འདིར་རྒྱ་གཞུང་ཚད་མ་དང་བཤེས་གཉེན་མཁས་པའི་མན་ངག་གི་རྗེས་སུ་འབྲངས་ཏེ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་ལ་ངེས་པར་འབྲེལ་པ་གྲུབ་དགོས་མིན་དང་། དངོས་རྒྱུ་དངོས་འབྲས་ལ་འབྲེལ་པར་འདོད་པའི་ལུགས་མི་འཐད་པ་དང་། རྟགས་ཡང་དག་ཐམས་ཅད་ཀྱི་ཁྱབ་པ་གྲུབ་པ་འབྲེལ་པ་རྟོགས་པ་ལ་མི་ལྟོས་པའི་ཚུལ་དང་དེ་དག་ལས་འཕྲོས་པའི་དོགས་པ་འགའ་ཞིག་བཅས་ལ་རགས་ཙམ་དཔྱད་པར་བྱའོ། །

གཅིག རྗེས་སུ་འགྲོ་ལྡོག་གྲུབ་པའི་རྒྱུ་མཚན།

ཤེས་བྱ་རྣམས་ལས་ཕྱུགས་ཡོད་ན་རྟ་ཡོད་པས་ཁྱབ་པ་མེད་ལ། རྟ་མེད་ན་ཡང་ཕྱུགས་མེད་པས་ཁྱབ་པ་མེད་པ་ལྟ་བུ་རྗེས་སུ་འགྲོ་ལྡོག་མ་གྲུབ་པའི་རིགས་ཤིག་དང་། ཤ་བ་ཡོད་ན་ཤིང་ཡོད་པས་ཁྱབ་ཅིང་ཤིང་མེད་ན་ཤ་བ་མེད་པས་ཁྱབ་པ་ལྟ་བུའི་རྗེས་སུ་འགྲོ་ལྡོག་གྲུབ་པའི་རིགས་གཞན་ཞིག་སྟེ་གཉིས་ཡོད་པ་གསལ། ཕྱི་མ་ལ་ཡང་ཤ་བ་དང་ཤིང་ལྟ་བུ་ངོ་བོ་གཅིག་པ་དང་། མེ་དུ་ལྟ་བུ་ངོ་བོ་ཐ་དད་པ་གཉིས་ལས་དང་པོ་ནི། ཤ་བ་རང་གི་ངོ་བོ་དེ་ཤིང་གི་ངོ་བོ་རུ་གྲུབ་པས་དེའི་སྟེང་གི་ཤིང་ཡིན་པའི་ངོ་བོ་དེ་དང་ཁ་བྲལ་ནས་ཤ་བ་གཅིག་པུ་ཤུལ་དུ་ལུས་མི་སྲིད་པས་ཤིང་ལྡོག་ན་ཤ་བ་ཡང་ལྡོག་པ་ཡིན་ཞིང་ཤ་བ་ཡོད་ན་ཤིང་ཡོད་པས་ཁྱབ་པ་ཡིན་ཏེ། རྣམ་འགྲེལ་རང་འགྲེལ་ལས།(སྡེ་བསྟན་པོད174_ཤོག་ངོས_0539) “དཔེར་ན་ཤིང་གིས་ཤིང་ཤ་བ་ལྟ་བུ་སྟེ། ཡལ་ག་ལ་སོགས་པ་དང་ལྡན་པའི་ཁྱད་པར་འགའ་ཞིག་ཁོ་ན་ལ་དེ་སྐད་དུ་གྲགས་པའི་ཕྱིར་དེ་ནི་དེའི་རང་གི་ངོ་བོ་ཡིན་ནོ། །རང་གི་ངོ་བོ་ཡོངས་སུ་བོར་ནས་ཀྱང་ཇི་ལྟར་ཡོད་པར་འགྱུར་ཏེ། རང་གི་ངོ་བོ་ཁོ་ན་ངོ་བོ་ཡིན་པའི་ཕྱིར་རོ། །”ཞེས་གསུངས་སོ། །གཉིས་པ་ནི། དུ་བ་ཞེས་པ་ནི་བུད་ཤིང་གང་ཡང་རུང་བ་མེས་བསྲེགས་པས་དེའི་ཚོགས་པ་ན་ཡོད་པའི་ཆུ་ཁམས་ཉམས་པ་ལས་བྱུང་བའི་རླངས་པའི་ཁྱད་པར་མགྲིན་པ་བཀུ་བ་སོགས་ཀྱི་བྱེད་ལས་དང་ལྡན་པ་ཞིག་ལ་བརྗོད་ཅིང་། དེ་ནི་ཡུལ་དུས་གང་དུ་སྐྱེ་བ་ལ་ངེས་པར་དུ་ངོ་བོ་ཚ་བ་ཡིན་ཞིང་བྱེད་ལས་བུད་ཤིང་གི་འགྱུར་བ་བསྐྱེད་པའི་མེ་ཞིག་སྔོན་དུ་འགྲོ་དགོས་པ་དང་། དེ་ལྟར་མ་སོང་ན་དུ་བ་དེ་ཡང་སྐྱེ་བ་མི་སྲིད་པས་ན། ཡོད་ན་ཡོད་པ་དང་ལྡོག་ན་ལྡོག་པའི་འབྲེལ་པ་གྲུབ་པ་ཡིན་ཏེ། རང་འགྲེལ་ལས། (སྡེ་བསྟན་པོད174_ཤོག་ངོས_0539) “རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་བ་མེད་པའི་ཕྱིར། །རྒྱུ་ལྡོག་པ་ལས་འབྲས་བུ་ལྡོག་པར་བྱེད་དོ། །གཞན་དུ་ན་དེ་ནི་དེའི་འབྲས་བུ་ཉིད་མ་ཡིན་པར་འགྱུར་རོ། །”ཞེས་སོ། །གལ་ཏེ་དུ་བ་སྐྱེ་བ་ལ་མེ་སྔོན་དུ་འགྲོ་ག་ལ་དགོས་ཏེ། གཙུབ་ཤིང་གཙུབ་པ་སོགས་ལས་ཀྱང་དུ་བ་འབྱུང་བའི་ཕྱིར་རོ་ཞེ་ན། བུད་ཤིང་གི་འགྱུར་བའི་རྒྱུ་དྲོ་བའི་ཁྱད་པར་ལ་མེ་ཞེས་བྱ་ཡི་མེ་ཞེས་པ་འབར་བ་དང་དམར་ལམ་པ་སོགས་ཀྱི་ཁྱད་པར་དང་ལྡན་པ་མི་དགོས་པས་སྐྱོན་མེད་དོ། །

ཡང་དེ་དང་བདག་ཉིད་གཅིག་པ་མིན་ལ་དེའི་འབྲས་བུ་མིན་ཡང་ཡོད་ན་ཡོད་པ་དང་མེད་ན་མེད་པའི་ཁྱབ་པ་གྲུབ་པ་ཞིག་ཀྱང་མཆིས་ཏེ། དཔེར་ན་བུར་རོ་ཡོད་ན་བུར་གཟུགས་ཡོད་པ་དང་བུར་གཟུགས་མེད་ན་བུར་རོ་ཡང་ལྡོག་པ་ལྟ་བུ་དང་། དུ་བའི་དངོས་རྒྱུ་ཡོད་ན་དུ་བ་ཡོད་དགོས་པ་དང་། དུ་བ་ལྡོག་པས་དུ་བའི་དངོས་རྒྱུ་ཡང་ལྡོག་པ་ལྟ་བུའོ། །དེ་ལས་དང་པོ་ལ་ཁྱབ་པ་དེ་ལྟར་གྲུབ་པའི་རྒྱུ་མཚན་དུ་རྣམ་འགྲེལ་རྩ་འགྲེལ་ལས། ཚོགས་པ་གཅིག་པའི་བུ་རམ་གྱི་རོ་གཟུགས་གཉིས་རྫས་ཐ་དད་ཅིང་རྒྱུ་འབྲས་མིན་པས་འབྲེལ་པ་གཉིས་གང་ཡང་མ་གྲུབ་མོད། འོན་ཀྱང་གཞི་གང་དུ་བུར་རོ་ཡོད་ན་བུར་གཟུགས་ཡོད་པས་ཁྱབ་ཅིང་། བུར་གཟུགས་ལྡོག་པས་བུར་རོ་ཡང་ལྡོག་པ་ཇི་ལྟར་ཞེ་ན། བུར་རོ་དང་བུར་གཟུགས་གཉིས་ནི་གང་བུར་རོ་དེའི་ཉེར་ལེན་ཡིན་པ་དེ་བུར་རོ་དེ་དང་ཚོགས་པ་གཅིག་པའི་བུར་གཟུགས་ཀྱི་ལྷན་ཅིག་བྱེད་པ་ཡིན་དགོས་ཤིང་། གང་བུར་གཟུགས་དེའི་ཉེར་ལེན་ཡིན་པ་དེའང་དེ་དང་ཚོགས་པ་གཅིག་པའི་བུར་རོ་དེའི་ལྷན་ཅིག་བྱེད་པ་ཡིན་དགོས་པས། བུར་རོ་ཡོད་ན་དེའི་རྒྱུའི་སྟེང་གི་བུར་གཟུགས་ཕྱི་མ་གདོན་མི་ཟ་བར་བསྐྱེད་པའི་ནུས་པ་ཡོད་པ་གྲུབ་ཅིང་། དེ་ཡོད་ན་བུར་གཟུགས་ཕྱི་མ་དེའང་ཡོད་དགོས་པས་དེའི་ཕྱིར་རྗེས་སུ་འགྲོ་ལྡོག་གྲུབ་པ་ཡིན་ནོ་ཞེས་གསུངས་ཏེ། རྣམ་འགྲེལ་ལས། (སྡེ་བསྟན་པོད174_ཤོག་ངོས_0189) “ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ།  །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས།  །”ཞེས་སོ། །

དེས་ན་བུར་རོ་ཡོད་ན་བུར་གཟུགས་ཡོད་དགོས་པ་ནི་བུར་རོ་དེ་དེའི་རྒྱུའི་བུར་གཟུགས་ཕྱི་མ་བསྐྱེད་པའི་ནུས་པ་ལ་དེ་བྱུང་དུ་འབྲེལ་པ་ལ་ཐུག་པས། བུ་རམ་གྱི་རོ་གཟུགས་གཉིས་ལ་རྟ་ཕྱུགས་དང་མི་འདྲ་བར་རྗེས་སུ་འགྲོ་ལྡོག་གྲུབ་པའང་མཐའ་གཏུགས་ན་དེ་བྱུང་དུ་འབྲེལ་པ་ལ་ཐུག་པ་ཡིན་གྱི། དེ་ལྟར་མིན་ན་རྟ་ཕྱུགས་བཞིན་དུ་ཡོད་ན་ཡོད་པ་དང་མེད་ན་མེད་པའི་ཁྱབ་པ་མི་འགྲུབ་བོ། །

གཉིས་པ་དངོས་རྒྱུ་དངོས་འབྲས་དང་རྗེས་སུ་འགྲོ་ལྡོག་གྲུབ་པ་ནི། རྣམ་ངེས་ལས། (སྡེ་བསྟན་པོད174_ཤོག་ངོས_0344) “དེ་འདྲ་བའི་རྒྱུ་ནི་འབྲས་བུ་མེད་པ་ལས་མེད་པར་རྟོགས་པར་འགྱུར་བ་ཉིད་དེ། དཔེར་ན་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། དུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །”ཞེས་དུ་བ་བཀག་པའི་སྟོབས་ཀྱིས་དེའི་དངོས་རྒྱུ་ནུས་པ་ཐོགས་མེད་འགོག་ཐུབ་པར་གསུངས་ལ། དེའི་རྒྱུ་མཚན་དུ་ཡང་ (སྡེ་བསྟན་པོད174_ཤོག་ངོས_0344) “ནུས་པ་རྒྱུ་ཡིན་གྱི་མི་ནུས་པ་ནི་རྒྱུ་མ་ཡིན་ནོ། །ནུས་པ་ལས་ནི་གེགས་བྱ་བར་ཡང་མི་གནས་ཏེ། ཐ་མའི་གནས་སྐབས་ན་ཡོངས་སུ་འགྱུར་བ་མེད་པའི་ཕྱིར་ཏེ། སྐད་ཅིག་ལ་ཆ་ཤས་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེ་བ་དང་མི་མཐུན་པའི་ཁྱད་པར་བསྐྱེད་པ་ནི་གེགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ཅུང་ཟད་ཀྱང་མི་བྱེད་པ་ནི་གེགས་མ་ཡིན་པའི་ཕྱིར་རོ། །”ཞེས་འབྲས་བུ་སྐྱེད་པའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱིས་འབྲས་བུ་སྐྱེད་པ་ལ་གང་གིས་ཀྱང་གེགས་བྱེད་པ་མི་སྲིད་དེ།  ཐ་མའི་གནས་སྐབས་སུ་ནི་འབྲས་བུ་སྐྱེད་པའི་ནུས་པའི་རྒྱུན་གོང་འཕེལ་དུ་འགྲོ་བའི་འགྱུར་བ་མེད་པའི་ཕྱིར་ཏེ།  རང་འབྲས་བསྐྱེད་པ་ལ་དུས་ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ལས་མི་སྡོད་ཅིང་།  སྐད་ཅིག་མ་ལ་དུས་ཀྱི་ཆ་ཤས་མེད་པས་སོ།  །དེ་ཡང་གེགས་ཀྱི་གོ་དོན་ནི་འབྲས་བུ་སྐྱེད་པའི་ནུས་ལྡན་གྱི་ཆོས་གང་ཞིག་ལ་གེགས་དེའི་དབང་གིས་ནུས་མེད་དུ་བསྐྱེད་པ་ཡིན་ལ།  དེ་ཡང་སྐད་ཅིག་དང་པོ་ལ་གེགས་བྱ་ས་དང་གེགས་བྱེད་པ་པོ་གཉིས་ཕྲད་དགོས་པ་དང་།  གཉིས་པ་ལ་གེགས་དེས་གེགས་བྱ་ཡུལ་དེ་སྔར་འབྲས་བུ་སྐྱེད་པའི་ནུས་པ་ཡོད་ཀྱང་ད་ནུས་མེད་དུ་བསྐྱེད་དགོས་པ་ཡིན་ལ།  དེ་ནི་སྐད་ཅིག་སྔ་ཕྱིའི་ཆ་ཤས་ཅན་ལ་འཐད་ཀྱང་ཆ་ཤས་མེད་པའི་སྐད་ཅིག་གི་ཡུན་ལས་མི་སྡོད་པར་འབྲས་བུ་བསྐྱེད་པ་ལ་མི་རུང་བས་སོ།  །ཞེས་དངོས་རྒྱུས་དངོས་འབྲས་བསྐྱེད་པ་ལ་གེགས་མི་སྲིད་པས་དངོས་འབྲས་གདོན་མི་ཟ་བར་བསྐྱེད་ལ། དེའི་ཕྱིར་དངོས་འབྲས་དང་རྗེས་སུ་འགྲོ་ལྡོག་གྲུབ་པར་གསུངས་སོ། །

དེས་ན་ཆོས་དེ་དང་རྗེས་སུ་འགྲོ་ལྡོག་གྲུབ་པ་ལ་དེ་དང་འབྲེལ་པ་གྲུབ་པ་མི་དགོས་ཤིང་།  རྗེས་སུ་འགྲོ་ལྡོག་དེ་ལྟ་བུ་གྲུབ་པ་ཞིག་ཡིན་ཕྱིན་ཐད་ཀར་བདག་གཅིག་འབྲེལ་དང་དེ་བྱུང་དུ་འབྲེལ་པའམ། ཡང་ན་ཆོས་གཞན་ཞིག་ལ་འབྲེལ་པ་དེ་གཉིས་གང་རུང་གྲུབ་པའི་དབང་གིས་རྗེས་སུ་འགྲོ་ལྡོག་གྲུབ་པ་ཞིག་དགོས་ཀྱི་དེ་ལྟར་མ་ཡིན་ན་རྟ་ཕྱུགས་བཞིན་དུ་རྗེས་སུ་འགྲོ་ལྡོག་ཁྱད་པར་ཅན་དེ་ལྟ་བུ་མི་སྲིད་དོ་ཞེས་ཤེས་པར་བྱའོ། །

འོ་ན་དངོས་འབྲས་བཀག་པས་དངོས་རྒྱུ་འགོག་པ་དེ་འབྲེལ་པ་གཉིས་གང་ལ་རག་ལས་ཤེ་ན། འདི་ལ་བདག་གི་སློབ་དཔོན་མཆོག་གིས་ནི། བདག་གཅིག་པའི་འབྲེལ་པ་ལ་རག་ལས་ཏེ། དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་དུ་བ་གདོན་མི་ཟ་བ་སྐྱེད་པའི་ནུས་པ་དང་བདག་གཅིག་ཏུ་འབྲེལ་ཞིང་། ནུས་པ་དེ་ཡོད་ན་དུ་བ་ཡོད་དགོས་པ་དང་དུ་བ་ལྡོག་ན་དེ་ཡང་ལྡོག་པའི་ཁྱབ་པ་གྲུབ་པ་ཡིན་ནོ་ཞེས་གསུངས་སོ། །རྣམ་ངེས་སུ་དངོས་འབྲས་མ་དམིགས་པའི་རྟགས་ཀྱི་ཁྱབ་པ་གྲུབ་པའི་རྒྱུ་མཚན་དུ་དངོས་རྒྱུས་དངོས་འབྲས་བསྐྱེད་པ་ལ་གེགས་མི་སྲིད་པ་གསུངས་ཀྱི་འདི་ལྟར་མ་གསུངས་ཀྱང་། བུ་རམ་གྱི་རོ་གཟུགས་གཉིས་གཅིག་ཡོད་པས་གཞན་ཡོད་པ་དང་། གཞན་ལྡོག་པས་གཅིག་དེ་ལྡོག་པའི་རྒྱུ་མཚན་ཇི་ལྟར་གསུངས་པའི་རིགས་པ་འདི་ལ་ཡང་སྦྱར་རིགས་པའི་ཕྱིར་རོ་སྙམ་མོ། །ཡང་ན་གེགས་མི་སྲིད་པས་གདོན་མི་ཟ་བར་བསྐྱེད་པ་གསུངས་པ་ལས་དོན་གྱིས་འདི་ཡང་བསྟན་པ་ཡིན་ནོ་ཞེས་ཀྱང་རུང་བར་སེམས་སོ། །དེ་བཞིན་མི་རྟག་པའི་རྒྱུ་མི་རྟག་པ་ལ་མ་འབྲེལ་ཡང་མི་རྟག་པ་ལྡོག་ན་རང་ཉིད་ལྡོག་ཅིང་རང་ཉིད་ཡོད་པས་མི་རྟག་པ་ཡོད་པ་ནི་མི་རྟག་པའི་རྒྱུ་མི་རྟག་པ་གདོན་མི་ཟ་བར་བསྐྱེད་པའི་ནུས་པ་དང་བདག་གཅིག་ཏུ་འབྲེལ་ཞིང་ནུས་པ་དེ་ཡོད་ན་མི་རྟག་པ་ཡང་གདོན་མི་ཟ་བར་ཡོད་དགོས་པས་མི་རྟག་པ་ལྡོག་ན་དེའི་རྒྱུ་ལྡོག་པ་ཡིན་ནོ། །

གཉིས། གཞན་གྱི་འདོད་པ་འགོག་པ།

འགའ་ཞིག་གིས་དངོས་རྒྱུ་དངོས་འབྲས་ལ་དེ་བྱུང་དུ་འབྲེལ་པར་འདོད་པ་ནི་མི་འཐད་དེ། རྣམ་འགྲེལ་ལས། (སྡེ་བསྟན་པོད174_ཤོག་ངོས_0213) “རྗོད་པ་པོ་ལ་སྒྲ་གནས་པས། །འདི་དངོས་རང་བཞིན་ནམ་འབྲས་མིན། །འདི་ལས་རྣམ་པར་བཟློག་པས་ཀྱང་། །འཁྲུལ་པ་མེད་པ་ཡོད་མ་ཡིན། །”ཞེས་རྗོད་བྱེད་ཀྱི་སྒྲ་རང་གི་བརྗོད་བྱ་ལ་འབྲེལ་པ་མ་གྲུབ་པའི་གཏན་ཚིགས་སུ་དེ་རང་གི་བརྗོད་བྱ་དང་ངོ་བོ་གཅིག་པ་དང་དེའི་འབྲས་བུ་གང་ཡང་མ་ཡིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་དང་། རྣམ་འགྲེལ་ལེའུ་དང་པོར། (སྡེ་བསྟན་པོད174_ཤོག་ངོས_0199)  “གནས་པ་རྟེན་ནམ་གསལ་བ་ཡིན། །”ཞེས་དང་། “རྟག་ལ་ཕན་འདོགས་མེད་པའི་ཕྱིར། །རྟེན་མིན”ཞེས་དང་། ལེའུ་གཉིས་པར། (སྡེ་བསྟན་པོད174_ཤོག་ངོས_0226) “དེ་རྟེན་སྒྲ་ཡང་རྒྱུ་དོན་ནམ། །ཡང་ན་རང་གི་རྟེན་དག་དང་། །དབྱེར་མེད་པར་ནི་གནས་པའི་ཕྱིར། །རྟེན་ཡིན་གཞན་དུ་འཐད་མ་ཡིན།  །”ཞེས་སོགས་ཀྱི་སྐབས་སུ་ཡང་དོན་གཞན་གྱི་རྟེན་ལ་རྒྱུ་ཁོ་ན་ཡིན་དགོས་པར་གསུངས་ཤིང་། རིགས་ཐིགས་ལས་ཀྱང་།  (སྡེ་བསྟན་པོད174_ཤོག་ངོས_0463) “བསྒྲུབ་པར་བྱ་བའི་དོན་ལ་རྟགས་འབྲེལ་པ་དེ་ཡང་། དངོས་སུ་ན་བསྒྲུབ་པར་བྱ་བའི་དོན་གྱི་རང་བཞིན་ཡིན་པའི་ཕྱིར་དང་། བསྒྲུབ་པར་བྱ་བའི་དོན་ལས་བྱུང་བའི་ཕྱིར་ཏེ། དེའི་རང་བཞིན་མ་ཡིན་པ་དང་། དེ་ལས་བྱུང་བ་མ་ཡིན་པ་ནི་དེ་དང་འབྲེལ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་དེ་གཉིས་ཀྱང༌། རང་བཞིན་དང་འབྲས་བུ་ཁོ་ན་ཡིན་ཏེ། དེ་གཉིས་ཁོ་ནས་དངོས་པོ་གྲུབ་བོ། །”ཞེས་དེ་དང་འབྲེལ་པ་གྲུབ་ན་དེའི་རང་བཞིན་ཡིན་པའམ་དེའི་འབྲས་བུ་གང་རུང་ཡིན་དགོས་པར་གསུངས་པའི་ཕྱིར་དང་། ཚད་ཆེན་དཀའ་འགྲེལ་ལས་ཀྱང་བྱེ་སྨྲའི་འདོད་པ་འགོག་སྐབས་སུ། (སྡེ་བསྟན་པོད། 192_ཤོག་ངོས_0172)“ཁྱད་པར་ཐ་དད་པ་བྱེད་པ་ཡང་མ་ཡིན་ཏེ། ཐ་དད་ན་ནི་གཟུགས་ལ་སོགས་པ་འདིའི་ཁྱད་པར་འདི་ཞེས་བྱ་བའི་འབྲེལ་པ་མ་གྲུབ་པའི་ཕྱིར་ཏེ། འདི་ལྟར་དེ་རེ་ཞིག་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་མེད་དེ། ཐ་དད་པར་ཁས་བླངས་པའི་ཕྱིར་རམ། ཁས་མི་ལེན་ན་ཡང་སྔར་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱང་མེད་དེ་སྐྱེ་བ་ཉིད་ལས་དེ་བྱུང་བའི་ཕྱིར་རོ། །འབྲེལ་བ་གཞན་ཡང་ཡོད་པ་མ་ཡིན་ཏེ། རྟེན་དང་བརྟེན་པ་ཉིད་ལ་སོགས་པ་ནི་དེ་ལས་བྱུང་བའི་ཁོངས་སུ་འདུས་པའི་ཕྱིར་རོ། །”ཞེས་གཟུགས་ཀྱི་ཁྱད་པར་དེ་གཟུགས་ཀྱི་སྐྱེ་བ་ཉིད་ལས་སྐྱེས་ཀྱི་གཟུགས་ལས་མ་སྐྱེས་པའི་ཕྱིར་གཟུགས་དང་དེ་བྱུང་དུ་མ་འབྲེལ་པར་གསུངས་པའི་ཕྱིར་རོ། །གཞན་ཡང་སློབ་དཔོན་གྱིས་རྣམ་ངེས་ལས། (སྡེ་བསྟན་པོད174_ཤོག་ངོས_0342) “མེད་པའི་ཐ་སྙད་འཇུག་པའི་འབྲས་བུ་ཅན་གྱི་མི་དམིགས་པ་ནི་དེ་ལ་མི་འཁྲུལ་བ་ཡིན་ཏེ། ཐ་སྙད་གྲུབ་པ་ལ་ཡུལ་ཡོད་པ་འཁྲུལ་བ་མེད་པའི་ཕྱིར་རོ། །”ཞེས་བུམ་པ་ཡོད་ན་དམིགས་རུང་མ་དམིགས་པའི་གཞིར་བུམ་པ་དམིགས་བྱེད་ཀྱི་ཚད་མ་བཀག་པའི་སྟོབས་ཀྱིས་བུམ་པ་མེད་པ་དཔོག་པར་གསུངས་པ་ལ། ཕྱོགས་སྔ་མས། “དམིགས་པ་ལོག་པས་དངོས་པོ་མེད་པ་ཡང་ཇི་ལྟར་འགྱུར་ཏེ། འབྲས་བུ་ལོག་ཀྱང་རྒྱུ་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེ་ན། ”ཞེས་དམིགས་རུང་གི་བུམ་པ་ནི་རྒྱུ་དང་དེ་དམིགས་པའི་ཚད་མ་ནི་འབྲས་བུ་ཡིན་པས་འབྲས་བུ་དེ་དམིགས་པའི་ཚད་མ་བཀག་པའི་སྟོབས་ཀྱིས་རྒྱུ་བུམ་པ་འགོག་ག་ལ་ནུས་ཏེ། “རྒྱུ་ནི་འཁྲུལ་བ་སྲིད་ཕྱིར་རོ། །”ཞེས་སུ་བརྩད་པའི་ལན་དུ། རྣམ་ངེས་ལས། “དེ་འདྲ་བའི་ཡོད་པ་རྣམ་པར་གཞག་པ་ནི་དམིགས་པའི་རྒྱུ་མཚན་ཅན་ཡིན་པ་དང་། རྒྱུ་གཞན་ཚང་བ་ན་དམིགས་པར་རུང་བའི་རང་བཞིན་ཡོད་པ་ནི་དེ་ལ་མི་འཁྲུལ་པའི་ཕྱིར་དམིགས་པ་ནི་ཡོད་པ་ཡིན་པར་བརྗོད་དོ། །”ཞེས་མདུན་གྱི་ས་ཕྱོགས་སུ་དམིགས་རུང་གི་བུམ་པ་ཡོད་ན་ང་ཚོའི་དབང་ཤེས་ཀྱིས་དམིགས་པ་ལ་མི་འཁྲུལ་བའི་ཕྱིར།  དམིགས་རུང་གི་གཞི་དེར་དེ་འདྲའི་བུམ་པ་མ་དམིགས་པས་གཞི་དེར་དེ་མེད་པར་ཐག་ཆོད་ཅིང་མེད་པའི་ཐ་སྙད་བྱར་རུང་བར་དཔོག་པར་གསུངས་ཀྱི་བུམ་པ་དེ་དེ་དམིགས་བྱེད་ཀྱི་ཚད་མ་ལ་འབྲེལ་པ་གཉིས་གང་ཡང་གྲུབ་པ་མ་གསུངས་ཤིང་།  གོང་དུ་དྲངས་པ་ལྟར་དུ་བའི་དངོས་རྒྱུ་དུ་བ་ལ་རྗེས་སུ་འགྲོ་ལྡོག་གྲུབ་པའི་རྒྱུ་མཚན་དུ་རྣམ་ངེས་ལས་དངོས་རྒྱུས་དངོས་འབྲས་བསྐྱེད་པ་ལ་གེགས་མི་སྲིད་པ་གསུངས་ཀྱི་དུ་བའི་དངོས་རྒྱུ་དུ་བ་ལ་འབྲེལ་པ་གཉིས་གང་རུང་གྲུབ་པའི་སྐོར་མ་གསུངས་པའི་ཕྱིར་དང་། སློབ་དཔོན་གྱི་གཞུང་གཞན་དུ་ཡང་རྒྱུ་ཙམ་ནི་འབྲས་བུ་ལ་འཁྲུལ་བ་དང་། དངོས་རྒྱུ་དངོས་འབྲས་ལ་མི་འཁྲུལ་ཡང་དེའི་རྒྱུ་མཚན་གོང་ལྟར་ལས་རྒྱུ་འབྲས་བུ་ལ་འབྲེལ་པ་གསུངས་པ་མེད་པའི་ཕྱིར་རོ། །

དེས་ན་རྣམ་འགྲེལ་རང་འགྲེལ་ལས།(སྡེ་བསྟན་པོད174_ཤོག་ངོས_0544) “མི་རྟག་པ་ཉིད་དམ་ཆོས་གཞན་དེ་ཡང་དོན་གཞན་ལས་འབྱུང་བ་ན་རྒྱུ་ཡིན་པའམ། འབྲས་བུ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། རྒྱུ་དང་འབྲས་བུ་མ་ཡིན་པ་ནི་འབྲེལ་པ་མེད་པའི་ཕྱིར། དེ་ལ་ཡོད་པར་རྗེས་སུ་དཔག་པར་མི་སྲིད་པའི་ཕྱིར་རོ། །”ཞེས་རྒྱུ་ཡིན་པའམ་ཞེས་བརྟག་པའི་ཚུལ་ལ་དཔྱད་ན་རྒྱུ་འབྲས་བུ་ལ་འབྲེལ་པ་ཞིག་དགོངས་སམ་སྙམ་པ་སྲིད་ཀྱང་། འབྲེལ་པ་ལ་གཉིས་ལས་མེད་པ་དང་། དེ་ལ་དེ་བྱུང་དུ་འབྲེལ་པ་ལ་དེ་ལས་སྐྱེས་དགོས་པར་སྐབས་ཀུན་ཏུ་གསུངས་པ་དང་། རྒྱུ་འབྲས་བུ་ལ་འབྲེལ་པ་སྐབས་གང་དུ་ཡང་མ་གསུངས་པ་གསུམ་གྱིས་རྒྱུ་འབྲས་བུ་ལ་འབྲེལ་པ་དེ་སློབ་དཔོན་ཆོས་གྲགས་སོགས་ཀྱི་དགོངས་པར་མི་སེམས་སོ། །

འོ་ན་རྣམ་ངེས་ཀྱི་ནང་དུ་དངོས་འབྲས་བཀག་པས་དངོས་རྒྱུ་འགོག་ཐུབ་པའི་རྒྱུ་མཚན་དེ་ལྟར་གསུངས་མོད། རྣམ་འགྲེལ་དང་དེའི་རང་འགྲེལ་དུ་མི་དམིགས་པའི་རྟགས་གསུངས་སྐབས་འབྲེལ་ཟླ་མ་དམིགས་པ་ལས་དངོས་འབྲས་མ་དམིགས་པའི་རྟགས་དང་། འགལ་དམིགས་ལས་འབྲས་བུ་འགལ་དམིགས་ཀྱི་རྟགས་གཉིས་མ་གསུངས་ཤིང་། རྒྱུ་ནི་འབྲས་བུ་ལ་འཁྲུལ་བས་འབྲས་བུ་བཀག་པས་རྒྱུ་འགོག་མི་ཐུབ་པར་གསུངས་པ་ལས་དངོས་འབྲས་བཀག་པས་དངོས་རྒྱུ་འགོག་ཐུབ་པའི་གསལ་བཤད་ཅི་ཡང་མ་མཛད་པ་ཅི་ཞེ་ན། རྣམ་འགྲེལ་རང་འགྲེལ་དུ་རང་བཞིན་མི་དམིགས་པའི་རྟགས་བཤད་ཀྱང་། རྟགས་དེ་འབྲས་བུ་བཀག་པས་རྒྱུ་བཀག་པ་ཡིན་མིན་གྱི་རྩོད་པ་བཀོད་མེད་ལ་ཕྱིས་རྣམ་ངེས་སུ།( སྡེ་བསྟན་པོད174_ཤོག་ངོས_0342 ) “གལ་ཏེ་དངོས་པོ་ལོག་པ་ནི་དངོས་པོ་མེད་པ་ཡིན་ལ། མི་དམིགས་པ་ནི་དམིགས་པ་ལོག་པ་ཡིན་ན་ཇི་ལྟར་དངོས་པོ་མེད་པ་ཡིན་དམིགས་པ་ལོག་པས་དངོས་པོ་མེད་པར་ཡང་ཇི་ལྟར་འགྱུར་ཏེ། འབྲས་བུ་ལོག་ཀྱང་རྒྱུ་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེ་ན།”ཞེས་རྩོད་པ་བཀོད་ནས་དེའི་ལན་འདེབས་པར་མཛད་དེ། དེས་ན་རྣམ་འགྲེལ་རྩ་འགྲེལ་མཛད་པའི་སྐབས་སུ་དངོས་འབྲས་བཀག་པས་དངོས་རྒྱུ་འགོག་ཐུབ་མིན་ལ་དཔྱད་པ་མ་ཞུགས་པའམ། ཡང་ན་དོགས་པ་དང་བཅས་ཤིང་། ཕྱིས་རྣམ་ངེས་མཛད་པའི་སྐབས་སུ་དེའི་སྐོར་ལ་དོགས་གཅོད་དང་བཅས་ཏེ་གསུངས་པར་སྣང་ངོ་། །རྣམ་ངེས་ལས།(སྡེ་བསྟན་པོད188_ཤོག་ངོས_0419 ) “འབྲས་བུ་དེ་ནི་རྒྱུ་ལས་ཁྱབ་པ་དང་ལྡོག་པ་མེད་པ་ཡིན་པའི་ཕྱིར་དེའི་རང་བཞིན་གྱི་ངོ་བོ་དང་ཁྱད་པར་མེད་པས་དེ་མི་དམིགས་པ་ནི་རང་བཞིན་མི་དམིགས་པར་བཤད་དོ། །”ཞེས་དངོས་འབྲས་མི་དམིགས་པའི་རྟགས་དེ་རང་བཞིན་མི་དམིགས་པར་འདུས་པར་བཤད་ཅིང་།  དེའི་ཐད་ཀྱི་ཆོས་མཆོག་གི་འཐད་ལྡན་ལས།( སྡེ་བསྟན་པོད188_ཤོག་ངོས_0419 ) “དེ་ལྟ་བུར་གྱུར་པའི་འབྲས་བུ་དེ་ནི་རྒྱུ་ཁྱབ་པར་བྱེད་པའི་ཁྱབ་པ་དང་ལྡོག་པ་མེད་པ་ལྷག་པ་མེད་པ་ཡིན་པ་དེའི་ཕྱིར་རོ། །ཇི་ལྟར་རྒྱུའི་རང་གི་རང་བཞིན་ནི་ཁྱབ་པར་བྱེད་པ་ཡང་ཡིན་ཏེ། རང་བཞིན་མེད་པར་རྒྱུ་མེད་པའི་ཕྱིར་རོ། །ལྡོག་པ་མེད་ཅིང་ལྷག་པ་མེད་པ་ཡང་ཡིན་པ་དེ་བཞིན་དུ་འབྲས་བུ་ཡང་རྒྱུ་ཁྱབ་པར་བྱེད་པ་དང༌། རྒྱུ་མེད་པར་མི་འཇུག་པས་རྒྱུ་ལས་ལྡོག་པ་མེད་པ་ཡིན་པ་དེའི་ཕྱིར་རང་གི་ལྷག་པ་མེད་པ་ཡིན་པ་དེའི་ཕྱིར་རོ། །ཇི་ལྟར་རྒྱུའི་རང་གི་རང་བཞིན་ནི་ཁྱབ་པར་བྱེད་པ་ཡང་ཡིན་ཏེ། རང་བཞིན་མེད་པར་རྒྱུ་མེད་པའི་ཕྱིར་རོ། །ལྡོག་པ་མེད་ཅིང་ལྷག་པ་མེད་པ་ཡང་ཡིན་པ་དེ་བཞིན་དུ་འབྲས་བུ་ཡང་རྒྱུ་ཁྱབ་པར་བྱེད་པ་དང་། རྒྱུ་མེད་པར་མི་འཇུག་པས་རྒྱུ་ལས་ལྡོག་པ་མེད་པ་ཡིན་པ་དེའི་ཕྱིར་རང་གི་ངོ་བོ་དང་ཁྱད་པར་མེད་པས་ཉེ་བར་བཏགས་ནས་རང་བཞིན་དུ་ཐ་སྙད་བྱེད་དོ། །དེ་ལྟ་བུར་གྱུར་པ་དེ་མི་དམིགས་པ་ནི་རང་བཞིན་མི་དམིགས་པ་ཉིད་དུ་བཤད་དོ། །”ཞེས་ཇི་ལྟར་རྒྱུའི་རང་བཞིན་ནི་རང་ཉིད་མ་ལྡོག་པར་རྒྱུ་ལྡོག་པ་མེད་ཅིང་། རྒྱུ་ལྡོག་ནས་རང་ཉིད་མ་ལྡོག་པའི་ལྷག་པ་ཡང་མེད་པ་དེ་བཞིན་དུ། དངོས་འབྲས་ཀྱང་རང་ཉིད་མ་ལྡོག་པར་རྒྱུ་ལྡོག་པ་མེད་ལ། རྒྱུ་ལྡོག་ནས་རང་ཉིད་ལྷག་པ་ཡང་མེད་པའི་ཕྱིར་དེ་ལ་རྒྱུ་དེའི་རང་བཞིན་བཏགས་ནས་དེ་བཀག་པའི་སྒོ་ནས་རྒྱུ་འགོག་པ་དེ་རང་བཞིན་མི་དམིགས་པར་འདུས་པར་གསུངས་སོ། །

དེས་ན་རྣམ་འགྲེལ་ལས། (སྡེ་བསྟན་པོད174_ཤོག་ངོས_0190)“དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། །དེ་བཞིན་གཅིག་ཅིག་ཉེ་བའི་ཕྱིར། །གཞན་ནི་ཇི་ལྟར་ཉེ་བར་འགྱུར། །མི་ལ་ཕྱུགས་ནི་བདོག་ཅེས་ཏེ། །དེ་བཞིན་རྟ་ཡང་བདོག་གམ་ཅི། །”ཞེས་དེའི་གོང་དེ་མ་ཐག་“དེའི་ཕྱིར་དེ་ཙམ་དང་འབྲེལ་པའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་བ་མེད་པའི་ཕྱིར། །”ཞེས་སོགས་ཀྱི་འབྲེལ་པ་གཉིས་གང་རུང་མ་གྲུབ་པར་རྗེས་སུ་འགྲོ་ལྡོག་གྲུབ་ན་ཧ་ཅང་ཐལ་བར་གསུངས་པ་དང་། རང་འགྲེལ་ལས། (སྡེ་བསྟན་པོད174_ཤོག་ངོས_0529) “དེའི་ཕྱིར་གོ་བར་བྱེད་པའི་གཏན་ཚིགས་གཞན་ནི་མེད་དེ། རང་བཞིན་མ་འབྲེལ་པ་ནི་མེད་ན་མི་འབྱུང་བ་ངེས་པར་མེད་པའི་ཕྱིར་རོ། །”ཞེས་དང་། “དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པས་ནི་དེ་གཉིས་རང་བཞིན་འབྲེལ་པ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །དེ་ལྟར་མ་ཡིན་ན་གཏན་ཚིགས་གོ་བ་བྱེད་པ་མ་ཡིན་པར་འགྱུར་རོ། །”ཞེས་དང་། (སྡེ་བསྟན་པོད174_ཤོག་ངོས_0532) “འབྲེལ་པ་མེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། དེ་བས་ན་དེ་ཉིད་སྟོན་པར་མཛད་པ་ནི་ངེས་པ་བཤད་པ་ཡིན་ནོ། །”ཞེས་སོགས་ཀྱིས་མཚོན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཡོད་པ་ལ་འབྲེལ་པ་གཉིས་གང་རུང་ངེས་པར་གྲུབ་དགོས་པ་ལྟ་བུར་གསུངས་པ་དག་ཀྱང་ངེས་པར་ཐད་ཀར་འབྲེལ་པ་གྲུབ་དགོས་པ་མིན་གྱི། འབྲེལ་པ་གཉིས་གང་རུང་ལ་རག་ལས་ཏེ་ཁྱབ་པ་དེ་ལྟ་བུ་གྲུབ་པ་ཞིག་དགོས་པ་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་ཞིབ་ཆ་མི་དགོས་ཏེ། གཞུང་འདི་དག་གིས་ལྡོག་སྟོབས་ཀྱིས་ལྡོག་པ་ལ་འབྲེལ་པ་གྲུབ་པ་དགོས་པར་གསུངས་ཤིང་། དེ་ལྟར་དགོས་ཀྱང་དགོས་ལ། ཡོད་ན་ཡོད་པ་དང་མེད་ན་མེད་པ་ཙམ་ལ་མི་དགོས་པའི་ཕྱིར་རོ་ཞེ་ན། འོ་ན་རྟ་ཕྱུགས་ལྟ་བུ་ལ་ཡོད་ན་ཡོད་པ་དང་མེད་ན་མེད་པའི་ཁྱབ་པ་དེ་མེད་ལ་བུར་རམ་གྱི་རོ་གཟུགས་དང་དངོས་རྒྱུ་དངོས་འབྲས་ལྟ་བུ་ལ་ཁྱབ་པ་དེ་ཡོད་པའི་རྒྱུ་མཚན་ཅི་ཞེས་དྲིས་ན་ད་དུང་དོགས་པ་མི་ལྡོག་གོ །དེའི་ཕྱིར་ཡོད་ན་ཡོད་པ་དང་མེད་ན་མེད་པའི་ཁྱབ་པ་གྲུབ་པ་ལ་རྗེས་སུ་འགྲོ་ལྡོག་གི་སྒྲ་སྦྱར་བ་དུ་མ་མཐོང་ཞིང་དེ་ལ་ངེས་པར་ཐད་ཀར་འབྲེལ་པ་གྲུབ་པ་ཞིག་མི་དགོས་པ་དང་། འོན་ཀྱང་ཐད་ཀར་འབྲེལ་པའམ་ཆོས་གཞན་ཞིག་ལ་འབྲེལ་པ་གཉིས་གང་རུང་གྲུབ་པའི་དབང་གིས་ཁྱབ་པ་དེ་གྲུབ་དགོས་སོ་ཞེས་བདག་གི་བཤེས་གཉེན་མཆོག་གིས་གསུངས་པ་ནི་ལེགས་བཤད་དུ་སེམས་སོ། །

ཡང་འགའ་ཞིག་གིས་རྟགས་ཆོས་ཀྱི་འབྲེལ་པ་ལ་བདག་གཅིག་དང་དེ་བྱུང་འབྲེལ་གཉིས་གང་རུང་དགོས་ཀྱང་སྤྱིར་འབྲེལ་པ་ལ་མི་དགོས་སོ་ཞེས་པའང་མིན་ཏེ། རྣམ་འགྲེལ་ལས། (སྡེ་བསྟན་པོད174_ཤོག་ངོས_0213) “རྗོད་པ་པོ་ལ་སྒྲ་གནས་པས། །འདི་དངོས་རང་བཞིན་ནམ་འབྲས་མིན། །འདི་ལས་རྣམ་པར་བཟློག་པས་ཀྱང་། །འཁྲུལ་པ་མེད་པ་ཡོད་མ་ཡིན། །”ཞེས་སོགས་གསུངས་པ་དང་འགལ་བའི་ཕྱིར་རོ། །

གསུམ། དེ་ལས་འཕྲོས་པའི་དོགས་གཅོད།

འོ་ན་དངོས་རྒྱུ་དངོས་འབྲས་ལ་མ་འབྲེལ་ན་འབྲེལ་ཟླ་མི་དམིགས་པའི་རྟགས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། སྔ་མ་དག་གིས། “འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པ་རྟགས་སུ་སྦྱར་བ། ”ཞེས་དང་། ཡང་ཁ་ཅིག མེད་དགག་གང་ཞིག །མི་དམིགས་པའི་ཚུལ་གསུམ་ཡིན་པ་དེ་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་དུ་བཞག་པ་ལ་བདག་གི་བཤེས་གཉེན་མཆོག་གི་རྟགས་རིགས་སུ། “སྔ་མ་ལ། བུམ་པའི་དོན་སྤྱི་ཆོས་ཅན། མེད་པ་མ་ཡིན་ཏེ། ཚད་མས་མ་དམིགས་པ་མ་ཡིན་པའི་ཕྱིར་ཞེས་བཀོད་པ་ན་དེ་སྒྲུབ་ཀྱི་ཆོས་ལོག་རྟགས་ལོག་ལ་འབྲེལ་བར་ཐལ། རྟགས་དེ་འབྲེལ་ཡུལ་མི་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མེད་པ་ཆོས་ཅན། ཚད་མས་མ་དམིགས་པ་དང་འབྲེལ་བ་ཐལ། འདོད་པ་དེའི་ཕྱིར། འདོད་ན། མེད་པ་ཡོད་པར་ཐལ་ལོ། །”ཞེས་དང་ཕྱི་མ་ལ། “བུམ་ནང་གི་ནམ་མཁའ་ཆོས་ཅན། དངོས་པོ་མ་ཡིན་ཏེ། ནམ་མཁའ་ཡིན་པའི་ཕྱིར་ཞེས་བཀོད་པ་ན་ནམ་མཁའ་ཆོས་ཅན། དེ་སྒྲུབ་ཀྱི་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། མེད་དགག་གང་ཞིག དེ་སྒྲུབ་ཀྱི་མི་དམིགས་པའི་ཚུལ་གསུམ་ཡིན་པའི་ཕྱིར། འདོད་ན། དེ་འབྲེལ་ཟླ་མི་དམིགས་པའི་རྟགས་སུ་འགྲོ་ཚུལ་སྨྲ་དགོས་སོ། །”ཞེས་སོགས་ཀྱིས་བཀག་པ་ལྟར་ཡིན་ཞིང་། རྟགས་རིགས་དེར། “གཙོ་བོར་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་དངོས་སམ་བརྟག་པ་མཐའ་བཟུང་གི་འབྲེལ་ཡུལ་བཀག་པ་རྟགས་སུ་སྦྱར་བའི་མི་དམིགས་པའི་ཚུལ་གསུམ་ཡིན་པ་དེ་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད”ཅེས་གསུངས་པ་ནི་སྔ་མ་དག་ལས་ཞིབ་ཆ་ཐོན་ཆེ་ཡང་། འདི་ལ་ཡང་དཔྱད་ན། བུར་གཟུགས་ཀྱི་དགག་གཞིར་ཆོས་ཅན། བུར་རོ་མེད་དེ། བུར་གཟུགས་མེད་པའི་ཕྱིར་ཞེས་བཀོད་པའི་ཚེ་དེ་འབྲེལ་ཟླ་མི་དམིགས་པའི་རྟགས་ཡིན་ཏེ། དགག་རྟགས་ཡང་དག་གང་ཞིག །འགལ་ཟླ་དམིགས་པ་ནི་མིན་པའི་ཕྱིར་རོ། །གལ་ཏེ་རྟགས་དང་པོ་མ་གྲུབ་སྟེ། རྟགས་ལྟར་སྣང་ཡིན་པའི་ཕྱིར་རོ་ཞེ་ན། ཚུལ་གསུམ་ལས་གང་མིན་པ་སྨྲ་དགོས་ཀྱང་སྨྲར་མི་ནུས་སོ། །འོན་ཀྱང་དེ་འབྲེལ་ཟླ་མི་དམིགས་པའི་རྟགས་ཀྱི་མཚན་ཉིད་དེ་མིན་ཏེ། བུར་གཟུགས་དེ་བུར་རོའི་འབྲེལ་ཡུལ་དངོས་དང་བརྟག་པ་མཐའ་བཟུང་གི་དབང་དུ་བྱས་པའི་འབྲེལ་ཡུལ་གང་ཡང་མིན་པའི་ཕྱིར་རོ། །དངོས་འབྲས་མི་དམིགས་པའི་རྟགས་ཀྱང་མཚོན་བྱ་དེ་ཡིན་ཡང་མཚན་ཉིད་དེ་མིན་པའི་ཕྱིར་ཏེ། དངོས་འབྲས་དུ་བ་དེ་དུ་བའི་དངོས་རྒྱུའི་འབྲེལ་ཡུལ་དངོས་དང་བརྟག་པ་མཐའ་བཟུང་གི་འབྲེལ་ཡུལ་གང་ཡང་མིན་པའི་ཕྱིར་རོ། །གལ་ཏེ་རྟགས་དེའི་ཁྱབ་པ་རྟོགས་པ་ལ་བུར་གཟུགས་མེད་པས་བུར་གཟུགས་སྔ་མས་བུར་རོ་བསྐྱེད་པའི་ནུས་པ་མེད་པར་རྟོགས། དེ་ལས་བུར་རོ་མེད་པར་རྟོགས་དགོས་ཏེ། གཞན་བུར་རོ་བུར་གཟུགས་ལ་མ་འབྲེལ་པས་ཕྱི་མ་མེད་པས་སྔ་མ་མེད་པའི་ཁྱབ་པ་ཇི་ལྟར་རྟོགས་ཏེ། འབྲེལ་པ་རྟོགས་པ་ལས་ཁྱབ་པ་རྟོགས་པའང་མིན། གཞན་ལས་ཀྱང་མིན་པའི་ཕྱིར་རོ། །དེས་ན་བུར་གཟུགས་སྔ་མས་བུར་རོ་བསྐྱེད་པའི་ནུས་པ་བཀག་པ་རྟགས་སུ་སོང་སྟེ། དེའི་ཕྱིར་འབྲེལ་ཡུལ་དངོས་བཀག་པ་རྟགས་སུ་སྦྱར་བས་མཚན་ཉིད་དེ་མིན་པའི་སྐྱོན་མེད་དོ་ཞེ་ན། དེ་ལྟར་ན་བུར་གཟུགས་མེད་པའི་རྟགས་ལས་བུར་གཟུགས་སྔ་མས་བུར་རོ་བསྐྱེད་པའི་ནུས་པ་མེད་པ་རྗེས་དཔག་གིས་རྟོགས། དེ་ལས་བུར་རོ་མེད་པར་རྟོགས་པར་འདུག་པས། བུར་གཟུགས་མེད་པ་དེ་རྟགས་དེའི་ཕྱོགས་ཆོས་སྒྲུབ་པའི་རྟགས་སུ་འགྱུར་གྱི། རྩ་བའི་རྟགས་སུ་མི་འགྱུར་ཏེ། སྐྱེས་པའི་རྟགས་ལས་སྒྲ་བྱས་པ་རྗེས་དཔག་གིས་རྟོགས། དེ་ནས་བྱས་པའི་རྟགས་ལས་སྒྲ་མི་རྟག་པ་རྟོགས་པའི་ཚེ་སྐྱེས་པ་སྒྲ་མི་རྟག་པ་སྒྲུབ་པའི་རྟགས་སུ་མི་འགྱུར་བ་བཞིན་ནོ། །དེས་ན་ད་དུང་ཞིབ་ཆ་སྦྱོར་དགོས་སོ་ཞེ་ན་དཔྱད་དོ། །གལ་ཏེ་བུར་གཟུགས་མེད་པ་ལས་བུར་གཟུགས་སྔ་མས་བུར་རོ་བསྐྱེད་པའི་ནུས་པ་མེད་པ་དང་བུར་རོ་མེད་པ་གཉིས་ཀ་རྟོགས་པས་རྟགས་དེ་དངོས་འབྲས་མ་དམིགས་པའི་རྟགས་སོ་ཞེ་ན། དེ་ལྟ་ན་གོང་གི་འབྲེལ་ཟླ་མི་དམིགས་པའི་མཚན་ཉིད་མ་ཞུགས་ཤིང་། གཞན་ཡང་རྗེས་དཔག་གཅིག་གིས་རྟོགས་ན་ནི་རྟོག་པ་གཅིག་ལ་འཛིན་སྟངས་མི་མཐུན་པ་གཉིས་སུ་འགྱུར་ཞིང་དེ་ལྟར་ན། རྣམ་འགྲེལ་ལས། “(སྡེ་བསྟན་པོད174_ཤོག་ངོས_0249)དེ་ཉིད་ཀྱིས་མྱོང་ཡིན་ན་ནི། །རྟོག་གཉིས་ཅིག་ཅར་མཐོང་བ་མེད། །”ཅེས་གསུངས་པ་དང་འགལ་ལོ། །རྗེས་དཔག་གཉིས་ཅིག་ཅར་སྐྱེས་ནའང་གོང་གི་མཇུག་དེ་མ་ཐག་ཏུ།“(སྡེ་བསྟན་པོད174_ཤོག་ངོས_0249) དེས་ནི་དུས་མཚུངས་རྣམ་པར་ཤེས། །གཞན་གྱིས་མྱོང་བ་བསྟན་པ་ཡིན། །”ཞེས་པ་དང་འགལ་ལོ། །རིམ་གྱིས་རྟོགས་ན་ནི་བུར་གཟུགས་སྔ་མས་བུར་རོ་ཕྱི་མ་སྐྱེད་པའི་ནུས་པ་མེད་པ་རྟགས་སུ་སོང་བ་མིན་ན་ནུས་པ་མེད་པ་དེ་རྟོགས་རྗེས་སུ་རྟོགས་ལ་སྔར་མི་རྟོགས་པའི་རྒྱུ་མཚན་མི་ཤོད་དོ་ཞེ་ན་དཔྱད་དོ།  །

འོ་ན་དུ་བའི་དངོས་རྒྱུ་དང་དུ་བ་གཉིས་ལ་རྗེས་སུ་འགྲོ་ལྡོག་གྲུབ་ན། དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་དང་ལྡན་པའི་གཞིར་ཆོས་ཅན། དུ་བ་ཡོད་དེ། དུ་བའི་དངོས་རྒྱུ་ཡོད་པའི་ཕྱིར་ཞེས་པའང་རྟགས་ཡང་དག་མིན་པ་ཅི་ཞེ་ན། མིན་ཏེ། འབྲས་བུ་དུ་བ་མ་ངེས་པར་རྒྱུ་དེ་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་དུ་མི་ངེས་ལ། དེ་ངེས་ན་བསྒྲུབ་བྱ་གྲུབ་ཟིན་པའི་ཕྱིར་རོ། །འོ་ན་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་རྟགས་སུ་བཀོད་ནས་གྲང་རེག་འགོག་པའི་རྟགས་ཡང་དག་སྲིད་པར་འགྱུར་ཏེ། དེ་ཡོད་ན་མེ་ཡོད་དགོས་ཤིང་དེ་ལས་གྲང་རེག་འགོག་པར་ནུས་པའི་ཕྱིར་རོ་ཞེ་ན། རྣམ་ངེས་ལས། (སྡེ་བསྟན་པོད174_ཤོག་ངོས_0345)”གལ་ཏེ་འགལ་བའི་འབྲས་བུ་དམིགས་པས་ཀྱང་མེད་པར་གྲུབ་ན། དེའི་རྒྱུ་དམིགས་པས་ཅི་སྟེ་མི་འགྲུབ་ཅེ་ན། མ་ཡིན་ཏེ། དེ་ནི་འཁྲུལ་པའི་ཕྱིར་ཏེ། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། ཤིང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །གང་ལས་དེ་མེད་པར་གོ་བར་འགྱུར་བ་རྒྱུ་རྣམས་ནི་འབྲས་བུ་རྩོམ་པར་མ་ངེས་པས་ན་གྲང་བ་བཟློག་པའི་མེ་གདོན་མི་ཟ་བར་འགྱུར( སྡེ་བསྟན་པོད174_ཤོག་ངོས_0346 )བ་ནི་མ་ཡིན་ནོ།།ཐ་མའི་གནས་སྐབས་ཀྱི་ཁྱད་པར་ལ་འཁྲུལ་བ་མེད་དོ་ཞེ་ན་མ་ཡིན་ཏེ། དེ་ལས་འབྲས་བུ་སྐྱེ་བ་ནི། གདོད་མ་མེད་པའི་ཕྱིར་རོ། །མཐའི་སྐད་ཅིག་གི་བར་དུ་ནི་སྐྱེ་བ་ལ་གེགས་སྲིད་ཀྱི། མཐའི་སྐད་ཅིག་ལ་གེགས་མེད་པས་རྟགས་དེ་མཐོང་བ་ལས་འབྲས་བུ་དྲན་པ་ལ་ལྟོས་ཏེ། རྗེས་སུ་དཔག་པར་བྱ་བ་རྟོགས་པ་ན་མཐའི་སྐད་ཅིག་བར་ཆད་མེད་པའི་ཕྱིར། དེའི་སྔོན་རོལ་དུ་འབྲས་བུ་སྐྱེས་པ་ཉིད་མངོན་སུམ་དུ་འགྱུར་རོ། །གང་གིས་རྒྱུ་ལས་དེ་རྟོགས་པར་འགྱུར་བ་འབྲས་བུ་མངོན་སུམ་མ་ཡིན་པ་ལ་ནི་རྒྱུའི་དངོས་པོ་རྟོགས་པ་མེད་དེ། དེའི་ཕྱིར་རྒྱུ་ལས་འབྲས་བུ་མི་འགྲུབ་བོ། །”ཞེས་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱི་ཤིང་ནི་གྲང་བའི་རེག་པ་དང་བརྒྱུད་པས་འགལ་མོད་ཀྱི། དེ་ནི་འབྲས་བུ་མེ་མཐོང་བ་ཁོ་ནས་ངེས་པའི་ཕྱིར་འབྲས་བུ་མེ་མ་མཐོང་ན་རྒྱུ་དེ་ནུས་པ་ཐོགས་མེད་དུ་མི་རྟོགས་ལ་མེ་མཐོང་ན་དེ་ལས་རྒྱུ་དེ་ནུས་པ་ཐོགས་མེད་དུ་ངེས་པར་ནུས་ཀྱང་དེའི་ཚེ་འབྲས་བུ་མེ་མངོན་སུམ་དུ་གྱུར་པའི་ཕྱིར་འབྲས་བུ་མེ་ཉིད་རྟགས་སུ་འགོད་པ་རིགས་སོ། །གཞན་ཡང་དང་པོར་ནུས་པ་ཐོགས་མེད་ཀྱི་རྒྱུ་གྲུབ། གཉིས་པ་ལ་དེ་མཐོང་བ་གྲུབ། གསུམ་པ་ལ་ཚུལ་གསུམ་དྲན། བཞི་པ་ལ་རྗེས་དཔག་སྐྱེ་བར་འགྱུར་བ་ཞིག་ན། དྲན་པ་སྐྱེ་བའི་སྔ་རོལ་ཏུ་རྒྱུ་མཐོང་བའི་དུས་དེ་ཉིད་དུ་འབྲས་བུ་མེ་ཡང་གྲུབ་ཟིན་པས་མངོན་སུམ་གྱིས་མཐོང་བར་འགྱུར་ཞིང་། དེས་ན་མེ་ཉིད་རྟགས་སུ་འགོད་པ་རིགས་སོ། །ཞེས་གསུངས་སོ། །འོན་ཀྱང་འདི་ལ་དཔྱད་པར་བྱ་བ་ནི། རྒྱུ་དེ་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དུ་རྟོགས་པའི་ཚེ་མེ་མངོན་དུ་གྱུར་པས། དེའི་ཚེ་གྲང་རེག་འགོག་པ་ལ་མེ་རྟགས་སུ་འགོད་པ་རིགས་མོད། འོན་ཀྱང་མེ་མ་བཀོད་པར་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་འགོད་པ་སྲིད་དམ་ཞེ་ན། སྲིད་དེ་རྟགས་ཇི་ལྟ་བུ་འགོད་མིན་ནི་འདོད་པའི་རྗེས་སུ་འབྲངས་པས་སོ། །དེ་ལྟར་བཀོད་ན་མེ་སྟོབས་ཆེན་གྱི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱིས་ཁྱབ་པ་ནོན་པ་དེ་གྲང་རེག་སྟོབས་ཆེན་རྒྱུན་ཆགས་སུ་མི་སྐྱེ་བ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ནམ་མིན། ཡིན་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ལ་དྲུག་ཏུ་མ་ངེས་པར་འགྱུར་རོ། །མིན་ན་ཚུལ་གསུམ་ལས་གང་མིན་ཞེ་ན་དཔྱད་པར་བྱའོ། །

འོ་ན་འབྲས་བུ་གང་ཡིན་རྒྱུ་ལ་དེ་བྱུང་དུ་འབྲེལ་པས་ཁྱབ་བམ་ཞེ་ན། ཁྱབ་སྟེ། རྣམ་འགྲེལ་ལས། “(སྡེ་བསྟན་པོད174_ཤོག་ངོས_0190)རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་པ་མེད་པའི་ཕྱིར། །”ཞེས་སོགས་འབྲས་བུ་རྒྱུ་ལ་མི་འཁྲུལ་བ་ལན་དུ་མར་བཤད་པའི་ཕྱིར་རོ། །འོ་ན་འབྲས་བུ་ཡུལ་དུས་གང་དུ་ཡོད་པ་དེར་རྒྱུ་དེ་ཡོད་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན་དམ་བཅའ་བའི་སྐྱེ་བ་སྔ་མར་གྱུར་པའི་འགྲོ་བ་རིགས་དྲུག་ཀ་ཡོད་པས། དམ་བཅའ་བ་གང་ན་ཡོད་པ་དེར་འགྲོ་བ་རིགས་དྲུག་ཀ་ཡོད་པ་སོགས་སུ་འགྱུར་བས་ཧ་ཅང་ཐལ་བ་མིན་ནམ་ཞེ་ན། སྐྱོན་མེད་དེ། རྣམ་འགྲེལ་ལས། (སྡེ་བསྟན་པོད174_ཤོག་ངོས_0189)“འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་ལ་ལྟོས་པར་འདོད། །”ཅེས་པའི་ཡང་སྒྲས་འབྲས་བུ་རྟགས་སུ་བཀོད་ནས་རྒྱུ་དཔོག་པའང་ཡུལ་དུས་གནས་སྐབས་ལ་ལྟོས་པ་བསྟན་པ་ཤཱཀྱ་བློའི་འགྲེལ་བཤད་ལས་བཤད་པའི་ཕྱིར་རོ། །

འོ་ན་འབྲས་རྟགས་ཡུལ་དུས་སོགས་ལ་ལྟོས་ཚུལ་ཇི་ལྟ་བུ་སྙམ་ན། དུས་ལ་ལྟོས་ཚུལ་ནི། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ། །དུས་ནམ་གྱི་ཚེ་ཞེ་ན། ནམ་དུ་བ་སྐྱེ་བ་དེའི་སྔ་རོལ་ནའོ་ཞེས་པ་ནི་དུས་ལ་ལྟོས་ཚུལ་ལོ། །གཞན་དུ་དུ་བ་ཡོད་པའི་དུས་དེ་ཉིད་དུ་དེའི་རྒྱུ་མེ་ཡོད་ན་རྒྱུ་འབྲས་དུས་མཉམ་པར་འགྱུར་རོ། །ཡུལ་ལ་ལྟོས་ཚུལ་ནི།  དུ་བ་ཡོད་ན་མེ་ཡོད་དོ། །ཡུལ་གང་དུ་ཞེ་ན། དུ་བ་ཡོད་པ་དང་ཉེ་བའི་ཡུལ་དེ་ནའོ་ཞེས་པ་ནི་ཡུལ་ལ་ལྟོས་ཚུལ་ལོ། །གཞན་དུ་དུ་བ་གང་ན་ཡོད་པའི་གཞི་དེ་རང་དུ་མེ་ཡོད་པ་ནི་མིན་ཏེ། མལ་ཁང་སོགས་ན་མེ་མེད་ཀྱང་དུ་བ་ཡོད་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ལ་ལྟོས་ཚུལ་ནི། སྐྱ་བོ་དང་སྔོ་བ་སོགས་ཡོད་པ་ཙམ་གྱིས་མེ་ཡོད་པར་མི་འགྱུར་གྱི། གང་མེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་དུ་བ་སྐྱ་བོ་དང་སྔོ་བ་སོགས་ཡོད་ན་མེ་ཡོད་དོ་ཞེས་པ་ནི་རྣམ་པའི་ཁྱད་པར་ལ་ལྟོས་ཚུལ་ལོ། །དེས་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པའང་ཡུལ་དུས་གནས་སྐབས་ལ་ལྟོས་ནས་ཡིན་གྱི་མི་ལྟོས་པས་མིན་པས་སྐྱོན་མེད་དོ། །

བཞི། ཁྱབ་པ་རྟོགས་པ་འབྲེལ་པ་རྟོགས་པ་ལ་མི་ལྟོས་པའི་ཚུལ།

དེ་ལྟར་ཡོད་ན་ཡོད་པ་དང་མེད་ན་མེད་པའི་ཁྱབ་པ་གྲུབ་པ་ལ་ཐད་ཀར་འབྲེལ་པ་གཉིས་གང་རུང་གྲུབ་པའམ་ཐད་ཀར་དེ་ལྟར་མ་འབྲེལ་ཡང་ཆོས་གཞན་ཞིག་ལ་འབྲེལ་པ་གཉིས་གང་རུང་གྲུབ་པའི་དབང་གིས་ཡིན་པ་ཞིག་དགོས་ཀྱང་། རྟགས་ཡང་དག་ཐམས་ཅད་ཀྱི་ཁྱབ་པ་གྲུབ་པ་རྟགས་ཆོས་འབྲེལ་པ་ལ་རག་ལས་པ་མིན་ཏེ། འབྲས་རང་གི་རྟགས་གཉིས་ཀྱི་ཁྱབ་པ་གྲུབ་པ་ལ་རིམ་པ་ལྟར་རྟགས་ཆོས་གཉིས་དེ་བྱུང་དང་བདག་གཅིག་པའི་འབྲེལ་པ་གྲུབ་པའམ་ཡང་ན་ཐད་ཀར་དེ་ལྟར་མ་འབྲེལ་ཡང་ཆོས་གཞན་ཞིག་ལ་འབྲེལ་པ་གཉིས་གང་རུང་གྲུབ་པའི་དབང་གིས་ཡིན་དགོས་མོད། འབྲེལ་ཟླ་མི་དམིགས་པ་རྣམས་ཀྱི་ཁྱབ་པ་གྲུབ་པ་ལ་རྟགས་ཆོས་འབྲེལ་པ་རྟོགས་པ་ལ་མི་ལྟོས་ཀྱི་དགག་བྱའི་ཆོས་རྟགས་ལོག་ལ་དངོས་སུ་འབྲེལ་པའམ་ཡང་ན་བརྟགས་པ་མཐའ་བཟུང་གི་དབང་དུ་བྱས་པའི་འབྲེལ་པ་རྟོགས་པ་སོགས་ལ་རག་ལས་པའི་ཕྱིར་ཏེ། དཔེར་ན་དགག་ཆོས་དུ་བ་རྟགས་ལོག་མེ་ལ་དེ་བྱུང་དུ་འབྲེལ་པ་རྟོགས་པ་ལས་རྒྱུ་མ་དམིགས་པའི་རྟགས་ཀྱི་ཁྱབ་པ་རྟོགས་པ་དང་། དགག་ཆོས་གང་ཟག་གི་བདག་དེ་ཡོད་ན་རྟགས་ལོག་གང་ཟག་གི་བདག་ཏུ་ཚད་མས་དམིགས་པ་ལ་འབྲེལ་དགོས་པའི་བརྟག་པ་མཐའ་བཟུང་གི་འབྲེལ་པ་རྟོགས་པ་ལས་གང་ཟག་གི་བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་རྟགས་ཀྱི་ཁྱབ་པ་རྟོགས་པ་དང་། དགག་ཆོས་ཤ་བ་རྟགས་ལོག་ཤིང་ལ་འབྲེལ་པ་རྟོགས་པ་ལས་ཁྱབ་བྱེད་མི་དམིགས་པའི་རྟགས་ཀྱི་ཁྱབ་པ་རྟོགས་པ་ཡིན་པའི་ཕྱིར་དང་། དངོས་འབྲས་མི་དམིགས་པའི་རྟགས་ཀྱི་ཁྱབ་པ་གྲུབ་པའང་གོང་དུ་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །

འགལ་ཟླ་དམིགས་པའི་རྟགས་རྣམས་ལས་རང་བཞིན་འགལ་དམིགས་ལྟ་བུ་ནི་དགག་བྱའི་ཆོས་རྟགས་དང་ལྷན་ཅིག་མི་གནས་འགལ་ཡིན་པ་རྟོགས་པ་ལས་ཁྱབ་པ་རྟོགས་པ་ཡིན་གྱི། རྟགས་ཆོས་འབྲེལ་པ་རྟོགས་པ་ལ་མི་ལྟོས་པ་མ་ཟད་འབྲེལ་པ་རྟོགས་པ་ལ་ཡང་མི་ལྟོས་ལ། འགལ་འབྲས་དམིགས་པའི་རྟགས་ལྟ་བུ་ནི་འགལ་འབྲེལ་གཉིས་ཀ་ལ་རག་ལས་ཏེ། དེ་ལ་ནི་དུ་བ་དྲག་འཕྱུར་བ་ཡོད་ན་མེ་སྟོབས་ཆེན་པོ་ཡོད་དགོས་པ་དང་། (དེ་ལྟར་རྟོགས་དགོས་ཏེ། དུ་བ་དྲག་འཕྱུར་བ་རྐྱང་པ་རྟོགས་པ་ལས་གྲང་རེག་འགོག་མི་ནུས་པའི་ཕྱིར་ཏེ། དེ་གྲང་རེག་ལ་དངོས་སུ་འགལ་བ་མེད་པའི་ཕྱིར་རོ། །)དེ་ཡོད་ན་གྲང་རེག་སྟོབས་ཆེན་རྒྱུན་ཆགས་སུ་མི་གནས་པ་རྟོགས་ནས་ཁྱབ་པ་རྟོགས་དགོས་ལ། དེ་ལ་དུ་བ་ཡོད་ན་མེ་ཡོད་པ་རྟོགས་པ་ལ་དེ་བྱུང་འབྲེལ་རྟོགས་པ་དང་། མེ་ཡོད་པས་གྲང་རེག་རྒྱུན་ཆགས་སུ་མི་གནས་པ་རྟོགས་པ་ལ་ལྷན་ཅིག་མི་གནས་པའི་འགལ་བ་རྟོགས་པ་ལ་ལྟོས་པའི་ཕྱིར་རོ། །འོན་ཀྱང་དེ་ཡང་རྟགས་ཆོས་འབྲེལ་པ་རྟོགས་པ་ལ་མི་ལྟོས་པ་ནི་ཤེས་སླའོ། །ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ནི་རྟ་དེ་རྭ་ཅན་དང་འགལ་བ་རྟོགས་པ་ལས་རྭ་ཅན་རྟགས་སུ་བཀོད་ནས་རྟ་འགོག་པ་བཞིན་དུ་དགག་བྱའི་ཆོས་རྟགས་དང་འགལ་བ་རྟོགས་པ་ལས་ཁྱབ་པ་རྟོགས་པ་ཡིན་གྱི། རྟགས་ཆོས་འབྲེལ་པ་རྟོགས་པ་ལས་མིན་ནོ། །དེས་ན་རྟགས་ཡང་དག་ཐམས་ཅད་ཀྱི་ཁྱབ་པ་གྲུབ་པ་ལ་རྟགས་ཆོས་འབྲེལ་པ་རྟོགས་པ་ལ་མི་ལྟོས་པས། དེང་སང་རྟགས་ཡང་དག་གང་ཡིན་ཁྱབ་པ་གྲུབ་མིན་དེ་རྟགས་ཆོས་འབྲེལ་པ་གྲུབ་མིན་ལ་བསམ་བློ་གཏོང་བ་ནི་མ་ཤེས་པ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ཆོས་གྲགས་ཀྱིས་དགག་རྟགས་ཀྱི་ཁྱབ་པ་གྲུབ་པའི་རྒྱུ་མཚན་དུ། (སྡེ་བསྟན་པོད174_ཤོག་ངོས_0243)“འགལ་དང་དེ་ནི་ཐབས་བཅས་པ། །གྲུབ་དང་བཀག་པ་མེད་པར་ནི། །དགག་ལ་ཚད་སྨྲ་གང་ཡིན་དེ། །རིགས་པའི་རྗེས་འབྲང་ཅན་མིན་ཏེ། །སྨྲ་ལ་སོགས་པས་ཀུན་མཁྱེན་དང་། །འཇིག་རྟེན་གཞན་སོགས་མེད་སྒྲུབ་བཞིན། །”ཞེས་དགག་རྟགས་ཀྱིས་དགག་ཆོས་དགག་གཞིའི་སྟེང་དུ་འགོག་པ་ལ་འགལ་དམིགས་ཀྱི་རྟགས་ལ་འགལ་ཟླ་སྒྲུབ་པས་དང་། འབྲེལ་ཟླ་མི་དམིགས་པའི་རྟགས་ལ་འབྲེལ་ཡུལ་བཀག་པ་ལས་ཡིན་པ་གསུངས་སོ། །དེས་ན་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པའི་རྟགས་ཀྱིས་བདག་རང་དབང་བ་རང་བཞིན་གྱིས་མེད་པར་སྒྲུབ་པའི་རྟགས་ཆོས་མེད་པས་འབྲེལ་པ་མ་གྲུབ་ཀྱང་རྟགས་ཡང་དག་ཡིན་ཏེ། རང་བཞིན་གྱིས་ཡོད་པ་དེ་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་རུང་དུ་གྲུབ་པ་ལ་འབྲེལ་བས་འབྲེལ་ཡུལ་བཀག་པས་འབྲེལ་ཟླ་བཀག་པའི་ཁྱབ་པ་གྲུབ་པའི་ཕྱིར་རོ། །དེ་བཞིན་ཚད་མས་མ་དམིགས་པ་རི་བོང་གི་རྭ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཇི་ལྟར་འགྱུར་བ་ཡང་ཤེས་པར་བྱའོ། །འདི་རྟགས་ཡང་དག་མིན་ཞེས་སྨྲ་བ་ནི་རིགས་པ་ལ་བསྙོན་པ་ཡིན་ཏེ། ཕྱོགས་ཆོས་དང་ཁྱབ་པ་རྟོགས་སུ་ཡོད་པས་དེ་ལས་བསྒྲུབ་བྱ་དཔོག་པའི་རྗེས་དཔག་མི་སྐྱེ་ན་རྟགས་ཡང་དག་ཏུ་འདོད་པ་གཞན་དག་ལ་ཡང་ནུས་པ་ལྷག་པོར་ཅི་ཡང་མེད་པའི་ཕྱིར་རོ། །

ལྔ།  མཇུག་བསྡུ་བ།

གོང་ཞུས་དག་བསྡུ་ན། ཡོད་ན་ཡོད་པས་ཁྱབ་པ་ལ་རྗེས་སུ་འགྲོ་བ་དང་། མེད་ན་མེད་པས་ཁྱབ་པ་ལ་ལྡོག་པ་ཞེས་བྱ་ཞིང་དེ་ལྟ་བུའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་ལ་ངེས་པར་འབྲེལ་པ་གྲུབ་པ་ལ་མི་ལྟོས་ཀྱི། འོན་ཀྱང་ཐད་ཀར་འབྲེལ་པ་གྲུབ་པའམ་ཡང་ན་ཆོས་གཞན་ཞིག་ལ་འབྲེལ་བའི་སྟོབས་ཀྱིས་གྲུབ་པ་གང་རུང་དགོས་ཀྱི་དེ་ལྟར་མིན་ན་རྟ་ཕྱུགས་བཞིན་དུ་རྗེས་སུ་འགྲོ་ལྡོག་གྲུབ་པ་མི་སྲིད་པ་དང་། དངོས་རྒྱུ་དངོས་འབྲས་ལ་འབྲེལ་པ་བོད་གཞུང་འགའ་ཞིག་ཏུ་གསུངས་ཀྱང་སློབ་དཔོན་ཆོས་གྲགས་ཀྱིས་དངོས་འབྲས་བཀག་པས་དངོས་རྒྱུ་འགོག་ནུས་པའི་རྒྱུ་མཚན་དུ་དངོས་རྒྱུ་དངོས་འབྲས་ལ་འབྲེལ་པ་མ་གསུངས་པ་དང་། འབྲེལ་པ་ལ་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་སུ་ངེས་པ་དང་། ཕྱི་མ་ལ་དེ་ལས་བྱུང་བ་ཡིན་དགོས་པ་སོགས་སུ་གསུངས་པ་ལས་དེ་ཉིད་སློབ་དཔོན་གྱི་དགོངས་པ་མིན་པ་དང་། འབྲེལ་ཟླ་མི་དམིགས་པའི་རྟགས་ཀྱི་ཁྱབ་པ་གྲུབ་པ་ལ་དགག་བྱའི་ཆོས་རྟགས་ལོག་ལ་དངོས་སམ་བརྟགས་པ་མཐའ་བཟུང་གི་འབྲེལ་པ་རྟོགས་པ་སོགས་ལ་ལྟོས་ཀྱི་རྟགས་ཆོས་འབྲེལ་པ་རྟོགས་པ་ལ་མི་ལྟོས་པ་དང་། འགལ་ཟླ་དམིགས་པའི་རྟགས་རྣམས་ཀྱི་ཁྱབ་པ་གྲུབ་པ་ལ་འགལ་འབྲེལ་གཉིས་ཀ་ལ་ལྟོས་པ་དང་། འགལ་བ་རྟོགས་པ་ཁོ་ན་ལ་ལྟོས་པ་ཅི་རིགས་པ་ཡོད་ཀྱང་རྟགས་ཆོས་འབྲེལ་པ་རྟོགས་པ་ལ་མི་ལྟོས་པ་སོགས་སུ་ཤེས་པར་བྱ་བ་ཡིན་ནོ། །

 

ཡོང་ཁུངས།《རིས་མེད་མཁས་དབང་དག་གི་འབྲེལ་བའི་དོགས་སློང་དོགས་གཅོད་ཕྱོགས་སྒྲིག》

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4781