[ནང་དོན་གནད་བསྡུས།] སྡེ་དགེའི་《བསྟན་འགྱུར》་སྣ་ཚོགས་〈ཆོ་〉〈ཇོ〉གཉིས་ཀྱི་ནང་དུ་ཡོད་པའི་《འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ》་ཞེས་པའི་མཛད་པ་པོ་ཀླུའི་རྒྱལ་མཚན་ཡིན་པར་གྲགས་ཤིང། དེའི་སྨད་ཆའི་ནང་གི་རིགས་པ་བཞི་བཤད་པའི་སྐབས་སུ་ཕྱོགས་གླང་ཡབ་སྲས་ལུགས་ཀྱི་ཚད་མའི་སྐོར་ཅུང་རྒྱས་པར་བྲིས་ཡོད་པ་དང་། དེ་དང་ཁྲི་སྲོང་དུས་ཀྱི་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ》་གཉིས་ཀྱི་བར་བརྗོད་བྱ་རྗོད་བྱེད་གཉིས་ཀ་ནས་མི་འདྲ་བའི་འགྱུར་བ་བྱུང་ཡོད། 《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ》་ལ་མི་མང་པོས་རྒྱུས་ཡོད་ཀྱང་འདི་ནི་གཞུང་འགྲེལ་གྱི་ཞོར་དུ་ཚད་མའི་སྐོར་བྱུང་བ་ཞིག་ཡིན་པས་ད་བར་དོ་སྣང་བྱུང་བ་དཀོན་པར་སྣང་། འོན་ཀྱང་《དཀར་ཆག་ལྡན་དཀར་མ》་སོགས་སུ་འཁོད་པ་ལས་《དགོངས་འགྲེལ་གྱི་འགྲེལ་པ》་དེ་བསྟན་པ་སྔ་དར་སྐབས་སུ་བྱུང་བ་ལ་དོགས་པ་ཅུང་ཟད་ཀྱང་མི་དགོས་པས། དེས་ན་གཞུང་འདི་ལ་བརྟེན་ནས་བསྟན་པ་སྔ་དར་སྐབས་བོད་མིས་བརྩམས་པའི་ཕྱོགས་གླང་ཡབ་སྲས་ལུགས་ཀྱི་ཚད་མའི་གཞུང་ལུགས་མ་བྱུང་བར་འདོད་པ་མི་འཐད་པར་ཤེས་ཐུབ་ཅིང་། སྐབས་དེའི་ཚད་མའི་གཞུང་ལུགས་ཀྱི་འཕེལ་འགྱུར་ལ་ཡང་རྒྱུས་ཅུང་ཟད་ལོན་ཐུབ་པ་ཡིན་ནོ། །

[གནད་ཚིག] ཚད་མ། རིགས་པ་བཞི། ཀླུའི་རྒྱལ་མཚན། བཀའ་ཡང་དག་པའི་ཚད་མ།

ཀྲུང་གོའི་དཔེ་དེབ་དབྱེ་རྟགས། B81-093.51ཡིག་ཚང་མཚོན་བྱང་། Aརྩོམ་གྱི་སྒྲིག་ཨང་། 1674-9243(2019)01-06-10


བོད་ཀྱི་མཁས་པའི་ནང་ཚད་མའི་སྐོར་གྱི་བསྟན་བཅོས་མཛད་པ་མང་དུ་ཡོད་ཀྱང་། བསྟན་པ་སྔ་དར་སྐབས་ཀྱི་ཚད་མའི་གཞུང་ལ་དཔྱད་པ་བྱས་པའི་བསྟན་བཅོས་ཅུང་དཀོན་པོར་སྣང་། དེའི་ཕྱིར་ཁོ་བོས་བསྟན་པ་སྔ་དར་སྐབས་ཀྱི་ཚད་མའི་བསྟན་བཅོས་འགའ་མཚམས་སྦྱོར་བྱ་བའི་འདུན་པ་སྐྱེས་ཤིང་། སྔར་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པའི》་སྐོར་ཉུང་ངུ་ཞིག་བྲིས་ཟིན་པ་དང་། འདིར་སྡེ་དགེའི་《བསྟན་འགྱུར》་སྣ་ཚོགས་སྡེ་ཚན་〈ཆོ་〉〈ཇོ〉གཉིས་ཀྱི་ནང་དུ་བསྡུས་པའི་《མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ》་ཞིག་གི་ནང་དུ་འཁོད་པའི་རིགས་པ་བཞིའི་སྐོར་བཤད་པའི་ཚན་པ་ཞིག་མདོར་ཙམ་ངོ་སྤྲོད་བྱ་བར་འདོད།

གཅིག མཛད་པ་པོ་སུ་ཡིན་དཔྱད་པ།

སྤྱིར་《དཀར་ཆག་ལྡན་དཀར་མར》་འཁོད་པའི་《དགོངས་འགྲེལ་གྱི་འགྲེལ་བ》་ནི། དེ་ཉིད་ལས། “འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་ཊཱིཀ་ཆེན་པོ། ཤཱོ་ཀ་ཁྲི་བརྒྱད་སྟོང་སྟེ་བམ་པོ་དྲུག་ཅུ།  ཡང་དགོངས་པར་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པ། ཤཱོ་ཀ་ཉིས་སྟོང་སྟེ་བམ་པོ་བཞི་བཅུ། ཡང་དགོངས་པ་ངེས་པར་འགྲེལ་པའི་བྱམས་པའི་ལེའུ་ཉི་ཚེ་བཤད་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། ཤཱོ་ཀ་དྲུག་བརྒྱ་བདུན་ཅུ་སྟེ་བམ་པོ་གཉིས་དང་ཤཱོ་ཀ་བདུན་ཅུ། ཡང་དགོངས་པ་ངེས་པར་འགྲེལ་པའི་བསྡུས་འགྲེལ། ཤཱོ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག ཡང་དགོངས་པ་ངེས་པར་འགྲེལ་པའི་བཤད་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། ཤཱོ་ཀ་ཉིས་བརྒྱ་ཉི་ཤུ།”[1]ཞེས་ལྔ་གསུངས་ཡོད་ཅིང་། ད་དུང་རྒྱ་ལས་འགྱུར་བ་《འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་ཊཱི་ཀཱ་ཆེན་པོ།》ཤློ་ཀ་ཁྲི་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན་ཅུ་རྩ་བཞི། ཡང་《དགོངས་པ་ངེས་པར་འགྲེལ་པའི་ཊཱི་ཀཱ །》ཤློ་ཀ་ཉིས་སྟོང་བདུན་བརྒྱ་སྟེ་བམ་པོ་དགུ་ཅན་བཅས་བདུན་འཁོད་ཡོད། དེའི་ནང་གི་《དགོངས་པ་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་པ》་སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པ། ཤཱོ་ཀ་ཉིས་སྟོང་སྟེ་བམ་པོ་བཞི་བཅུ་ཞེས་པ་ནི་《སྡེ་བསྟན》་སྣ་ཚོགས〈ཆོ〉〈ཇོ〉གཉིས་ཀྱི་ནང་དུ་བསྡུས་པ་དེ་ཡིན།  འདིའི་མཚན་ལ་དཔེ་རང་དུ་《འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ》་ཞེས་འཁོད་ཡོད། འདིའི་མཇུག་ཏུ། “བཅོམ་ལྡན་འདས་ཀྱི་མགུར་ནས་བཀའ་སྩལ་པའི། །བདུད་རྩིའི་མཆོག་དེ་གསལ་བར་རྣམ་ཕྱེ་འདི། །བྲིས་ཤིང་གཞན་ལ་སྣང་བར་བསྟན་པས་ནི། །གུ་ཎ་ཤྲཱི་དང་སེམས་ཅན་ཐམས་ཅད་ཀུན། །མ་རིག་མུན་པའི་སྒྲིབ་པ་རྣམ་དག་སྟེ། །ཤེས་རབ་སྒྲོན་མ་མཆོག་ནི་ཐོབ་པར་ཤོག །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་རྫོགས་སོ། །”ཞེས་པ་ཙམ་ལས་འཁོད་མེད། འོ་ན་དེའི་མཛད་པ་པོ་སུ་ཡིན་ཞེ་ན། 《བུ་སྟོན་ཆོས་འབྱུང》་དུ། “འདི་ཐོགས་མེད་ཀྱིས་མཛད་ཟེར་བ་མི་བདེན་ཏེ། དེའི་འཐད་པ་སྒྲུབ་པའི་རིགས་པའི་སྐབས་ནས། དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་ནི་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་བྱུང་བ་བཞིན་དུ་བལྟ་བར་བྱའོ་ཞེས་བོད་ཀྱི་བསྟན་བཅོས་ལ་ཁ་འཕངས་བྱས་ཤིང་ཀུན་ལས་བཏུས་དང་ཚད་མ་རྣམ་ངེས་ལ་སོགས་པའི་ལུང་དྲངས་པའི་ཕྱིར་རོ། །དེས་ན་བོད་ཀྱི་མཁས་པ་ཞིག་གིས་བྱས་པར་ཤེས་པར་བྱའོ། །ཀླུའི་རྒྱལ་མཚན་གྱིས་མཛད་པ་ཡང་སེམས་སོ། །”[2]ཞེས་བོད་ཀྱི་མཁས་པ་ཞིག་གིས་མཛད་པར་ཐག་བཅད་ཅིང་། ཀླུའི་རྒྱལ་མཚན་གྱིས་མཛད་པ་ཡང་སེམས་སོ་ཞེས་གསུངས་ཡོད། འགྲེལ་པ་འདིའི་རིགས་པ་བཞི་ལས་ལྟོས་པའི་རིགས་པ་[3]་གསུངས་སྐབས་སུ། “དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་ནི་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པ་བཀའ་ཡང་དག་པའི་ཚད་མ་ལས་འབྱུང་བ་བཞིན་དུ་བལྟ་བར་བྱའོ། །”[4]ཞེས་《བཀའ་ཡང་དག་པའི་ཚད་མ》་ལ་ཞལ་འཕངས་མཛད་ཡོད། 《བུ་སྟོན་ཆོས་འབྱུང》་དུ་ལུང་འདི་འདྲེན་སྐབས་ལྷ་བཙན་པོ་ཞེས་བྱུང་ཡང་《སྡེ་བསྟན》་རང་དུ་ལྷ་བཙན་ཞེས་པ་ལས་མི་འདུག་སྟེ་ཆད་དམ་དཔྱད།

《སྡེ་བསྟན་དཀར་ཆག》་ཏུ། “སྔོན་གྱི་དཀར་ཆག་ལས། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་འགྲེལ་པ་བམ་པོ་བཞི་བཅུ་ཞེས་འབྱུང་བ་དེ་ཡིན་པར་སེམས་སོ། །”[5]ཞེས་གསུངས་ཡོད་ཅིང་སྔོན་གྱི་《དཀར་ཆག་ལྡན་དཀར་མར》་ཡང་། “ཡང་དགོངས་པ་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པ།”[6]ཞེས་འཁོད་ཡོད། གང་ལྟར་འདི་བོད་གཅིག་གིས་བརྩམས་པ་བཀའ་ཡང་དག་པའི་ཚད་མ་ལ་ཁ་འཕངས་མཛད་པས་ཤེས་ཤིང་། 《ལྡན་དཀར་མར》་འཁོད་པ་ལས་བསྟན་པ་སྔ་དར་སྐབས་ཀྱི་བསྟན་བཅོས་ཤིག་ཡིན་པ་ཡང་ཐག་གཅོད་ཆོག་པ་ཡིན། འདིའི་མཛད་པ་པོ་ཀླུའི་རྒྱལ་མཚན་ཡིན་པ་ལྟར་ན་རྟའི་ལོ་(སྤྱི་ལོ་814)ལ་བསྒྲིགས་པའི་《སྒྲ་སྦྱོར་བམ་གཉིས》་ཀྱི་ནང་དུ་སྐབས་དེའི་སྐད་གསར་བཅད་ཀྱི་འདུས་པར་ཞང་ཡེ་ཤེས་སྡེ་ཡོད་པར་བཤད་ནའང་། ལོ་ཙཱ་བ་སྐ་ཅོག་གཉིས་ཀྱི་མཚན་འཁོད་མེད་པ་དང་ཡབ་ཀྱི་རིང་གི་ལོ་ཙཱ་བ་དག་གི་མིང་འཁོད་པའི་གྲས་སུ་ཡང་སྐ་ཅོག་གཉིས་ཀྱི་མཚན་མི་གསལ་བས། སྐབས་དེར་སྐ་ཅོག་གཉིས་ལོ་ཆེན་དུ་གྱུར་མེད་པ་ཤེས་ཐུབ།  དེས་ན་ཀླུའི་རྒྱལ་མཚན་གྱིས་ལོ་ཙཱ་མཛད་པའི་དུས་ནི་རལ་བ་ཅན་གྱི་སྐུ་ཚེ་ཙམ་ལ་ཡིན་ངེས་པས་བསྟན་བཅོས་འདི་བརྩམས་པའི་དུས་རགས་པ་ཙམ་ཞིག་ནི་རྟོགས་དཀའ་བ་མིན།

འོ་ན་འགྲེལ་པ་འདིའི་ནང་དུ་གཏན་ཚིགས་རིག་པའི་སྐོར་བཤད་པ་ཇི་ཙམ་ཡོད་ཅེ་ན། སྤྱིར་གཏན་ཚིགས་རིག་པའི་གཞུང་ཞེས་པ་ནི་ཤེས་བྱའི་གནས་ལུགས་གཏན་ལ་འབེབས་པའི་ཐབས། ཚད་མ་དང་། གཏན་ཚིགས། སྒྲུབ་ངག །སུན་འབྱིན་སོགས་ཀྱི་རྣམ་བཞག་ཅི་རིགས་གཙོ་བོར་བཤད་པའི་གཞུང་ལུགས་ཤིག་ལ་ཟེར། འགྲེལ་པ་འདི་ལ་སྤྱིར་པོད་གཅིག་དང་ཕྱེད་ཀ་ལྷག་ཡོད་ཀྱང་གཏན་ཚིགས་ཀྱི་སྐོར་ཆེད་དུ་གསུངས་པ་ནི་《སྡེ་བསྟན》་སྣ་ཚོགས་〈ཇོ〉་ཤོག་གྲངས་བརྒྱ་དང་སོ་དྲུག་ནས་བརྒྱ་དང་བདུན་ཅུ་དོན་བཞིའི་བར་ཤོག་བུ་སྣེ་རིང་སོ་དགུ་ཡོད་པ་དེ་ཡིན། དེའི་ནང་དུ་《དགོངས་འགྲེལ》་གྱི་རིགས་པ་བཞིའི་དོན་བཤད་ཅིང་། ཚད་མའི་མཚན་ཉིད་དང་དབྱེ་བ། གྲངས། དེའི་ལོག་རྟོག །གཏན་ཚིགས་ཡང་དག་གི་མཚན་ཉིད། དབྱེ་བ། གཏན་ཚིགས་ལྟར་སྣང་བཅས་བཤད་ཡོད་པ་དང་། 《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ》་རྗེས་ནས་རྒྱ་གར་གྱི་གཞུང་ལུགས་ལ་གཏུགས་ཏེ་བྲིས་པའི་བོད་ཀྱི་ཚད་མའི་བསྟན་བཅོས་སྔ་ཤོས་གྲས་ཡིན་པ་དང་། ལྷག་ཏུ་ཕྱོགས་གླང་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས་དེའི་ལུགས་ཀྱི་ཚད་མའི་སྐོར་འཁོད་པའི་ད་ཡོད་བསྟན་པ་སྔ་དར་གྱི་གཞུང་གཅིག་པུ་དེ་ཡིན།

གཉིས།  བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་དང་བསྡུར་བ།

《བཀའ་ཡང་དག་པའི་ཚད་མ》་དང་འགྲེལ་པ་འདི་གཉིས་ཀས་《མདོ་སྡེ་དགོངས་འགྲེལ》་གྱི་ནང་གི་རིགས་པ་བཞིའི་དོན་བཤད་པར་མཚུངས་ཀྱང་འགྲེལ་ཚུལ་མི་འདྲ་བ་བ་ཡོད། དེ་ཡང་《བཀའ་ཡང་དག་པའི་ཚད་མ》་ནི་《དགོངས་འགྲེལ》་དང་ཐོགས་མེད་ཀྱི་གཞུང་དག་གི་རྗེས་སུ་འབྲངས་ཏེ་བྲིས་པ་ལས་དེའི་ནང་དུ་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་དྲངས་ནས་ལུགས་དེ་ལྟར་དུ་བཤད་པ་མེད། དཔེར་ན་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་དང་། མངོན་སུམ་གྱི་དབྱེ་བའི་ནང་དུ་རང་རིག་བགྲངས་བ་མེད་པ་དང་། དེར་ཚུལ་གསུམ་གྱི་ཐ་སྙད་གསལ་ཡང་རང་ལུགས་སུ་ཚུལ་གསུམ་གྱི་རྣམ་བཞག་དང་། རྟགས་ཡང་དག་གསུམ་གྱི་རྣམ་བཞག་སོགས་བཤད་མེད་ལ། འགལ་མ་ངེས་པ་མ་གྲུབ་པ་གསུམ་གྱི་རྣམ་བཞག་ཀྱང་མི་གསལ། ད་དུང་དེའི་ལེའུ་བཅུ་གཉིས་པར་《རྣམ་འགྲེལ》་གྱི་ལུགས་དེ་ལ་དགག་པ་ཡང་མཛད་དམ་སྙམ་པ་ཞིག་ཡོད་དེ། ཞིབ་ཙམ་ཁོ་བོས་བྲིས་པའི་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ》་ཞེས་པའི་བསྟན་བཅོས་ཀྱི་སྐོར་བྲིས་པའི་དཔྱད་རྩོམ་གྱི་ནང་དུ་འཁོད་ཡོད། འོན་ཀྱང་འདིའི་ནང་དུ་ཚད་མའི་མཚན་ཉིད་དང་དབྱེ་བ། གྲངས། དེའི་ལོག་རྟོག །གཏན་ཚིགས་ཡང་དག་གི་མཚན་ཉིད། དབྱེ་བ། གཏན་ཚིགས་ལྟར་སྣང་བཅས་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ལྟར་དུ་བཤད་ཡོད། དཔེར་ན་ཐོགས་མེད་སྐུ་མཆེད་ཀྱི་གཞུང་དུ་མི་གསལ་བའི་རང་རིག་དང་རྟོག་བྲལ་སོགས་ཀྱི་ཐ་སྙད་དང་དོན་གཉིས་ཀ་བྱུང་བ་ལྟ་བུ་ཡིན། ཚད་འབྲས་ངོ་བོ་ཐ་དད་པ་བཀག་ནས་ངོ་བོ་ཐ་དད་མེད་པ་ཡང་ཆོས་གྲགས་ཀྱི་གཞུང་ལྟར་དུ་བཤད་དོ། །དེ་བཞིན་《བཀའ་ཡང་དག་པའི་ཚད་མ》་རུ། ཡིད་ཆེས་པའི་ལུང་གི་ཚད་མ་བཤད་སྐབས་རང་ཚིག་འགལ་བ་མེད་པ་གསུངས་མེད་ཀྱང་། འདིར། “ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ཅེས་བྱ་བ་ལ། ལུང་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་མཐུན་པར་བསྟན་པའི་ལུང་སྟེ། དེས་ནི་རྟོགས་པ་ཐམས་ཅད་མཁྱེན་པ་ཡིན་པར་བསྟན་ཏོ། །ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པ་ཞེས་བྱ་བ་ནི་རང་གིས་ཚད་མར་བྱས་པའི་མཚན་ཉིད་ལ། རང་བཟོའི་ལྷད་མ་ཞུགས་པ་སྟེ། དེས་ནི་དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་བསྟན་ཏོ། །”[7]ཞེས་དང་། “ཡིད་ཆེས་པའི་ལུང་གི་ཚད་མའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དེ་དང་དེ་ལ་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པས་མ་ནོར་བ་ཤེས་པ་སྟེ།”[8]ཞེས་ཡིད་ཆེས་པའི་ལུང་ལ་ཐམས་ཅད་མཁྱེན་པས་གསུངས་པ་དང་། རང་ཚིག་འགལ་བ་མེད་པ་ཞིག་དགོས་པར་གསུངས་ཡོད་པ་དང་། དེའི་འོག་ཏུ་རང་ཚིག་འགལ་བའི་དཔེར། “དེ་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་ནི་ཇི་ལྟར་མུ་སྟེགས་ཅན་དག་གི་གཞུང་ལས་ཆོས་མ་ཡིན་པ་ནི་འདོད་ཆགས་ལ་སོགས་པ་རྩ་བ་ལས་བྱུང་བ་གངྒའི་ནང་དུ་ཁྲུས་བྱས་པས་འབྱུང་ངོ་ཞེས་ཟེར་བ་དང་། ཆོས་ནི་རྣམ་པར་མི་འཚེ་བ་ཡིན་ལ། སྲོག་ཆགས་གསོད་པའི་མཆོད་སྦྱིན་བྱས་ནས་གྲོལ་ལོ་ཞེས་ཟེར་བ་ལ་སོགས་པ་ལྟ་བུ་ནི་ཚིག་འགལ་བ་ཡིན་གྱི།”ཞེས་གསུངས་པ་དེ་ལ་བལྟས་པ་ཙམ་གྱིས་ཆོས་གྲགས་ཀྱི་《རྣམ་འགྲེལ་གཞན་དོན་ལེའུར》་འཁོད་པའི་ཚིག་སྟེ། “འདི་ལ་བརྟག་པ་ཕལ་ཆེར་ནི། །འགལ་བ་བརྗོད་ཡིན་འདི་ལྟ་སྟེ། །ཆགས་སོགས་ཆོས་མིན་རྩ་བ་དང༌། །ཁྲུས་ཀྱིས་ཆོས་དག་འགྱུར་བའོ། །”[9]ཞེས་སོགས་ཀྱི་དོན་བསྐྱར་བ་ལྟ་བུར་སྣང་།

སྔ་ཕྱིའི་བར་ཐ་སྙད་ཀྱི་ཆ་ནས་ཀྱང་མི་འདྲ་བའི་འགྱུར་བ་ཅུང་ཟད་རེ་བྱུང་ཡོད་པར་སྣང་སྟེ། 《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པའི》་ནང་དུ། “ཚད་མ་གསུམ་བྱ་བ་ནི་དངོས་པོ་བསྒྲིབས་པ་དང་། མ་བསྒྲིབས་པ་དང་། དེ་དག་ལས་ཀྱང་ཤིན་ཏུ་བསྒྲིབས་པའི་ཆོས་དང་གསུམ་ཡོད་པས་ཚད་མ་ཡང་གསུམ་དུ་གསུངས་སོ། །”[10]ཞེས་གསུངས་པ་ལས་མངོན་གྱུར་དང་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་གྱི་ཐ་སྙད་སྤྱད་མེད་ཅིང་།  《དགོངས་འགྲེལ་གྱི་འགྲེལ་པ》་འདིར། “དེ་དག་ཀྱང་མངོན་སུམ་གྱི་དོན་དང་ལྐོག་ཏུ་གྱུར་པའི་དོན་དང་། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་དང་། གོ་རིམ་བཞིན་ནོ། །”[11]ཞེས་ཐ་སྙད་དེ་དག་བྱུང་ཡོད། 《བཀའ་ཡང་དག་པའི་ཚད་མ》་རུ། “སོ་བཞི་བཅུ་ཐགས་བཟང་བ་དང་།”ཞེས་དང་། “ཕོ་མཚན་མི་སྣང་བ་ནུབ་པ་དང་།”[12]ཞེས་དང་། “ལྕེ་ཆེ་ཞིང་སྲབ་པ་དང་།” ཞེས་དང་། “མཆེ་བ་དཀར་བ་དང་།”ཞེས་སོགས་ཀྱི་ཚབ་ཏུ་འགྲེལ་པ་འདིར། “ཚེམས་བཞི་བཅུ་མངའ་བ་དང་།”[13]ཞེས་དང་།  “འདོམ་གྱི་སྦ་བ་སྦུབས་སུ་ནུབ་པ་དང་།”ཞེས་དང་། “ལྗགས་རིང་ཞིང་སྲབ་པ་དང་།”ཞེས་དང་། “ཚེམས་ཤིན་ཏུ་དཀར་བ་དང་།”ཞེས་སྔ་མ་ལ་ཞེ་སའི་ཚིག་མེད་པ་ནས་ཕྱི་མར་ཡོད་པའི་འགྱུར་བ་བྱུང་། ཡང་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པའི》་ནང་དུ། “དྲང་བ་གང་ཞེ་ན། འཕགས་པ་ལང་ཀ་གཤེགས་པའི་མདོ་ལ་སོགས་པ་ལས་འབྱུང་བ་ལྟ་བུའི་སྒྲོ་འདོགས་པ་དང་ཕྲི་བ་མེད་པའོ། །”[14]ཞེས་གསུངས་པའི་ཕྲི་བ་མེད་པ་ནི་སྐུར་འདེབས་མེད་པ་སྟེ། དེས་ན་གཞུང་དེར་ཕྲི་བ་མེད་པ་ཞེས་པ་ལས་སྐུར་འདེབས་ཞེས་པའི་ཐ་སྙད་དེ་མི་གསལ་བ་ལ། འདིར། “དེའི་འོག་ཏུ་ཤེས་རབ་རྣམ་པར་དག་པ་རྣམ་པ་བདུན་ལ་འདི་ལྟ་སྟེ། དེའི་ཤེས་རབ་དེ་སྒྲོ་འདོགས་པའི་མཐའ་དང་སྐུར་པ་འདེབས་པའི་མཐའ་རྣམ་པར་སྤངས་ཏེ།”[15]ཞེས་སྐུར་འདེབས་ཞེས་པའི་ཐ་སྙད་བྱུང་བ་ལྟ་བུའོ། །དེ་ལ་སོགས་པ་བརྗོད་བྱ་རྗོད་བྱེད་གཉིས་ཀ་ནས་མི་འདྲ་བ་བྱུང་སྟེ་ཞིབ་ཏུ་གཞུང་གཉིས་ལ་གཟིགས་པར་འཚལ།

གསུམ། ཚད་གཞུང་གང་གི་རྗེས་སུ་འབྲངས་པ།

གོང་དུ་ཡང་ཞུས་པ་ལྟར་འདིས་《བཀའ་ཡང་དག་པའི་ཚད་མ》་དང་འདྲ་བར་《མདོ་དགོངས་འགྲེལ》་གྱི་ནང་དུ་གསལ་བའི་རིགས་པ་བཞིའི་སྐོར་བཤད་མོད། འོན་ཀྱང་བཤད་སྟངས་མི་འདྲ་སྟེ། སྔ་མས་《དགོངས་འགྲེལ》་གྱི་དོན་རྒྱ་གར་གྱི་སྔ་དར་ནང་པའི་ཚད་མའི་གཞུང་གི་རྗེས་སུ་འབྲངས་ནས་འགྲེལ་པར་མཛད་ལ། འདིས་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་ནས་གསུངས་པའི་ཚད་མ་དང་གཏན་ཚིགས་ཀྱི་རྣམ་བཞག་ལ་སྦྱར་ནས་འགྲེལ་པར་མཛད་དོ། །《བུ་སྟོན་ཆོས་འབྱུང》་དུ་འདིར་《ཀུན་བཏུས》་དང་《རྣམ་ངེས》་ཀྱི་ལུང་དྲངས་ཞེས་གསུངས་ཤིང་། རྗེ་ཙོང་ཁ་པས་《དྲང་ངེས་རྣམ་འབྱེད》་དུ་ཡང་དེར་《རྣམ་ངེས》་ཀྱི་ལུང་དྲངས་ཞེས་གསུངས་ཡོད།  འོན་ཀྱང་ཁོ་བོས་བསྟན་བཅོས་དེ་གཉིས་ཀྱི་མཚན་དངོས་སུ་སྨོས་པ་མ་རྙེད་ཅིང་། 《དཀར་ཆག་ལྡན་དཀར་མའི》་ནང་དུ་《རྣམ་ངེས》་བོད་དུ་འགྱུར་བ་འཁོད་མེད་པས་དཔྱད་གཞིར་སྣང་།  འོན་ཀྱང་གཞུང་འདིར། “ཡང་དག་པའི་ཤེས་པ་ནི་རྣམ་པར་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ་ཞེས་བྱ་བས།”ཞེས་དང་། “ཚུལ་གསུམ་གང་ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །”ཞེས་དང་།  “རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ལ་འོ། །”[16]ཞེས་སོགས་སུ་གསུངས་པ་དེ།  《རིགས་ཐིགས》་ལས། “ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་རྗེས་སུ་དཔག་པའོ། །”ཞེས་དང་།  “ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ། །”[17]ཞེས་སོགས་སུ་གསུངས་པ་དང་ཚིག་ཀྱང་གཅིག་ལ་ཁད་དུ་སྣང་སྟེ། དེ་ལྟར་སྦྱར་ནུས་པ་མང་པོ་ཡོད། 《དཀར་ཆག་ལྡན་དཀར་མར།》“རིགས་པའི་ཐིགས་པ། ཤཱོ་ཀ་སུམ་བརྒྱ་སྟེ་བམ་པོ་གཅིག །དེའི་འགྲེལ་པ། སློབ་དཔོན་དྷརྨ་ཨུཏྟས་མཛད་པ། ཤཱོ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། དེའི་རྒྱ་ཆེར་བཤད་པ། ཤཱོ་ཀ་དགུ་བརྒྱ་སྟེ་བམ་པོ་གསུམ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤཱོ་ཀ་བརྒྱ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་བསྡུས་པ། ཤཱོ་ཀ་ལྔ་བརྒྱ།”[18]ཞེས་གསུངས་པས་《རིགས་ཐིགས》་སྔ་འགྱུར་ཡོད་པར་འདུག་ཀྱང་ད་ལྟའི་《བསྟན་འགྱུར》་དུ་རྔོག་གི་ཕྱི་འགྱུར་ལས་མི་བཞུགས། 《བུ་སྟོན་ཆོས་འབྱུང》་དུ། “ཐིགས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་བམ་པོ་ལྔ་ཆོས་ཀྱི་སྣང་བ་དང་བློ་ལྡན་ཤེས་རབ་ཀྱི་འགྱུར། སློབ་དཔོན་དུལ་བ་ལྷས་མཛད་པའི་རིགས་ཐིགས་ཀྱི་འགྲེལ་པ་སློབ་མ་ལ་ཕན་པ་བམ་པོ་གསུམ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་ཤོ་ལོ་ཀ་བརྒྱ་དང་། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དུལ་བ་ལྷས་མཛད་པ་བམ་པོ་བཅུ་གཉིས་པ་གཉིས་དཔལ་བརྩེགས་ཀྱི་འགྱུར།”[19]ཞེས་གསུངས་པ་ལ་བལྟས་ན་《ལྡན་དཀར་མ》་རུ་《རིགས་ཐིགས་ཀྱི་འགྲེལ་པ》་ཞིག་དང་དེའི་རྒྱ་ཆེར་འགྲེལ་གཉིས་བཤད་པའི་སྔ་མ་ཆོས་མཆོག་གིས་མཛད་པ་དང་ཕྱི་མ་དུལ་བ་ལྷས་མཛད་པ་ཡིན་ཞིང་། དེ་གཉིས་ཀ་ད་ལྟའི་《བསྟན་འགྱུར》་དུ་བཞུགས་ཀྱང་། སྔ་མ་རྔོག་གི་འགྱུར་ཡིན་པ་ལས་སྔ་འགྱུར་མིན་པ་དང་། ཕྱི་མ་ཡེ་ཤེས་སྡེའི་འགྱུར་ཡིན་པས་སྔ་འགྱུར་ཡིན་པར་སྣང་། 《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པའི》་སྔ་འགྱུར་ལ་རྒྱས་བསྡུས་གཉིས་ཡོད་པར་འདུག་ཀྱང་ད་ལྟ་གཅིག་ལས་མི་བཞུགས་ཤིང་། དེ་ཡང་བསྡུས་པ་དེ་ཡིན། དེས་ན་《དགོངས་འགྲེལ་གྱི་འགྲེལ་པ》་འདིར་བཤད་པའི་ཚད་མའི་སྐོར་དེ་དག་གཙོ་བོ་《རིགས་ཐིགས》་ཀྱི་རྗེས་སུ་འབྲངས་ཏེ་བྲིས་པ་ཞིག་ཡིན་ནམ་སྙམ་ན་དཔྱད། གང་ལྟར་གཞུང་འདི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་རྗེས་སུ་འབྲངས་པ་ནི་གཞུང་དོན་རང་ལ་བལྟས་པ་ཙམ་གྱིས་ཤེས་པས་དེ་ལ་དོགས་པ་ཅི་ཡང་མི་དགོས་སོ། །

བཞི། གྲུབ་དོན།

དེས་ན་བསྟན་པ་སྔ་དར་གྱི་སྐབས་སུ་ཚད་མའི་འཆད་ཉན་རྒྱ་ཆེན་པོ་དང་རྒྱུན་ཆགས་སུ་མ་དར་དུ་ཆུག་མོད་གཏན་ནས་མ་དར་བ་དང་། དར་ཡང་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལ་ཐོས་བསམ་དང་དེའི་ལུགས་ཀྱི་གཞུང་ལུགས་རྩོམ་པ་མེད་དོ་ཟེར་ན་འགྲིག་པར་མི་སྣང་སྟེ། 《བཀའ་ཡང་དག་པའི་ཚད་མ》་ནི་རྒྱ་གར་གྱི་སྔ་དར་ནང་པའི་ཚད་མའི་རྗེས་སུ་འབྲངས་ནས་བྲིས་ཤིང་། དེའི་ནང་དུ་རྩོད་པའི་ཚུལ་དང་། གཏན་ཚིགས་དང་དཔེ་དང་། གཏན་ཚིགས་ལྟར་སྣང་བ་དང་། ཚད་མའི་མཚན་ཉིད་དང་དབྱེ་བ་སོགས་རྒྱས་པར་བཤད་དེ། དེ་ཚད་མའི་གཞུང་ལུགས་མིན་ན་རྒྱ་གར་གྱི་སྔ་དར་ནང་པའི་ཚད་གཞུང་དག་ཀྱང་ཚད་གཞུང་ཡིན་པའི་རྒྱུ་མཚན་ཅི་ཡང་བཤད་དུ་མེད་དོ། །དེས་ན་《བཀའ་ཡང་དག་པའི་ཚད་མ》་ནི་བོད་ཀྱི་མིས་བརྩམས་པའི་ཚད་གཞུང་རང་རྐྱ་བ་དང་། ད་བར་རྙེད་པའི་རྒྱ་གར་ནས་ནང་ཆོས་དར་རྗེས་དེའི་རྗེས་སུ་འབྲངས་ནས་བྲིས་པའི་ཚད་མའི་བསྟན་བཅོས་སྔ་ཤོས་དེ་ཡིན་ཞིང་། སྐབས་དེ་དུས་ནས་རྒྱ་གར་གྱི་ནང་པའི་སྔ་དར་ཚད་མའི་གཞུང་ལ་འཆད་ཉན་དང་ལྷག་ཏུ་ཆོས་རྣམས་ཀྱི་གནས་ལུགས་རིགས་ལམ་ནས་འགྲེལ་པ་དང་རིགས་པ་རྩིས་ཆེན་པོ་བྱེད་པ་ཡང་གཞུང་དེ་དང་དེའི་གླེང་གཞི་ལ་བལྟས་པས་ཤེས་སོ། །ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ཀྱི་ཚད་མའི་གཞུང་བསྒྱུར་བ་དང་གཞུང་རྩོམ་པ་སོགས་ཀྱང་མ་བྱུང་བ་མིན་ཏེ། 《དཀར་ཆག་ལྡན་དཀར་མ》་རུ།  “བསྟན་བཅོས་བསྒྱུར་འཕྲོ་ལ། དབུ་མའི་གཞུང་ཞིབ་མོར་རྣམ་པར་འཐག་པ་རྩ་བ་དང་། འགྲེལ་པར་བཅས་པ་གཉིས། དབུ་མ་སྙིང་པོའི་རྟོག་གེ་འབར་བ་རྩ་བ་དང་། འགྲེལ་པར་བཅས་པ་གཉིས། ཚད་མ་རྣམ་འགྲེལ། བམ་པོ་བཅུ་གཅིག རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅོ་བརྒྱད། རྩོད་པའི་རིགས་པ། བམ་པོ་གཅིག །ཚད་མའི་དེ་ཁོ་ན་བསྡུས་པ་རྩ་བ་དང་འགྲེལ་པ་བཅས་པ་གཉིས།” [20] ཞེས་དང་། ད་དུང་དཀར་ཆག་དེར་ཚད་གཞུང་ཐོར་བུ་བ་མང་པོ་འགྱུར་བ་འཁོད་ཡོད་པས། ཚད་མའི་སྐོར་གྱི་བསྟན་བཅོས་མང་པོ་འགྱུར་ཞིང་། ལྷག་ཏུ་སློབ་དཔོན་ཀླུ་ཡི་རྒྱལ་མཚན་གྱི་《དགོངས་འགྲེལ་གྱི་འགྲེལ་པ》་འདིར། “མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་སྟེ། ལོག་པར་རྟོག་པ་རྣམ་པ་བཞི་གང་ཞེ་ན། གྲངས་ལ་ལོག་པར་རྟོག་པ་དང༌། རང་གི་ངོ་བོ་ལ་ལོག་པར་རྟོག་པ་དང༌། སྤྱོད་ཡུལ་ལ་ལོག་པར་རྟོག་པ་དང༌། འབྲས་བུ་ལ་ལོག་པར་རྟོག་པའོ། །དེ་ལ་གྲངས་ལ་ལོག་པར་རྟོག་པ་ནི་ཁ་ཅིག་ནི་ཚད་མ་གཅིག །ཁ་ཅིག་ནི་གསུམ། ཁ་ཅིག་ནི་བཞི། ཁ་ཅིག་ནི་དྲུག་ཏུ་རྟོག་པའོ། །དེ་བསལ་བ་གང་ཞེ་ན། ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང༌། རྗེས་སུ་དཔག་པའོ་ཞེས་བྱ་བས་མངོན་སུམ་རྣམ་པ་བཞི་པོ་དབང་པོའི་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། རང་རིག་པ་དང༌། རྣལ་འབྱོར་བའི་ཤེས་པ་བསྟན་པའོ། །རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་མངོན་སུམ་རྟོག་པ་དང་བཅས་པ་དང༌། ཁ་ཅིག་ནི་རྣམ་པར་རྟོག་པ་མེད་པར་རྟོག་པའོ། །དེ་བསལ་བ་གང་ཞེ་ན། མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའོ་ཞེས་བྱ་བས་མངོན་སུམ་གྱི་མཚན་ཉིད་རྟོག་པ་མེད་པ་དང་མ་འཁྲུལ་པ་བསྟན་པའོ། །སྤྱོད་ཡུལ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་མངོན་སུམ་སྤྱོད་ཡུལ་རང་གི་མཚན་ཉིད་ཁོ་ནའོ། །རྗེས་སུ་དཔག་པའི་སྤྱོད་ཡུལ་ནི་སྤྱིའི་མཚན་ཉིད་ཁོ་ནའོ་ཞེས་བྱ་བ་བརྗོད་ལ་གཞན་དག་ནི་གཞན་དུ་བརྗོད་པ་ལྟ་བུའོ། །དེ་བསལ་བ་གང་ཞེ་ན། མངོན་སུམ་དེའི་ཡུལ་ནི་རང་གི་མཚན་ཉིད་ཡིན་ཏེ་ཞེས་བྱ་བས་མངོན་སུམ་གྱི་ཚད་མ་བསྟན་པ་གང་ཡིན་པ་དེའི་ཡུལ་ནི་རང་གི་མཚན་ཉིད་ཁོ་ན་ཡིན་པར་བལྟ་བར་བྱའི་སྤྱིའི་མཚན་ཉིད་མ་ཡིན་ཏེ། སྤྱི་ནི་དངོས་པོ་མེད་པ་ཡིན་པ་དང་མངོན་སུམ་དུ་ནི་དངོས་པོའི་རང་གི་ངོ་བོ་ལ་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །འབྲས་བུ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་ཚད་མ་ལས་འབྲས་བུ་ཐ་དད་པར་ཁས་ལེན་ལ། ཁ་ཅིག་ནི་ཐ་དད་པ་མ་ཡིན་པར་ཁས་ལེན་པ་ལྟ་བུའོ། །དེ་བསལ་བ་གང་ཞེ་ན། མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་སྟེ་ཞེས་བྱ་བས་མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་ཡིན་གྱི། མངོན་སུམ་ལས་གུད་ན་ཚད་མའི་འབྲས་བུ་མེད་དོ་ཞེས་བསྟན་པའོ། །དེ་ལྟར་ན་དེ་ལྟ་བུའི་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས། །རྣམ་པ་ཐམས་ཅད་དུ་མངོན་སུམ་གྱི་ཚད་མ་མ་ནོར་བ་ཡང་དག་པའི་ཤེས་པ་རང་གི་ངོ་བོ་བསྟན་པ་ཡིན་ཏེ། དེ་ནི་མངོན་སུམ་གྱི་ཚད་མའི་འཐད་པས་བསྒྲུབ་པའི་རིགས་པ་ཡིན་ནོ། །རྗེས་སུ་དཔག་པའི་ཚད་མའི་དོན་བསྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་ཡང་རྗེས་སུ་དཔག་པ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བ་ཤེས་པ་སྟེ། གྲངས་ལ་ལོག་པར་རྟོག་པ་ནི་སྔ་མ་ཁོ་ན་བཞིན་ནོ། །དེ་ལ་བསལ་བ་གང་ཞེ་ན། ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང༌། རྗེས་སུ་དཔག་པའོ་ཞེས་བྱ་བས་རྗེས་སུ་དཔག་པ་རྣམ་པ་གཉིས་པོ་རང་གི་དོན་དུ་རྗེས་སུ་དཔག་པ་དང༌། གཞན་གྱི་དོན་དུ་རྗེས་སུ་དཔག་པ་བསྟན་པ་སྟེ། གང་གིས་རྟོགས་པར་འགྱུར་བ་དེ་ནི་རང་གི་དོན་ཡིན་ལ། གང་གིས་གཞན་ལ་གོ་བར་བྱེད་པ་དེ་ནི་གཞན་གྱི་དོན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཚུལ་གསུམ་གྱི་རྟགས་ལས་གཞན་དུ་རྟོག་པའོ། །དེ་བསལ་བ་གང་ཞེ་ན། །རྗེས་སུ་དཔག་པ་ཚུལ་གསུམ་པ་ཉིད་ཀྱིས་རྟག་པ་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང༌། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང༌། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་དང༌། རྟགས་གསུམ་པོ་མི་དམིགས་པ་དང། རང་བཞིན་དང་འབྲས་བུའི་གཏན་ཚིགས་མ་གྲུབ་པ་དང༌། འགལ་བ་དང་མ་ངེས་པའི་སྐྱོན་གསུམ་སྤངས་པས་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་བསྟན་པའོ། །སྤྱོད་ཡུལ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་རྗེས་སུ་དཔག་པའི་སྤྱོད་ཡུལ་སྤྱིའི་མཚན་ཉིད་ལས་གཞན་ལས་གཞན་དུ་རྟོག་པའོ། །དེ་བསལ་བ་གང་ཞེ་ན། གཞན་ནི་སྤྱིའི་མཚན་ཉིད་དེ། །དེའི་རྗེས་སུ་དཔག་པའི་ཡུལ་ཡིན་ན་ཞེས་བྱ་བས་རྗེས་སུ་དཔག་པའི་ཡུལ་ནི་སྤྱིའི་མཚན་ཉིད་ཁོ་ན་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ་ཞེས་བསྟན་པའོ། །འབྲས་བུ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་རྗེས་སུ་དཔག་པའི་ཚད་མ་ལས་འབྲས་བུ་ཐ་དད་པར་ཁས་ལེན་པའོ། །དེ་ལ་བསལ་བ་གང་ཞེ་ན། །འདིར་ཡང་ཚད་མའི་འབྲས་བུ་རྣམ་པར་གཞག་པ་ནི་མངོན་སུམ་དང་འདྲའོ་ཞེས་བྱ་བས་ཇི་ལྟར་མངོན་སུམ་ལ་ཤེས་པ་དེ་ཉིད་ཚད་མའི་འབྲས་བུར་བཤད་པ་དེ་བཞིན་དུ་འདིར་ཡང་རྗེས་སུ་དཔག་པའི་ཤེས་པ་ཉིད་ཚད་མའི་འབྲས་བུ་ཡིན་ཏེ། དོན་གཏན་ལ་འབེབས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ན་དེ་ལྟ་བུའི་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས། རྣམ་པ་ཐམས་ཅད་དུ་རྗེས་སུ་དཔག་པའི་ཚད་མ་མ་ནོར་བར་ཡང་དག་པའི་ཤེས་པའི་ཤེས་བྱའི་རང་གི་ངོ་བོ་བསྟན་པ་ཡིན་ཏེ། དེའི་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། །”[21]ཞེས་དང་། “མངོན་སུམ་གྱི་ཚད་མ་བཞི་པོ་དབང་པོའི་ཤེས་པ་དང༌། ཡིད་ཀྱི་ཤེས་པ་དང༌། རང་རིག་པ་དང༌། རྣལ་འབྱོར་པའི་ཤེས་པ་སོ་སོའི་ཤེས་པའོ། །”[22]ཞེས་སོགས་ཀྱིས་མཚོན་གོང་འོག་གི་གཞུང་མང་པོ་ཞིག་གིས་ཚད་མ་གཉིས་ཀྱི་གྲངས་ལ་ལོག་པར་རྟོག་པ་དང་། རང་གི་ངོ་བོ་ལ་ལོག་པར་རྟོག་པ་དང་། སྤྱོད་ཡུལ་ལ་ལོག་པར་རྟོག་པ་དང་། འབྲས་བུ་ལ་ལོག་པར་རྟོག་པ་བཞི་བཤད་ཅིང་། དེ་དག་ཇི་ལྟར་བསལ་བ་དང་། མངོན་སུམ་གྱི་མཚན་ཉིད་དང་དབྱེ་བ། རྗེས་དཔག་གི་མཚན་ཉིད་དང་དབྱེ་བ། ཚད་འབྲས་ངོ་བོ་གཅིག་པ། ཚུལ་གསུམ་གྱི་མཚན་ཉིད་དང་དེའི་བསལ་བྱ། རྟགས་ཡང་དག་གསུམ། རྟགས་ཡང་དག་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན། གཏན་ཚིགས་ལྟར་སྣང་གསུམ་དང་མ་ངེས་པའི་རྟགས་ཀྱི་དབྱེ་བ་དང་མཚན་གཞི་སོགས་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ལྟར་དུ་རྒྱས་པར་བཤད་ཅིང་། གཞུང་ཚིག་མང་པོ་ཞིག་ཆོས་གྲགས་ཀྱི་གཞུང་དང་ཚིག་ཀྱང་གཅིག་ལ་ཁད་དུ་སྣང་སྟེ། དེས་ན་ཁྲི་སྲོང་གི་སྐབས་སྔ་དར་ནང་པའི་ཚད་མ་ལ་ཐོས་བསམ་བྱ་བ་ནས་འདིར་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་གཞུང་ལ་ཐོས་བསམ་བྱ་བའི་འགྱུར་བ་བྱུང་ཡོད་པར་སྣང་ངོ། །འདི་ནི་《དགོངས་འགྲེལ》་གྱི་དོན་བཤད་པ་ལ་དེའི་ནང་གི་རིགས་པ་བཞི་བཤད་སྐབས་ཚད་མའི་ནང་གི་བརྗོད་བྱ་དེ་དག་རྒྱས་པར་གསུངས་ཀྱི་ཚད་མའི་བརྗོད་བྱ་དེ་དག་བསྟན་ཕྱིར་རང་རྐང་དུ་བརྩམས་པའི་བསྟན་བཅོས་ཤིག་ནི་མིན་མོད། འོན་ཀྱང་རིགས་པ་བཞིའི་ཐད་ཀྱི་ཤོག་བུ་སུམ་ཅུ་ལྷག་དེ་ནི་ཕྱོགས་གླང་ཡབ་སྲས་ཀྱི་རྗེས་སུ་འབྲངས་པའི་ཚད་གཞུང་ཞིག་ཏུ་བགྲང་རུང་བ་ཡིན་ནོ། །དེའི་ཕྱིར་བསྟན་པ་སྔ་དར་གྱི་སྐབས་སུ་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ཀྱི་ཚད་མའི་གཞུང་ལ་ཐོས་བསམ་བྱ་བའི་སྲོལ་རྒྱ་ཆེན་པོ་དང་རྒྱུན་ཆགས་སུ་བྱུང་མེད་ཀྱང་། དེའི་ལུགས་ཀྱི་གཞུང་འགྱུར་བ་མ་ཟད་ལུགས་དེ་གཞིར་བྱས་པའི་བོད་མིས་བརྩམས་པའི་ཚད་མའི་སྐོར་གྱི་གཞུང་ལུགས་ཀྱང་བྱུང་བ་ཤེས་པར་བྱའོ། །


མཆན་དང་ལུང་ཁུངས།

[1][6][18][20] ཀ་བ་དཔལ་བརྩེགས་སོགས། 《ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག》 སྡེ་དགེ་པར་ཁང་གི་ཤིང་པར།  《བསྟན་འགྱུར》་སྣ་ཚོགས།  〈ཇོ〉 ཤ305བ། ཤ 305བ། ཤ309བ། ཤ310ན།

[2][19] བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང་།》 [M] པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988-9  ཤ236 ཤ250

[3] 《བུ་སྟོན་ཆོས་འབྱུང》་དུ་འཐད་པ་བསྒྲུབས་པའི་གཏན་ཚིགས་ཀྱི་སྐབས་ནས་ཞེས་གསུངས་ཀྱང་གཞུང་རང་དུ་ལྟོས་པའི་རིགས་པའི་སྐབས་སུ་བྱུང་།

[4][7][8] [11] [13][15] [16] [21] [22 [ཀླུའི་རྒྱལ་མཚན། 》འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ།》 སྡེ་དགེ་པར་ཁང་གི་ཤིང་པར། 》བསྟན་འགྱུར《་སྣ་ཚོགས། 〈ཇོ〉 ཤ136བ། ཤ156བ། ཤ142བ།  ཤ141ན།  ཤ158བ། ཤ11ན། ཤ141-144ན། ཤ141-142བ། ཤ141ན།

[5] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན།  《སྡེ་བསྟན་དཀར་ཆག་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ།》སྡེ་དགེ་པར་ཁང་གི་ཤིང་པར།《བསྟན་འགྱུར》་དཀར་ཆག །(ཤྲཱི) ཤ 464ན།

]9[རྡོ་རྗེ་རྒྱལ་པོས་བསྒྲིགས་པའི་》ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས།《 སློབ་དཔོན་ཆོས་ཀྱི་གྲགས་པ། 》ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ།《  [G [(1) པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་།  1988-3 ཤ324

[10][12] [14]  ཁྲི་སྲོང་ལྡེ་བཙན། 《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།》སྡེ་དགེ་པར་ཁང་གི་ཤིང་པར། 《བསྟན་འགྱུར》་སྣ་ཚོགས། 〈ཅོ〉 ཤ192བ། ཤ191ན། ཤ179བ།

]17[ རྡོ་རྗེ་རྒྱལ་པོས་བསྒྲིགས་པའི་》ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས།《སློབ་དཔོན་ཆོས་ཀྱི་གྲགས་པ། 》རིགས་པའི་ཐིགས་པ་ཞེས་བྱ་བ།《 [G]  (1) པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1988-3 ཤ505-506


 

ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2019ལོའི་དེབ་དང་པོ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4754