔོན་ཆད་རྒྱ་ནག་གི་རྩོམ་པ་པོ་དང་ཉམས་ཞིབ་པ་གྲགས་ཆེན་བགྲེས་སོང་ཞིག་གིས་ལོ་ངོ་བཅུ་ཕྲག་གཉིས་ལ་ཉེ་བར་ཕྱོགས་ཡོངས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་དང་དཔྱད་འཇོག་ཟུང་འབྲེལ་གྱི་དཔེ་དེབ་ཤོག་ངོས་མང་ཚད་ཅན་གྱི་དེབ་གྲངས་གསུམ་ཅན་ཞིག་འདོན་སྤེལ་བྱེད་རྩིས་ཀྱིས་རྩོམ་པ་པོ་ཁོ་རང་གི་འབྲེལ་ཆགས་ཤར་ནུབ་གཉིས་ཀྱི་གྲགས་ཆེན་རྩོམ་པ་པོ་དང་དེ་འབྲེལ་གཞན་ཡང་རྩོམ་པ་པོ་མིང་གྲགས་ཅན་གང་ཙམ་ཞིག་དཔེ་དེབ་གསུམ་པོ་དབུ་འབྱེད་ཀྱི་མཛད་སྒོར་གདན་ཞུ་བྱས་པ་རེད། ཤར་ཕྱོགས་པའི་མི་རིགས་སྤྱི་དང་ལྷག་དོན་རྒྱ་ནག་རྒྱལ་ཡོངས་ཁྱོན་ཡོངས་ཀྱི་མི་རིགས་ཕལ་མོ་ཆེས་ཁོང་གིས་བརྩམས་དང་རྩོམ་བཞིན་པའི་ལོ་རྒྱུས་རྩོམ་རིགས་ཁག་ལ་མཐོང་ཆེན་བྱས་ཏེ་དཔེ་དེབ་དེ་དག་ཀྱང་ངང་སྒུག་རིམ་བསྟུད་བྱས་ཏེ་ད་ཆ་འཛད་སྤྱོད་མིག་སྔར་ཐོན་ལ་ཉེ་དུས་དེ་བས་དགའ་ཚོར་དང་འགྲམ་ཆུ་མི་འཆོར་བ་ཞིག་ག་ལ་ཡོད། བགྲེས་སོང་རྩོམ་པ་པོ་ཁོང་གིས་རྣམ་དཔྱོད་དང་ནུས་ཤུགས་དུས་ཚོད་དཔར་གྲོན་སོགས་འདི་ལྟར་ཕོན་ཆེན་ཞིག་ཟད་གྲོན་འཁུར་བླངས་བྱས་པའི་ལོ་རྒྱུས་དཔེ་དེབ་གསུམ་པོ་དབུ་འབྱེད་ཀྱི་མཛད་སྒོའི་ཉིན་དེར་ཁོང་གིས་རེ་བསྐུལ་བཞིན་ཤར་ནུབ་ནས་གདན་ཞུ་བྱས་པའི་རྩོམ་པ་པོ་གྲགས་ཆེན་འགའ་ལ་དེ་ཉིན་གྱི་མཛད་སྒོར་རང་རང་སོ་སོའི་འཆར་སྣང་ཟེར་རམ་ལྟ་ཚུལ་རེ་བཤད་རྒྱུར་རེ་བ་བྱས་པ་བཞིན་དུ་ནུབ་ཕྱོགས་པའི་རྩོམ་པ་པོ་གྲགས་ཆེན་ཞིག་གིས་གཏམ་བཤད་གྲགས་ཆེན་ཞིག་བྱས་ཏེ་བརྩམས་ཆོས་ལོ་རྒྱུས་དཔེ་དེབ་སྤྱིའི་རིན་ཐང་དང་དེ་དག་རྩོམ་པ་པོའི་རྣམ་དཔྱོད་ལ་བསྡོམས་ཚིག་ཨ་འགྲིག་ཆ་འགྲིག་ཅིག་བྱས་ཏེ་ད་གཟོད་བམ་ཚད་མཐུག་པའི་དེབ་གྲངས་གསུམ་གྱི་རིན་ཐང་དང་གྲགས་ཆེན་ལོ་རྒྱུས་རྩོམ་པ་པོ་ཁོང་གི་བསམ་བློའི་རིན་ཐང་གཉིས་དེ་བློ་ཡུལ་ལས་འདས་པའི་དམའ་ས་ཅིག་ཏུ་ལྷུང་སྟེ་ཐ་མ་དཔེ་དེབ་གསུམ་པོའི་དཔར་བསྐྲུན་གྱི་མ་གནས་ཀྱང་ལོན་ཐུབ་མེད་པ་རེད། ནུབ་ཕྱོགས་པའི་གྲགས་ཆེན་རྩོམ་པ་པོ་ཁོང་གི་གཏམ་བཤད་མདོར་འདྲིལ་ནས་བཤད་ན། འདི་ལྟ་སྟེ། ང་ཚོ་ནུབ་ཕྱོགས་པ་ནི་ད་ལྟ་དང་མ་འོངས་པ་གཙོ་འདོན་དང་འབད་སྒྲུབ་དམིགས་ཚད་བྱེད་པའི་ལམ་ལུགས་ཤིག་དང་། དེ་བས་མིག་མདུན་གྱི་དངོས་དངོས་རྗེན་རྗེན་ཞིག་ཁས་བླངས་དམ་བཅས་ཏེ་ཡོང་བ་རེད། རྒྱུ་རྐྱེན་འདི་ཁོ་ནས་ད་ལྟའི་ང་ཚོ་ནུབ་ཕྱོགས་པ་སྤྱིའི་ཡར་ཐོན་འབུར་གཟུགས་སུ་ཡོད་བསྡད་པའི་འཚོ་གནས་ཀྱི་མདུན་ལམ་རྒྱ་ཆེ་ཁོབ་ཡངས་པ་དེ་ཉིད་མཚོན་ཡོད་ལ། དེས་དེ་ལྟ་དེ་བཞིན་དུ་ཡང་དག་པར་བསྐྲུན་ཅིང་ཡང་དག་པར་བསྐྱེད་པ་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་འདས་སོང་གི་གནས་སྟངས་གནས་ལུགས་ར་འཕྲོད་ཁུངས་སྐྱེལ་ཙམ་དང་ཕྱིན་ཆད་ལ་བསླབ་བྱ་ཙམ་ཞིག་ལས་གཞན་དག་ཅིག་གི་ཕན་ནུས་གང་ཡང་མི་སྟེར་བ་རེད། ལོ་རྒྱུས་ནི་ལོ་རྒྱུས་ཀྱི་གནས་བབ་ཅིག་ཏུ་རང་སོར་བཞག་སྟེ་དཔྱད་གཞིའི་དགོས་མཁོ་བསྐོང་ཐུབ་པ་ཙམ་ཞིག་བྱས་བཞག་ན་དེ་གས་འགྲིགས་འགྲོ་བ་རེད། ད་དུང་དེ་ལས་བརྒལ་ཏེ་འདས་སོང་གི་ལོ་རྒྱུས་དེ་རིགས་ལ་ཞིབ་ཚགས་དང་རྒྱ་བསྐྱེད་བྱེད་ཀྱིན་འགྲོ་གིན་བསྡད་ན་མིག་མདུན་གྱི་ད་ལྟ་དང་མ་འོངས་པ་གཉིས་ཆར་ལ་ཕན་ནུས་དེ་ཙམ་མེད་པར་མ་ཟད། ཆེས་རིན་ཐང་ཆེ་བའི་མིའི་རིགས་ཀྱི་ནང་གི་བསམ་བློ་དང་ཕྱིའི་དཔལ་ཡོན་གྱི་འཚོ་བ་ཡོད་ཚད་རྨི་ལམ་ཁྲོད་དུ་ཟད་འགྲོ་བ་རེད། རྨི་ལམ་དང་འདྲ་བའི་འདས་སོང་གི་གནས་སྟངས་གནས་ལུགས་ཡོད་ཚད་བཟང་དང་ངན་ཅི་དང་གང་ཞིག་ཡིན་རུང་ཆོག་གི་གང་ལྟར་ད་ལྟ་དང་མ་འོངས་པའི་དགོས་མཁོ་སྟེ་མིག་མདུན་གྱི་འཚོ་ཐབས་དང་དངོས་ཡོད་ཡར་རྒྱས་ཀྱི་ཆ་གང་ཞིག་ཀྱང་དེས་ནམ་ཡང་ཚབ་བྱེད་ཐུབ་ཐབས་མེད་པ་རེད། བྱས་ཙང་ནུབ་ཕྱོགས་པའི་བྱ་སྤྱོད་དང་ལྟ་སྟངས་གང་ཞིག་གིས་ངོས་ནས་བཤད་ནའང་འདས་དོན་ལོ་རྒྱུས་ཀྱི་ཕྱོགས་ལ་འདི་ལྟར་འབད་འབད་དུང་དུང་བྱེད་ཀྱིན་བསྡད་དྲགས་ན་རང་ཉིད་མི་ཧྲེང་ཞིག་གི་འཚོ་ཐབས་ཙམ་ཡང་ལེགས་པོར་འཁྱོངས་ཐུབ་པ་མ་རེད། ཅེས་གཏམ་བཤད་འདི་འདྲ་ཞིག་སྤེལ་བ་རེད། འོ་་་་མཚམས་འདི་འདྲ་ཞིག་ལ་སླེབས་པ་ན་སྔོན་ཆད་བཀླགས་ཟིན་པའི་བརྩམས་སྒྲུང་གི་བག་ཆགས་བློས་ཀྱིས་མི་ཐོངས་པ་འདི་ཡང་འདི་ལྟར་བཤད་ཟིན་ཏོ།། །།