རྩོམ་པ་པོ། ནགས་ཚལ་སྐྱབས།
སྤྱི་ལོ་1204ལོར་ཁྲོ་ཕུ་ལོ་ཙཱ་བས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལྟར། རྒྱ་གར་གྱི་བི་ཀྲ་མ་ཤཱི་ལའི་ཆེས་ཐ་མའི་མཁན་རབས་བཅོ་ལྔ་པ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་པཎ་ཆུང་དགུ་བཅས།ཉི་འོད་དང་ཐག་ཉེ་ལ།ཁོད་ཡངས་པའི་རྒྱ་མཚོ་ཆེན་མོའི་འགྲམ་ནས་གྲང་ངར་གྱིས་ས་རྡོ་འགད་པའི་གནས་ལ་ཆིབས་ཁ་བསྒྱུར་ཏེ། གངས་རིའི་ར་བ་བརྒལ་ནས་རི་མཐོ་ས་གཙང་བའི་གངས་ཅན་གྱི་ཡུལ་ལྗོངས་སུ་རྡུལ་རླུང་འཚུབ་འཚུབ་ཁྲོད་རྟ་ཕོའི་འཚེར་སྐད་དང་བཅས།བཀྲག་མདངས་ཆེ་ལ་མཛེས་སྡུག་ལྡན་པའི་དམར་སེར་གྱི་གྱོན་པས་བཀླུབས་པའི་སྐྱ་མི་འགའ་ཞིག་གཙང་ཡུལ་དུ་འབྱོར། དེ་དུས་བོད་ཡུལ་གྱི་ལུང་པ་སོ་སོ་ཉི་ཚེ་བའི་གནས་སུ་ཡོད་ལ། ཤར་ཕྱོགས་ཨེ་ཤ་ཡའི་གླིང་དུ་སྙན་པར་གྲགས་པའི་མཁས་དབང་འདི་ཉིད་ལ་བོད་ཆེན་པོ་ཞེས་པའི་རྒྱལ་ཁབ་ཅིག་གིས་དད་པ་དུང་དུང་བ་ཞིག་གིས་དུང་དཀར་གཡས་འཁྱིལ་གྱིས་བསུ་བ་བྱེད་མཁན་ཡུལ་ཕྱོགས་ཉི་ཚེ་བ་འགའ་ཞིག་ལས་མེད་ལ།གཙང་དུ་མི་ལོ་བཞི་དང་།དབུས་སུ་ལོ་བཞི། མངའ་རིས་སུ་ལོ་གཉིས་སྟེ་ལོ་བཅུ་ཡི་རིང་ལ་ལོ་ཙཱ་བ་དང་མ་བྲལ་བར་བཞུགས་པའི་དུས་ཚོད་འདིའི་རིང་ལ་ངལ་དུབ་དང་ཕ་ཡུལ་དྲན་པའི་གདུང་བས་ནང་སེམས་མཆི་མས་བརླན་མྱོང་ངམ་ངའི་མཚམས་རེར་དེ་ལྟར་བསམ། ཁོང་གིས་པཎ་ཆེན་དེ་བ་པུ་ཁེ་སོགས་ལ་བསྟེན་ནས་སྒྲ་ཚད་སྙན་ངག་སོགས་སྦྱངས་ཤིང་རིག་པའི་གནས་གང་ལ་མཁྱེན་རྒྱ་ཡངས་ཤིང་རིག་པ་ཀློང་བརྡོལ་གྱི་སྐྱེས་བུ་ཞིག་ཡིན་ལ།བོད་ཀྱི་ཐ་སྙད་རིག་གནས་ཀྱི་འབྱུང་ཁུངས་དངོས་སམ་འཆད་བྱའི་ཕུགས་པཎ་ཆེན་འདི་དང་།པཎ་ཆུང་དགུ་བཅས་ལ་རགས་ལས་པའང་ཡིན་སྟེ།ས་པཎ་གྱིས་པཎ་ཆུང་བདེ་གཤེགས་དཔལ་བྱ་བའི་མདུན་ནས་ཀྱང་སྡེབ་སྦྱོར། མངོན་བརྗོད། སྙན་ངག སྒྲ་ཀ་ལ་བ། ཟློས་གར་གྱི་བསྟན་བཅོས་སོགས་མང་དུ་གསན་པ་དང་།འདིའི་སློབ་མ་བལ་བོ་སཾ་གྷ་ཤྲཱི་བྱ་བའི་མདུན་ནས་ཀྱང་སློབ་དཔོན་དཎྜཱིའི་སྙན་ངག་མེ་ལོང་མ་དང་། དབྱངས་ཅན་མགུལ་རྒྱན་གཉིས་ཀྱང་གསན། ད་དུང་པཎ་ཆུང་དཱ་ན་ཤཱི་ལ་བྱ་བ་རྟེན་སྐྱ་བོ་ཡིན་པ་ས་པཎ་གྱི་སྲིང་མོ་ཞིག་ཀྱང་ཆུང་མར་བཞེས་པ།སྒྲ་ཚད་ལ་མཁས་པ།བཅོམ་ལྡན་རིག་རལ་གྱི་སློབ་དཔོན་ཡང་ཡིན་ལ། མཐར་བོད་ཡུལ་དུ་དགོངས་པ་རྫོགས་པའི་སྐྱེས་ཆེན་དུ་མ་ཞིག་ལ་བསྟེན་ནས་བོད་ཀྱི་ཐ་སྙད་རིག་གནས་ཀྱི་ཆུ་མགོ་ཕྱོགས་ཆ་མེད་ནས་ཆ་ཡོད་དུ་བཞུར་འོང་བ་ཡིན་ལ།ཆ་ཡོད་ནས་བོད་རང་གི་ན་གཞོན་དང་རྗེས་རབས་པ་དག་གི་ནང་སེམས་སུ་བཞུར་ནས་བཞུར་མཚམས་མ་ཆད་པར་ད་ལྟའི་བར་དུ་སྙན་པའི་སྒྲ་དང་བཅས་ཉིན་མཚན་ཀུན་དུ་བཞུར་བ་ཡིན།
སྐབས་དེར་པཎ་ཆེན་ཁོང་གི་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་ནང་སེམས་སུ་ཆད་པ་མེད་པ་དང་ལྷོད་པ་མེད་པར་མེ་དཔུང་བཞིན་ནང་སེམས་སུ་མཆེད་འོང་བ་ནི། ཕ་ཡུལ་དང་། ཆོས་ལུགས། རིགས་གཞུང་། རྩོམ་རིགས། མཚན་སྙན། ཡུལ་མི། གཙུག་ལག་ཁང་། ཉེ་མི། སྦྱིན་བདག་ལྟ་བུའི་ནང་སེམས་སུ་དྲན་གདུང་གིས་གཙེས་པའི་སེམས་ཀྱི་འགྱུ་བག་རྟོད་ཐག་གིས་བརྟོད་པའི་བྱེ་ཐང་གི་རྟ་ཕོ་བཞིན། འཚེར་སྐད་སིལ་སིལ་དང་རྟོད་ཐག་གིས་ཟིན་པའི་མཐའ་སྐོར་ལ་བསྐོར་བ་རྒྱག་བཞིན། ཕྱོགས་ཆ་མེད་ནས་རྣ་བའི་བུ་གར་འཚང་འོང་བའི་གཏམ་ཡག་བཙོག་སྣ་ཚོགས་ལ་གསན་བཞིན། རང་ཉིད་བགྲེས་པོར་གྱུར་དང་འགྱུར་བཞིན་པའི་སྔ་རྟགས་སུ་སྨིན་མ་དང་སྨ་ར་དཀར་པོར་གྱུར་པའི་སྐྱེས་བུ་དེས་སྤྱན་ཆབ་བསིལ་བཞིན་ཕ་ཡུལ་གྱི་ལུང་པའི་ཕྱོགས་སུ་རྒྱང་བལྟ་བྱས་ཡོད་དམ་སྙམ། ཁོང་ནི་དུས་རབས་བདུན་པའི་ནང་དུ་པཱ་ལའི་རྒྱལ་རབས་གཉིས་པ་དེ་ཝ་པཱ་ལས་བཞེངས་བར་གྲགས་པའི་བི་ཀྲ་མ་ཤི་ལ་ཤཱི་ལའི་གཙུག་ལག་ཁང་གི་(བཞེངས་མཁན་སུ་ཡིན་ཐད་དགེ་ཆོས་དང་ཏཱ་ར་ན་ཐ་པ་ཚབ་ལོ་ཙཱ་བ་གསུམ་གྱི་བཞེད་སྲོལ་གསུམ་མཆིས།)མཁན་རབས་བཅོ་ལྔ་པ་ཡིན་ལ།མཐའ་མའི་མཁན་རབས་ཀྱང་ཡིན་པ་རྒྱ་གར་ཆོས་འབྱུང་དུ་གསལ།དེ་བཞིན་གནམ་རི་སྲོང་བཙན་སྐབས་སྟེ་དུས་རབས་ལྔ་པའི་ནང་གོ་པཱ་ལས་ཨོ་ཏན་པུ་རི་དང་།ནཱ་ལནྡཱ་གཉིས་བཞེངས་ཚུལ་བཤད་པ་དང་།བི་ཀྲཱ་མ་ཤཱི་ལའི་མཁན་པོ་སུ་ཡིན་ཡང་དེས་ནཱ་ལནྡཱ་ལ་གཟིགས་སྐྱོང་གནང་དགོས་ཞེས་པས་བི་ཀྲ་མ་ཤཱི་ལ་དང་ནཱ་ལནྡཱའི་གཉིས་ཀྱི་འབྲེལ་བ་དང་རྒྱང་ཐག་ཡང་དེ་ཙམ་རིང་པོ་མེད་པའི་སར་གནས་ཡོད་སྙམ།དུས་རབས་ལྔ་པའི་ནང་དུ་རྒྱའི་བཙུན་པ་ཐང་སན་རྒྱ་གར་དུ་འབྱོར་དུས་ཀྱི་ནཱ་ལནྡཱའི་སྦྱིན་བདག་ནི་ཤར་ལྷོ་ནུབ་བྱང་བཞི་དང་དབུས་ཀྱི་རྒྱལ་པོ་སྟེ་རྒྱལ་པོ་སྡེ་ཁག་ལྔས་མཆོད་པ་དང་བཀུར་བསྟི་ཅི་བགྱིས་མཛད་པ་དང་།དགེ་འདུན་པ་རྣམས་ཀྱི་འཚོ་བའི་ཐད་མཐུན་རྐྱེན་ཅི་ནུས་སྦྱར་གྱི་ཡོད་པ་དང་། བཟའ་བཏུང་དང་། མལ་གོས། མལ་ཆ། སྨན་བཅས་རྒྱལ་ཁབ་ཀྱིས་གཏོང་སྒོ་ནཱ་ལནྡཱའི་ཕྱོགས་སུ་གཏོང་གིན་ཡོད།ཐང་སན་འབྱོར་དུས་ནཱ་ལནྡཱར་པཎྜི་ཏའི་གོ་གནས་ཅན་སུམ་བརྒྱ་ལྷག་དང་། དེ་མིན་པཎྚི་ཏ་སོགས་མཁས་དབང་ཁྱོན་ཆིག་སྟོང་ལྔ་བརྒྱ་དང་བཅུ་ཡོད་ལ་ནཱ་ལནྡཱར་སློབ་སྦྱོང་བྱེད་མཁན་རབ་བྱུང་བ་ཁྱོན་ཆིག་ཁྲིག་ལྷག་ཚོགས་པའི་ཚོགས་སྡེ་ཆེན་པོ་ཞིག་ཡིན་པ་དང་རྒྱལ་ཁབ་གཞན་ནས་འོང་བ་སྟེ། རྒྱ་ནག་དང་། ཉི་ཧོང་། བོད་བཅས་ཀྱི་བཙུན་པའང་མང་ཙམ་མཆིས། མཐའ་སྐོར་ཆུས་བསྐོར་ཞིང་མེ་ཏོག་གིས་ཚལ་གྱིས་བརྒྱན་པ་དང། བཟོ་བཀོད་དང་རྒྱ་ཁྱོན་སོགས་ཀྱི་ཐད་ཡང་རྩེར་སླེབས་པ་ཞིག་ཡིན་པ་བཅས་གསལ་བོར་བྲིས་ཡོད་པ་དང་མདོར་ན་ཆོས་དང་ཟང་ཟིང་གང་ཅིའི་ཐད་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ཧ་ཅང་གསལ་བོ་ཡིན། པཎ་གྲུབ་བཅུ་བདུན་སོགས་ཀྱང་གནས་འདི་ནས་བྱོན་པ་དང་། སྙན་པའི་གྲགས་པ་ཡང་ཕྱོགས་བཞིར་མཆེད་པའི་དུས་སྐབས་དེ་དུས་ཡིན།
ཆག་ལོའི་ལམ་ཡིག་ཏུ་བལྟས་ན་ཉན་ཐོས་མང་ཙམ་ཡོད་པར་སྣང་སྟེ། གཙོ་བོ་ཏུ་རུ་ཀའི་དམག་གིས་འཇིག་པར་བཟོས་པ་ནི་ཐེག་ཆེན་གྱི་སྡེ་སྣོད་ལ་གཙོ་བོར་ཆེད་དུ་ངན་སྔགས་སྣ་ཚོགས་སྦྱངས་ནས་མེ་ལྷ་དང་ཉི་མ་བསྒོམས་ནས། ཐེག་ཆེན་གྱི་ཆོས་དཔེ་སྣ་ཚོགས་ངན་སྔགས་ཀྱི་མཐུ་ཡིས་བསྲེགས་པར་བྱས།རྒྱ་གར་ནང་དུ་ཉན་ཐོས་རྣམས་ཀྱིས་ཐེག་ཆེན་གྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་གསུང་མ་ཡིན་པར་ཀླུ་སྒྲུབ་ཅེས་པའི་དབང་བོ་རྣོ་བ་ཞིག་གིས་བརྩམས་པ་ཡིན་ཟེར་བ་དང་།ཆག་ལོ་དགྲ་བཅོམ་(ཆག་ལོ་ཆོས་རྗེ་དཔལ་གྱི་ཁུ་བོ།)རྒྱ་གར་དུ་བརྒྱད་སྟོང་བའི་པོ་ཏི་ཞིག་བརྒྱབ་ཏུ་ཁུར་ནས་འགྲོ་སྐབས་ཤིག་ལ་ཉན་ཐོས་པ་ཞིག་གིས་པོ་ཏི་ཅི་ཡིན་དྲིས་པ་ན། བརྒྱད་སྟོང་བ་ཡིན་ཞེས་པས་ཉན་ཐོས་དེས་ཁྱོད་ནི་བཙུན་པ་རྣམ་དག་ཅིག་མཆིས་པས་ཆོས་ལོག་དེ་ཆུ་ལ་སྐྱུར་ཞིག དེ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ཞེས་པ་དང་གཞན་ཉན་ཐོས་དག་གིས་སྒྲོལ་མ་དང་སྤྱན་རས་གཟིགས་ལྟ་བུའི་ཐེག་ཆེན་གྱི་ལྷ་མང་ཤོས་ལ་དད་པ་མི་བྱེད་ལ་མཐོང་ཆུང་དང་སྣང་ཆུང་བྱས་ནས་འཇིག་རྟེན་པ་ཙམ་དུའང་མི་བརྩི་བ་ཡིན།
དེ་ནས་ལོ་ངོ་དྲུག་བརྒྱ་ཡས་མས་མཚམས་སུ་བོད་ཀྱི་ལོ་ཙཱ་བ་ཆག་ལོ་ཆོས་རྗེ་དཔལ་རྒྱ་གར་དུ་ཕེབས་པའི་གནས་ཡིག་བཀླགས་པ་ལྟར་ན།རྒྱ་གར་ཡུལ་གྲུ་ཀུན་དུ་ཏུ་རུ་ཀའི་དམག་དཔུང་གིས་ཚ་ཚ་འུར་འུར་བྱེད་པའི་དུས་ཚོད་ཅིག་སླེབས་ཡོད་ཀྱང་།རྒྱ་གར་ནང་དུ་ཆོས་ལུགས་ཀྱི་ཛ་དྲག་སྣ་ཚོགས་བྱུང་ནས་ཆོས་ལུགས་སྤེལ་ཐབས་ཀྱི་དམག་འཁྲུག་རྒྱ་གར་ཧྲིལ་བོར་ཁ་ཆེས་འཇིགས་སྐུལ་བྱེད་ཀྱིན་ཡོད་ལ། དེ་ནི་ནང་བ་ཤ་སྟག་ལ་ཞེ་གནག་པ་ཡང་མ་ཡིན་པར་ཆོས་ལུགས་སྣ་ཚོགས། ལོ་རྒྱུས་ཀྱི་གསེར་ཡིག་བསུབ་ཅི་ཐུབ་བྱེད་ཀྱིན་ཡོད་ལ། མཁན་པོ་དང་པཎྚི་ཏ་བགྲེས་སོང་དག་ཕྱོགས་ཆ་མེད་དུ་ལ་འདེད་ལུང་འདེད་བྱེད་ཀྱིན་ཡོད་ལ། གསར་དུ་ཞུགས་པའི་ན་གཞོན་རྣམས་ལ་བཙན་གྱིས་ཁ་ཆེའི་ཆོས་ལུགས་བསྒྲུབས་པར་བཅུག་པ་དང་།གལ་ཏེ་ནང་བའི་དད་པ་དང་དམ་ཚིག་བསྲུངས་ནས་འདུག་ན་ལྕེ་གཅོད་པ་དང་། གསོན་སྙིང་ལེན་པ། མིག་འབྲུ་བ་ལྟ་བུའི་མནར་སྤྱོད་གཏོང་གིན་པའི་ཁྲག་གི་ཉི་མ་དམར་པོ་ཞིག་རྒྱ་གར་ལུང་པར་འཆར་བཞིན་ཡོད། དེ་ནི་མ་ག་དྷ་དང་ཡངས་པ་ཅན། ནཱ་ལནྡཱ་དང་། བི་ཀྲཱ་མཱ་ཤཱི་ལའི་གཙུག་ལག་ཁང་ལྟ་བུར་བཅོམ་བསྲེགས་སྣ་ཚོགས་གཏོང་གིན་ཡོད་ལ་རྒྱ་གར་གྱི་དྲི་གཙང་ཁང་དང་གཙུག་ལག་ཁང་སྣ་ཚོགས་སུའང་མཆོད་གནས་ཀྱི་སྐུ་གཉེར་དགོན་པ་རེའི་ནང་དུ་གྲྭ་བ་གཅིག་དང་གཉིས་ལས་མེད་པ་དང་། དེ་བཞིན་ནཱ་ལེནྡཱའི་ནང་དུ་གྲྭ་བ་བཅུ་བདུན་དང་།པཎྚི་ཏ་གཅིག་བཅས་གྲྭ་བ་བཅོ་བརྒྱད་ལྷག་མཆིས་ཤིང་སྐབས་དེར་ཆག་ལོའི་ལམ་ཡིག་ཏུ། བླ་མ་བགྲེས་པོ་ཞིག་གིས་”བླ་མ་དཔོན་སློབ་རྣམས་ཀྱང་བཀྲོངས་ངེས་པར་འདུག་པས་བྲོས་ཤིག་ཟེར་བའི་ཕྲིན་བྱུང་བས།བླ་མ་ལ་འོ་སྐོལ་རྣམས་གཤེགས་པར་ཞུས་པས།འབྲོས་ཀྱང་མི་འབྲོས་གསུངས།ཡང་བྲམ་ཟེའི་ཕྲིན་བྱུང་ནས་བླ་མ་ལ་ཞུས་པས་སྔ་མ་སྐད་གསུངས།ཕྲིན་དེ་མང་པོ་མང་པོ་བྱུང་བས།སློབ་མ་གཞན་ཐམས་ཅད་བྲོས།ཆོས་རྗེ་ལོ་ཙཱ་བ་གཅིག་པུ་བླ་མ་ལ་ཆགས་ནས་བཞུད་མ་ཕོད་དེ།བླ་མ་ལ་གཤེགས་པར་ཞུས་པས་ཁྱོད་བོད་ཀྱི་མི་གཅིག་ང་ལ་ཆགས་ནས་སྡོད་པ་གླེན།ཡུལ་མི་སློབ་མ་རྣམས་ཀྱང་བྲོས་པ་ལ་ཁྱོད་མི་འབྲོས་པ་བསད་ཡོང་གསུངས་ནས་བཀའ་བཀྱོན་ཏེ་མི་བཞུད་ན་ང་གསོད་ཀྱང་མི་འགྲོ་ཞུས་པས་མཉེས་ནས་ཁྱེད་དམ་ཚིག་ཅན་དུ་འདུག་འོང་ཆེ། ད་འོ་ན་ཁྱོད་ཀྱིས་ཁུར་ན་ཐེག་གམ། ཐེག་ན་འུ་གཉིས་འབྲོས་སོ་གསུངས།” དེ་ལྟར་ནཱ་ལནྡཱའི་ནང་གི་བསྟན་པ་འཕེལ་འགྲིབ་དང་།ཕྱིའི་འཇིག་པ་ཇི་ཙམ་འོང་གིན་ཡོད་པ་འདི་ཁོ་ནས་དཔོག་པ་དང་གཞན་ཨོ་ཏན་པུ་རི་ཡང་ཇི་ལྟར་འཇིག་གིན་ཡོད་པ་ཆག་ལོའི་ལམ་ཡིག་ཏུ”ན་ལེནྡྲ་ནས་ཤར་ཕྱོགས་སུ་ཉིན་ལམ(རྐང་ཐང་)གཅིག་ན་ཨོ་ཏནྟྲའི་གཙུག་ལག་ཁང་ན་གར་ལོག་གི་(ཁ་ཆེའི་བྱེ་བྲག་ཅིག)དཔོན་གཅིག་གི་གཞིས་ཀ་བྱས་ནས་ཡོད་པ་དེས”ཞེས་པ་ལྟ་བུ་དག་གིས་རྒྱ་གར་དུ་ནང་ཆོས་རྩ་མེད་གཏོང་བའི་འགོ་བསྙེས་ཟིན་ལ།ནང་གི་གསུང་རབས་ཀྱང་མེ་ལ་བསྲེགས་ཏེ་ཉིན་ཞག་དུ་མའི་རིང་ལ་དམར་བོང་བོང་དུ་འབར་བཞིན་པའི་མེ་དཔུང་དང་ཟླ་ངོ་གཅིག་ཙམ་ལའང་མི་ཆད་པའི་དུ་བོ་སྐྱ་ནར་བ་ཞིག་རྒྱ་གར་གྱི་གྲོང་ཚོ་གང་སར་ཤོག་བུ་འཚིག་དྲིས་ཡོངས་སུ་ཁྱབ་པ་ནི་དཔེར་ན་ནཱ་«ལནྡཱ་ཞིབ་འཇུག་»ཅེས་པར་བྷགཛི་ཡའི་དམག་དཔོན་ཞིག་གིས་རྟ་དམག་དང་རྫོང་ཚེགས་མེད་དུ་འཕྲོག དེར་གླེགས་བམ་ཤིན་ཏུ་མང་པོར་མཐོང་ནས་མི་ཐམས་ཅད་བསད་ཟིན་པས་ཀློག་མཁན་མེད། འདི་རྣམས་ཇི་ལྟར་བྱེད་ཅེས་དྲིས་པས་དམག་དཔོན་གྱིས་གལ་ཏེ་ཀོ་རན(ཁ་ཆེའི་ཆོས་གཞུང།)ནས་བཤད་པ་དང་མཐུན་པའི་གཞུང་ཡིན་ན་ནི། ཀོ་རན་ཡོད་བཞིན་གཞན་འཇོག་པའི་དགོས་པ་མེད།མི་མཐུན་ན་ནི་ལྟ་ལོག་གི་ཆོས་ཡིན་པས་འཇོག་པའི་དགོས་པ་མེད་པས་མེ་ལ་སྲེགས་ཤིག” ཅེས་སྨྲས་པས་ནཱ་ལནྡཱ་མེ་དུད་ཀྱི་ཀློང་དུ་གཅུད་པ་དང་ཤེས་རིག་གིས་བྱུགས་པའི་རྒྱལ་ཁབ་འདིར་ལོ་ངོ་དུ་མར་ཐེག་ཆེན་གྱི་སྒྲ་ཙམ་ཡང་མེད་པར་བཟོས། སྤྱི་ལོ570ལོར་ཨ་རབ་ནས་འཁྲུངས་པའི་མོ་ཧན་མོ་རྡར་རམ་སྦྲང་རྩིའི་བློ་གྲོས་བའི་དམག་གིས་རྒྱ་གར་ནང་དུ་བཙན་འཛུལ་བྱས་ཤིང་།ཁོང་ཉིད་ཆུང་དུས་ནས་གོ་ས་ཐོབ་ཕྱིར་ཡབ་ཆེན་བགྲོངས་པའི་སྟོན་པ་ཞིག་ཡིན།སྐབས་དེར་བོད་ཀྱི་རྗེ་སྲོང་བཙན་དང་། རྒྱ་གར་རྗེ་ཤྱིཧར་ཤ་དང་།རྒྱ་ནག་གོང་མ་ཐེ་ཙུང་གི་སྐབས་སུ་ཁེལ་ཡོད་ལ་སྐབས་དེར་ནཱལནྡཱར་མུ་སྟེགས་སྨྲ་བ་སུ་དར་ཇ་ཡ་ཞེས་པ་ཐོན་ནས་སངས་རྒྱས་ཆོས་པ་ཚོར་རྩོད་གླེང་བྱེད་དགོས་ཚུལ་བརྗོད་དུས། ནཱ་ལནྡཱའི་མཁས་པ་མང་ཤོས་ཕྱི་རོལ་དུ་སྒོམ་སྒྲུབ་ཉམས་ལེན་བྱེད་དུ་ཕེབས་པས།སློབ་དཔོན་ཕྱོགས་གླང་རྒྱ་གར་ཤར་ཕྱོགས་ནས་གདན་དྲངས་ཏེ་རྩོད་པ་བྱས་པས་སློབ་དཔོན་རྒྱལ།མུ་སྟེགས་པ་དེ་ཡང་ཆོས་ལ་ཚུད་ཅེས་པས་སྐབས་དེར་ནཱལནྡཱའི་གཙུག་ལག་ཁང་དུ་སློབ་དཔོན་ཕྱོགས་གླང་ཡང་བཞུགས་ཡོད་པ་དཔོག་ནུས།ཁ་ཆེའི་དམག་གི་བཙན་འཛུལ་ཁྲོད་ཆོས་ལུགས་ཙམ་མ་ཡིན་པར་སྤྱི་ཚོགས་ནང་དུ་འཇིགས་སྐུལ་སྣ་ཚོགས་བྱས་ཏེ།ཁ་ཆེ་བ་དག་གིས་ཁྲག་གི་ཆར་བ་དམར་པོ་ཞིག་ཕབས་ཤིང་།དེ་ཡང་སྐྱི་གཡའ་བའི་གཏམ་རྒྱུད་འདི་ལྟར་ཐོས་ཏེ། མའི་མདུན་སར་བུ་ཕྲུག་བསད་ནས་སྙིང་ཨ་མའི་ཁར་རྫོང་བ་ལྟ་བུའི་དྲག་ཆས་ཀྱི་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་ཡོད་ལ་སྤྱི་ལོ1205ལོར། ཁ་ཆེ་པཎ་ཆེན་བོད་དུ་ཕེབས་ནས་ལོ་གཅིག་འདས་རྗེས་ཤར་ཕྱོགས་ཨེ་ཤ་ཡའི་གླིང་དུ་སྙན་པའི་གྲགས་པ་ཕྱོགས་ཀུན་མཆེད་པའི་རྒྱ་གར་གྱི་རིགས་གནས་ཀྱི་གཙུག་ལག་ལྡིང་ཁང་ནཱ་ལནྡཱ་སིལ་བུར་གཏོར་ཞིང་། པཎ་ཆེན་ཁོང་ནི་སྐུ་ཚེ་ཆོས་དང་རིགས་གནས་ལ་བསྟིམ་པའི་ནང་བའི་མཁས་དབང་ཞིག་ཡིན་ལ།དམག་དོན་དང་ཆབ་སྲིད་ཀྱི་འདུ་ཤེས་ལར་ནས་མེད་ཁར་དམག་འཁྲུག་རང་སྲུང་གི་ཡོ་བྱད་ཁབ་ཙམ་ཡང་མེད་པའི་དྲང་སྲོང་རྣམ་དག་ཅིག་ལགས་ཏེ། ཕ་ཡུལ་བཅོམ་པ་དང་། ནང་མི་བསད་པ། ཆོས་ལུགས་གཏོར་བ་སོགས་ཀྱི་གཏམ་ངན་སྣ་ཚོགས་ཀྱིས་རྣ་བའི་བུ་གར་ཤེད་ཀྱིས་གཤག་འོང་དུས་ལུས་སེམས་གཉིས་ཀ་དངངས་སྐྲག་གིས་འདར་ཡོད་པ་ཚོད་དཔག་བྱེད་ཐུབ། དེ་ལྟར་གྲང་རླུང་ངར་མ་ཤུར་ཤུར་དུ་ལྡང་བའི་དབུས་དང་གཙང་གི་ཕྱོགས་སུ་རྒྱང་ལམ་མི་མཐོང་ཞིང་། རི་དང་སྨུག་པས་བསྒྲིབས་པའི་ཡུལ་དང་། ཡུལ་ལྗོངས་སྐྱ་ནར་བ་ཤུན་པ་བཤུས་པ་དང་འདྲ་བའི་རྡུལ་རླུང་ཁྲོད། དཔལ་ཡོན་ལྡན་པའི་རྒྱ་གར་རྒྱལ་ཁབ་དང་དང་རིགས་གནས་མཐའ་དག་གི་སྐྱེད་ཚལ་དེ་ཉིད་དབང་མེད་ངང་རང་སེམས་སུ་བཀྲ་བ་ལ་ཨང་། དགུན་ཁ་ཚེས་དུས་གྲང་རླུང་ངར་མས་ཤུར་གླུ་ལེན་བཞིན།ཁ་བ་བུ་ཡུག་གིས་རི་ཐང་བཀླུབས་ཏེ།བོད་ཞིང་འབྲོག་དག་གི་ནང་སེམས་སུ་དཀའ་ངལ་སྣ་ཚོགས་འཕྲད་དེ་མིག་ཆུ་ས་རུ་ཟགས་བཞིན། དཔལ་འབྱོར་གྱི་ཐོན་སྒོ་དང་ཡོང་འབབ་ནི་ནམ་ཟླས་ཚོད་འཛིན་པའི་དུས་སྐབས་དེར་དཔལ་ཡོན་ལྡན་པའི་རྒྱ་གར་རྒྱལ་ཁབ་དེ་ནང་སེམས་ཀྱི་མེ་ལོང་ངོས་སུ་ཆུ་བོ་བཞིན་དྭངས་ཤིང་གཙང་ལ། སྤྲིན་དཀར་བཞིན་དཀར་ཞིང་གཙང་།དེ་ལྟར་ཆེས་འཁྱག་པའི་མདོ་དབུས་མཐོ་སྒང་དེ་ནས་བགྲེས་སོང་ཆོས་གོས་མནབས་པ་ཞིག་གིས་རང་ཉིད་རྒྱལ་ཁབ་ཀྱི་རིག་གནས་མང་ཙམ་ཞིག་བོད་མི་ལྷག་བསམ་ཅན་དག་གིས་སྐུལ་བའི་ངོར།བུམ་པ་གང་བྱོའི་ཚུལ་དུ་བྱོས་པ་དུས་དེ་ནས་བཟུང་ཁ་བ་གངས་ཅན་པའི་ཐ་སྙད་ཀྱི་གཙུག་ལག་ཕོན་ཆེན་ཞིག་གྲུབ་པ་ཡིན་ལ།སྙན་ངག་གི་གཞལ་ཡས་ཁང་ཆེན་ཞིག་ཀྱང་གྲུབ་པ་ཡིན།དེ་ལྟར་ལོ་འཁོར་བཅུ་ཡི་རྗེས་སུ་པཎ་ཆེན་ཁ་ཆེར་གཤེགས་ཏེ་ནང་བསྟན་ཆོས་ལུགས་ཉམས་པ་རྣམས་གསོ་བ། ཅུང་ཙམ་འདུག་པ་རྣམས་ལ་ཁ་གསབ་བྱས་ཏེ་སྐུ་ཚེ་གང་དུ་སངས་རྒྱས་ཆོས་ལུགས་སྨྲས་ཏེ་མཐར་དགུང་གྲངས་གོ་དགུ་པ་སྤྱི་ལོ1225ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ།།
* ཁ་བྱང་འགྲེལ་བཤད་དང་གསལ་བཤད་ཕྲན་བུ། ཁོ་བོ་ནི་ཐོས་པ་ཆུང་ལ་བརྩོན་པ་ཉུང་བའི་མི་བུ་ཞིག་ཡིན་སྟབས་རྩོམ་གྱི་གཉུག་གཤིས་མེད་པའི་ཁར་ཚིག་གི་སྦྱོར་བ་ཡང་ཕུན་སུམ་ཚོགས་པ་ཞིག་མེད་ལ།སྡེབས་ལེགས་ཀྱང་ཆ་མི་སྙོམས་པར་ར་མགོ་ལུག་འབྱར་ལྟ་བུའི་དཔེ་བཞིན་དོན་སྟོན་ཐུབ་པ་ཞིག་འབྲི་མི་ནུས་མོད།ཡིན་ཡང་རང་ནུས་ཅི་ལྕོགས་ཀྱིས་སྙན་ངག་ནས་ལྷུག་རྩོམ་གྱི་ལམ་དུ་བགྲོད་པར་འབད་བརྩོན་ལྷོད་མེད་གནང་གིན་ཡོད་ལ་ཁོ་བོའི་དམ་བཅའ་ཞིག་ཀྱང་ཡིན། ད་ཐེངས་«རྒྱ་གར་བ་ཞིག་གིས་བོད་ཡུལ་ནས་སྤྱན་ཆབ་བསིལ་བ།»ཞེས་པའི་ལྷུག་རྩོམ་ཚན་པ་ཅིག་བྲིས་ཡོད་ལ།འདི་ནི་ངོས་ནས་བལྟས་ན་རང་དང་རྒྱང་ཐག་ཤིན་ཏུ་རིང་མོད།རིང་བའང་མ་ཡིན་ཏེ།བོད་ཀྱི་ཆོས་པ་ཞིག་གམ་མཚན་ཉིད་པ་ཞིག་གི་ངོས་ནས་བལྟས་ན་ནཱ་ལནྡཱ་དང་ནཱ་ལནྡཱའི་ཤེས་རིག་ལ་རྒྱུས་མངའ་ཅུང་ཙམ་ཡོད་པ་ནི་ཆེས་རྒྱུན་ཤེས་ཤིག་ཏུ་གྱུར་བ་ལས།ཆེད་སྦྱོང་ལྟ་བུ་ཞིག་གི་ངོས་ནས་གཞལ་རྒྱུ་ཡེ་ནས་མེད་པས།ཁོ་བོས་ཏཱ་ར་ན་ཐས་བརྩམས་པའི«རྒྱ་གར་ཆོས་འབྱུང་།»དང་ཆག་ལོའི«ལམ་ཡིག»དང་དགེ་ཆོས་ལགས་ཀྱི«གཏམ་རྒྱུད་གསེར་ཐང་།»སྐྱེས་སར་ཀླུ་སྒྲུབ་ཀྱིས་བརྩམས་པའི«ནཱ་ལནྡཱའི་ཞིབ་འཇུག»དགེ་འདུན་རབ་གསལ་ལགས་ཀྱིས་བརྩམས་པའི«རིག་པའི་ཁྱེའུ»སོགས་ལ་ན་ནིང་ནས་དཔེ་ཀློག་ཅུང་ཙམ་བྱེད་པའི་བསྐལ་བ་ཐོབ་པར་རྟེན།ད་ཐེངས་དཔེ་ཀློག་ཟིན་ཐོའི་བྱ་འགུལ་འདི་ནས་ཀྱང་གཟའ་མཇུག་གི་དུས་ཚོད་དང་བསྟུན།བམ་ཀློག་གམ་རོབ་ཙམ་བཀླགས་ཏེ་«རྒྱ་གར་བ་ཞིག་གིས་བོད་ཡུལ་དུ་སྤྱན་ཆབ་བསིལ་བ།»ཞེས་པའི་གར་ལོག་གི་དམག་གིས་རྒྱ་གར་བཅོམ་རྗེས་བོད་ཡུལ་དུ་འབྱོར་བའི་རྒྱ་གར་གྱི་མཁས་དབང་ཁ་ཆེ་པཎ་ཆེན་ལགས་དང་འབྲེལ་ཟིན་བྲིས་རེག་ཟེག་ཅིག་འདིར་བཀོད་ན།རང་དང་སྐལ་མཉམ་དག་གི་སློབ་སྦྱོང་ལ་རྔོ་ཅུང་ཙམ་ཐོགས་པར་སྨོན་ནོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=504
དཔྱད་མཆན་སྤེལ།