གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་ཐོག་མར་རང་ཉིད་ཉི་འོད་ཀྱི་ནང་དུ་འཇོག་དགོས
ང་རང་མི་ཞིག་ཡིན་པའི་ངོས་ནས
ངས་ཐོག་མར་རང་ཉིད་ཉི་འོད་ལ་ལྡེ་དགོས
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་ཁྱོད་ཚོར་གཏམ་རྒྱུད་མང་པོ་ཞིག་བཤད་དགོས
ང་རང་ནམ་ཞིག་ཏུ་འཆི་དགོས་པ་བཟློག་ཏུ་མེད་པས
ངས་རང་གི་བཤད་འདོད་པ་མཐའ་དག་ལྷག་ལུས་མེད་པར་བཤད་དགོས
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ང་རང་འབྲོག་སྟོང་དུ་ཆས་ཏེ་ཆུང་དུས་ཀྱི་རྩེད་རོགས་བཙལ་འདོད
ཁ་མཚར་དང་ཀུ་རེའི་ཀློང་ནས་འདས་སོང་ལ་ཕྱིར་རྟོག་བྱེད་འདོད
རྒྱུ་མ་ཆད་ལ་ཁད་ཀྱི་གད་མོ་ཆེ་ཞིག་དགོད་འདོད
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་སྙན་ངག་དང་གཞུང་ལུགས་ལ་བལྟ་ན་མི་འདོད
ངས་རྒོད་པོ་ཞིག་ཐེད་ཐོག་ཏུ་འབབ་ཚུལ་ལམ
སྐྱ་མྱི་ཞིག་ཐག་རིང་དུ་ལོག་ཚུལ་ལ་ཞིབ་ཏུ་བལྟ་འདོད
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་སྒྲུང་གཏམ་རིང་བོ་ཞིག་བྲིས་ནས
ང་རང་ཅི་ལྟར་དུ་ཞེན་ཆགས་ཆེ་ཞིང
ཇི་ལྟར་དུ་འཚོ་བར་དགའ་ཚུལ་གླེང་ན་འདོད
བདག་གི་སྙུག་གུ
བདག་གི་སྙུག་གུ་ཆག་འཕྲོ་འདིས
མི་རྣམས་ཀྱིས་མཐོང་མི་སྤྲོ་བ་འབའ་ཞིག་བྲིས
དཔེར་བཞག་ན
གསོན་པགས་བཤུས་པའི་གསའ་དང་སྤྱང་ཀི
མེས་ཚིག་པའི་ལུག་ཁྱུ་དང་མདས་བརྒྱབས་པའི་ཁྲུང་ཁྲུང
ས་ནག་དང་མཉམ་དུ་རུལ་སོང་བའི་ཤ་ཁྲག་གི་ཕུང་པོ
དོན་མེད་དུ་བཞུར་སོང་བའི་ལོ་དང་ཟླ་བ
ཉེས་མེད་དུ་བསད་སོང་བའི་མི་དང་དུད་འགྲོ
དེ་ཡི་རྐྱེན་གྱིས་བདག་གི་སྙུག་གུ་འདི་ཞེ་སྡང་གི་སྙུག་གུ་ཞིག་ཡིན
བདག་གི་སྙུག་གུ་རལ་བོ་འདིས
མི་རྣམས་ཀྱིས་ཉན་མི་འདོད་པ་ཁོ་ན་བྲིས
དཔེར་བཞག་ན
ཁྲེལ་གཞུང་ཅན་གྱི་བུ་མོ་ཞིག་སྨད་འཚོང་མར་གྱུར་ཚུལ
དྲང་བདེན་བསྐྱངས་འོང་བའི་ཚོང་བ་ཞིག་ཁྲམ་པར་གྱུར་ཚུལ
གཏོང་ཕོད་ཆེ་བའི་དགེ་རྒན་ཞིག་ལག་དམར་ཏུ་གྱུར་ཚུལ
དེ་ཡི་རྐྱེན་གྱིས་ང་ཡི་སྙུག་གུ་འདི་གདུག་རྩུབ་ཀྱི་སྙུག་གུ་ཞིག་ཡིན
ད་ལྟ། བདག་གི་སྙུག་གུ་ཟད་པོ་འདི
གྲོགས་མེད་ཁེར་རྐྱང་དུ་གྱུར་བཞིན་འདུག
རང་གི་མཛུབ་མོ་ཁེར་མས་གནམ་སྔོན་པོ་ཨེ་ཐེགས་བལྟ་བའི
གྲོགས་མེད་ཁེར་རྐྱང་ཞིག་ཏུ་འགྱུར་བཞིན་འདུག
ཚེས་པ་བཅུ་བཞིའི་ཤོག་བྱ
ཚེས་པ་བཅུ་བཞིའི་ཤོག་བྱ་བར་སྣང་དུ་འཕུར
ང་ཡི་དྲན་གདུང་དང་སེམས་ངལ་ཁྲོད་ནས་འཕུར
ལན་རེར་མཐོ་ཞིང་ལན་རེར་དམའ་ལ
ལན་རེར་སྐྱོ་ཞིང་ལན་རེར་སྐྱིད
ཚེས་པ་བཅུ་བཞིའི་ཤོག་བྱ་ན་སྤང་གཉིས་ཀྱི་མཚམས་ནས་འཕུར
ཁྱོད་ཀྱི་འཛུམ་ཆུང་དང་དགོད་སྒྲ་བཏེགས་ནས་འཕུར
ལན་རེར་མགྱོགས་ཤིང་ལན་རེར་དལ་ལ
ལན་རེར་བགད་ཅིང་ལན་རེར་ངུ
ཚེས་པ་བཅུ་བཞིའི་ཤོག་བྱ་དབྱར་སའི་སྟེང་ནས་འཕུར
བེའུ་ལུག་དང་ཁྱི་སྡོམ་ཚོས་བདའ་དེད་བྱེད་ཀྱིན་འཕུར
ལན་རེར་ཁྱོད་ཀྱི་དུང་ཞེན་གྱི་མིག་ནང་ནས་འཕུར
ལན་རེར་ང་ཡི་འཁྲེངས་སེམས་ཀྱི་མཚོ་ཁ་ནས་འཕུར
ཚེས་པ་བཅུ་བཞིའི་ཤོག་བྱ་དཔྱིད་རླུང་ཁྲོད་ནས་འཕུར
འུ་གཉིས་དང་ཐོག་ངོ་ཤེས་དུས་ཀྱི་དཔྱིད་རླུང་ཁྲོད་ནས་འཕུར
ལན་རེར་གསལ་ཞིང་ལན་རེར་ཡིབ
ལན་རེར་ངོ་ཚ་ཞིང་ལན་རེར་བགད་ཤོར
རྩོམ་པ་པོ་ངོ་སྤྲོད།
མགོ་ལོག་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་སྐད་གཉིས་རྩོམ་པ་པོ། དངོས་མིང་འཇམ་དཔལ་རྒྱ་མཚོ། པུར་མིང་། བུ་ཡུག བོད། མགོ་ལོག་ཁུལ་དར་ལག་རྫོང་གི་མི། ལན་ཀྲུའུ་སློབ་ཆེན་གྱི་ཁྲིམས་ལུགས་ཆེད་སྦྱོང་ནས་མཐར་ཕྱིན། ཕ་སྐད་བརྩམས་ཆོས་དག་བོད་ཁུལ་གྱི་དུས་དེབ་《གངས་ལྗོངས་ཉི་གཞོན།》 《གངས་རྒྱན་མེ་ཏོག》 《བོད་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིག 》 《གསེར་གྱི་ལྷ་དར།》 མགོ་ལོག་《ཤ་སྐྱ》 ལྷ་སའི་《སྐུལ་འདེད། 》 《ཁྲི་ཤོར་རྒྱལ་མོ།》 བདེ་ཆེན་དང་མཚོ་སྔོན། ལྷོ་ཁ་སོགས་ཀྱི་རྩོམ་རིག་ཚགས་པར་གཙོ་བྱས་པའི་རྩོམ་རིག་སྡིངས་ཆ་དག་ཏུ་བཀོད་ཡོད། ཕ་སྐད་བརྩམས་ཆོས་ཡོངས་ལ་ཡིག་འབྲུ་ཁྲི་བཅོ་ལྔ་ཡས་མས་ཡོད། གཙོ་བོ་སྙན་ངག་དང་བསྒྱུར་རྩོམ་སྙན་ངག ལྷུག་རྩོམ་བསྒྱུར་མ། སྒྲུང་ཐུང་སོགས་ཡིན། རྒྱ་སྐད་བརྩམས་ཆོས་དག་མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱིས་བསྒྲིག་པའི་གཞུང་གཉེར་བསྡུས་དེབ་དང་རྒྱལ་ནང་གི་སྙན་ངག་དང་འབོལ་རྩོམ་དུས་དེབ་དག་ཏུ་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གསུམ་པའི་སྒྲིག་ནང་(在编)དམའ་འབྲིང་རྒྱ་ཡིག་དགེ་རྒན་ཡིན། ཉེ་ཆར་སྙན་དེབ་ཅིག་གི་དཔེ་རྟགས་བརྩོན་ལེན་བྱེད་བཞིན་ཡོད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4767
དཔྱད་མཆན་སྤེལ།