དུར་མིག མིང་དངོས་ལ་ཡོན་ཏན་ཕུན་ཚོགས་ཟེར། དབལ་ཤུལ་གསེར་རྟའི་འབྲོག་སྡེ་ཞིག་ཏུ་སྐྱེས། ཕོ་ལོ་ཉི་ཤུའི་སྣང་བ་དང་མཉམ་དུ་གསར་རྩོམ་གྱི་ལས་སུ་ཞུགས། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། 2016ལོར་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདན་ཞུས་རྩོམ་པ་པོར་བདམས།2018ལོར་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་གསོ་སྦྱོང་འཛིན་གྲྭ་དང་《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭར་ཞུགས། སྔ་རྗེས་སུ་རྩོམ་རིག་གི་བྱ་དགའ་རེ་ཟུང་དང་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཁག་ཏུ་སྙན་ངག་བཅུ་ཕྲག་འགའ་སྤེལ། མཉམ་འབྲེལ་སྒོས་སྙན་དེབ་《རྩིགས་པ》པར་དུ་བསྐྲུན། ད་ལྟ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་དབུ་ཚད་གཙོའི་ནང་བསྟན་གཞུང་ལ་སློབ་སྦྱོང་བྱེད་བཞིན་ཡོད།
བགྲེས་པོ་དང་འཇའ།
ངས་ལག་མཐིལ་གྱི་རི་མོ་མིག་གིས་དེད
རྣ་རྒྱབ་ཀྱི་ཆོས་དབྱངས་དཔུང་པ་བཞིན་གཤིབ་ཡོང་གིན་འདུག
གོ་རིམ་མེད་པར་ལམ་ཕྲན་ཞིག་དྲན་དུས
ཡུན་རིང་མ་མཇལ་བའི་འཁར་བ་ཅན་གྱི་བགྲེས་པོ་མཇལ
སྒྱུ་འཕྲུལ་སྒང་གི་ཉི་འོད་ནི་ཚོས་ཁ་དམར་ནག་རེད
བགྲེས་པོའི་གདོང་ལ་ལོ་རྒྱུས་ཀྱི་གྲིབ་ཡོར་བྲིས་འདུག
ཕྱི་དྲོའི་གྱེས་བྲལ་གྱི་གོམ་ཁ་དལ་ལེན་བྱས་ན
ངས་ལུས་སྟེང་གི་དངུལ་ཆུ་ས་ལ་ལྷུང་ནས་བསྡད་དེ
འུ་གཉིས་རྗེས་ཕྱོགས་འཕྲད་ཐུབ་མིན་ལ་སེམས་ཁྲལ་བྱས
ཁྱེད་རང་རྡོ་སྐས་ལས་ཡར་འཛེགས་ཏེ་གྲྭ་ཤག་གི་ཕྱོགས་སུ་བསྐྱོད
ཁོར་ཡུག་འདིའི་ག་ས་གང་ནས་བལྟས་ཀྱང
མི་ཚོགས་ཀྱི་འཚང་ཁ་མང་དྲགས
མཐོང་ལམ་ནས་བགྲེས་པོ་རྒྱང་ཐག་ཇེ་རིང་དུ་ཕྱིན་རྗེས
ངའི་དྲན་པའི་གཏིང་རིམ་ན་ཐ་སྙད་ཅིག་རུམ
ས་བཀྲ་གཞན་མཚོན་དོན་ཏེ་བསྡུས་གཟུགས་རེད
ཕྱིར་ལོག་པའི་གོམ་སྟབས་མཚམས་སུ་རྐང་རྗེས་རྙེད་རྒྱུ་མི་འདུག
༢༠༢༤.༨.༡༢
བདག་གི་མིག་མདུན་དུ།
གཞས་རེ་འགའ་བཏང་ནས་གཅིག་པུར་བསྡད
གྲྭ་ཤག་གི་ཕྱི་ནང་གཉིས་ཉི་འོད་ཀྱིས་དྲོས
ད་ལྟ འབྲེལ་མེད་ཀྱི་ས་ཆ་དྲན
མཚན་མོའི་རྩིག་པའི་ངོས་སུ་དབྱངས་ཡིག་ཅིག་བྲིས
དབྱངས་རྟ་རེ་ལ་ཆུ་ཀླུང་གི་སྒྲ་འབྱིན་པ་ཆོས་ཉིད་དུ་གྲུབ
ཆུ་སྒྲ རླུང་སྒྲ རང་བྱུང་ཁམས་ཀྱི་སྒྲ་མཛེས་སྡུག་ཡིན་པ་རྟོགས
བདག་གི་མིག་ཟུང་བརྒྱུད་ནས
སྡོང་རྒན་ཞིག་ཡལ་སྐྱེ་བའི་གོ་རིམ་ལ་བལྟས
ཡར་ག་སྣ་ཚོགས་ནམ་མཁར་འཕུར
འཆར་ཡན་སྣ་ཚོགས་ཤུགས་ཀྱིས་འཕྱོ
ངས་སླར་ཡང་སྡོང་རྒན་དེར་དཔེ་འཇོག་གནང
ཡུད་ཙམ་ནས
ལོ་མ་ཐར་ཐོར་མང་པོ་ངའི་གྲིབ་མའི་ནང་དུ་བརྒྱུགས་ནས་ཐོན
རྒྱུད་སྐུད་སྟེང་གི་སྒྲ་བཞིན་ཚོར་བ་ལྷག་མ་བསྣན་བྱུང
༢༠༢༤.༨.༡༣
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4771
དཔྱད་མཆན་སྤེལ།