དོན་དམ་ཆོས་དབྱིངས་ལྷུན་གྱིས་གྲུབ་པ་དང་།།

ཀུན་རྫོབ་ཀུན་ཏུ་བདེན་མེད་ཉིད་གཟིགས་པའི།།

རང་བྱུང་རྒྱལ་དང་ཆོས་གྲགས་མི་བསྐྱོད་རྗེ།།

ཚེ་རབས་ལས་ཀྱི་ལྷ་མཆོག་ཀརྨ་པ།།

བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོར་བཀུར།།

ཞེས་ཡུལ་དམ་པ་རྣམས་ལ་མཆོད་བསྟོད་ཚིག་གིས་སྒོ་ལེགས་པར་ཕྱེས་ཏེ་མཐའ་ཡས་པའི་འགྲོ་བ་ཀུན་ལ་ཕན་དང་བདེ་བ་མ་ལུས་པ་འབྱུང་བའི་གནས་གཅིག་པུ།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱུང་ཁུངས།  དོན་ཆེ་བ་དང་རླབས་ཆེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་སྐོར་ནས་ཅུང་ཟད་གླེང་བར་སྤྲོ་བས་བརྟས་སོ།།

སེམས་བསྐྱེད་ཀྱི་ངོ་བོ་དང་ཕན་ཡོན་བསྟན་པའི་ལུང་ནི་མང་མོད།  ཅུང་ཙམ་དགོད་ན།  དེ་ཡང་མདོ་སྡེ་རྒྱན་ལས།  སྤྲོ་བ་ཆེ་དང་རྩོམ་པ་ཆེ།  །དོན་ཆེ་བ་དང་འབྱུང་བ་ཆེ།  །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ།   །དོན་གཉིས་ལྡན་པའི་སེམས་འབྱུང་བ།   །ཞེས་དང་།   དབུ་མ་འཇུག་པ་ལས།   ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་།   །སྙིང་རྗེའི་སེམས་དང་མེད་བློ་དང་།  །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ།  །ཞེས་དང་།   མངོན་རྟོགས་རྒྱན་ལས།  སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།    །ཡང་དག་རྫོགས་པའི་བྱང་ཆུབ་འདོད།   

ཅེས་གསུངས།    དེ་ལྟ་བུའི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་འབྱུང་ཁུངས་དང་དགེ་མཚན།   ཡོན་ཏན་ནི་བསམ་དུ་མེད་པ།   བགྲང་དུ་མེད་པ།   མཐའ་ཡས་ཤིང་གཏིང་མི་དཔོག་པའོ།།   

སེམས་བསྐྱེད་དེ་ལ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་དང་།  ཐེག་ཆེན་དོན་དམ་སེམས་བསྐྱེད་གཉིས་ཡོད་པ་ལས།   དང་པོ་ནི།   སོ་སྐྱེ་ཡན་ཆོད་ཀྱི་རྒྱུད་ལ་སྐྱེ་རུང་བ་དང་ཡོད་པ་ཡིན།   དེ་ལའང་སྨོན་པ་སེམས་བསྐྱེད་དང་།   འཇུག་པ་སེམས་བསྐྱེད་གཉིས་སོ།།  རང་ལུགས་ལ་སྨོན་པ་སེམས་བསྐྱེད་ནི་ཆོ་ག་ལ་བརྟེན་ནས་ལེན་དགོས་པ་དང་མི་དགོས་གཉིས་ཀའི་ལུགས་ཁས་བླངས་པ་ཡིན་ཏེ།   དང་པོ་ནི།   རྗེ་བཙུན་ངལ་གསོ་ལས།   སྨོན་སེམས་ནི་ཆོ་ག་ལས་ངེས་པར་ལྟོས་པ་མིན།  སྟོང་པ་ཉིད་དང་སྙིང་རྗེ་སྟོན་པའི་ཚིག་ལྟ་བུ་ཐོས་པས་ནང་དུ་རིགས་སད་ནས་སྨོན་སེམས་སྐྱེ་རུང་བའི་ཕྱིར་རོ།  །ཞེས་དང་།   ཡང་དེ་ཉིད་ལས།   སྨོན་སྡོམ་དེའང་ཇི་སྲིད་བྱང་ཆུབ་པའི་བར་དུ་ཁས་བླངས་པ་ལྟར་བར་མ་ཆད་དུ་ཡོད་པ་ཡིན་ནོ།  །བར་མ་ཆད་དུ་ཡོད་པ་དེའང་འཇུག་སེམས་དང་ལྷན་ཅིག་ཏུ་བླངས་པའི་ཕན་ཡོན་གྱིས་ཡིན་ལ།  སྨོན་རྐྱད་ཆོ་གའི་སྒོ་ནས་བླངས་ཀྱང་སྡོམ་པ་མི་འགྱུར་རོ།།  དེ་སྡོམ་པ་འགྱུར་ན་ནི་འཇུག་པ་སེམས་བསྐྱེད་དུ་གྱུར་པ་ལས་འོས་གཞན་མེད་དོ།   །ཞེས་གསུངས།   གཉིས་པ་ནི།   སྐུ་གསུམ་ངོ་སྤྲོད་ལས།  བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་།    འཇུག་པ་བྱང་ཆུབ་ཀྱི་སེམས་ལས།   དེའི་དང་པོའི་ཆོ་ག་ལའང་སྦྱོར་བ་ལ།  བླ་མ་ལ་སྟོན་པ་སངས་རྒྱས་སུ་འདུ་ཤེས་བཞག་པ་དང་།   ཚོགས་གཉིས་ཁྱད་པ་ཅན་བསགས་པ་དང་།   རྒྱུའི་ཀུན་སློང་སྙིང་རྗེ་དང་བྱམས་པ་སྒོམ་པ་དང་།   སྐྱབས་འགྲོ་ཁྱད་པར་ཅན་བྱའོ།།  ཞེས་དང་།   ཡང་དེ་ལས།  དེ་ལྟར་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མི་ཉམས་པར་འཕེལ་བའི་དོན་དུ་ཇོ་བོ་ཨ་ཏི་ཤས་བསླབ་བྱ་རྣམ་པ་ལྔར་བསྡུས་ནས་གསུངས་ཏེ།  ཞེས་དང་།  འོ་ན་སྨོན་པ་སེམས་བསྐྱེད་པའི་སྡོམ་པ་དེ་ཉམས་ན་ཕྱིར་བཅོས་ཇི་ལྟར་བྱ་ཞེ་ན། ཞེས་དང་།   གངས་ཅན་བསླབ་ཕྱོགས་པ་སྔ་རབས་ཁ་ཅིག་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་སྨོན་པ་ཙམ་ལས་སྐྱེ་བ་དང་།    འཇུག་པའི་སེམས་བསྐྱེད་ནི་གཞན་དོན་དུ་བྱང་ཆུབ་ཏུ་འགྲོ་བཞིན་པས་ཆོ་ག་ལས་གདོན་མི་ཟ་བ་སྐྱེ་བའི་ཆོ་ག་ཡིན་པས་སྨོན་སེམས་ལ་སྡོམ་པ་མེད་ཅིང་འཇུག་སེམས་ལ་སྡོམ་པ་ཡོད་པའི་ཕྱིར་ཏེ།   ཞེས་སོགས་ནས།   སྨོན་པའི་སེམས་ལ་བསླབ་པ་མི་འཛིན་ན་མདོ་བསྟན་བཅོས་ལས་སྨོན་སེམས་ཀྱི་བསླབ་བྱ་ཇི་སྙེད་ཅིག་སྲུང་ཚུལ་དང་ཕྱིར་བཅོས་བྱེད་ཚུལ་ལ་སོགས་རྒྱས་པར་གསུངས་སོ་ཅོག་དོན་མེད་པར་འགྱུར་རོ།   །ཞེས་གསུངས།   

གཞན་ཡང་རང་ལུགས་ཀྱིས་ནི་སྨོན་སེམས་ཡིན་ན་སེམས་བྱུང་དང་།   འཇུག་སེམས་ཡིན་ན་གཙོ་སེམས་ཡིན་པས་ཁྱབ་པར་བཞེད་དེ།   ཞྭ་དམར་དཀོན་མཆོག་ཡན་ལག་གིས།  དེ་ཡང་སྨོན་པ་ནི་འདོད་པ་དང་།   འཇུག་པ་ནི་སེམས་པ་ཡིན་ནོ། །ཞེས་གསུངས།  

གཉིས་པ།   འཇུག་པ་སེམས་བསྐྱེད་ནི་ཆོ་ག་ལ་ངེས་པར་ལྟོས་པ་ཅན་ཡིན་ཏེ།   རྗེ་བཙུན་ངལ་གསོ་ལས།   འཇུག་པ་སེམས་བསྐྱེད་ནི་ཆོ་གས་མ་བླངས་པར་མི་འབྱུང་སྟེ།   འཇུག་སེམས་དེ་སྡོམ་པས་མི་ཟིན་པར་འཇུག་པ་སེམས་བསྐྱེད་དུ་མི་རུང་བའི་ཕྱིར་རོ།།ཞེས་གསུངས།  རང་ལུགས་ལ་ནི་དེ་ལྟ་བུའི་སེམས་བསྐྱེད་དེ་ནི་བྱང་ཆུབ་ཀྱི་བར་དུ་མི་གཏོང་བར་འདོད་པ་སྟེ།   མཉམ་མེད་དྭགས་པོ་ལྷ་རྗེས།   ཐར་རྒྱན་ལས།  བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི།  ཟ་མ་དང་།  མ་ནིང་དང་།   ལྷ་ལ་སོགས་པ་ལ་ཡང་ཡོད་པ་དང་།   ཤི་འཕོས་ཀྱང་མི་གཏོང་བ་དང་།  ཉམས་ན་སླར་གསོ་རུང་བའི་ཕྱིར་སྐྱེ་བའི་རྟེན་ཡང་ཡིན་ལ་གནས་པའི་རྟེན་ཡང་ཡིན་ནོ།།  ཞེས་གསུངས།  རྒྱལ་དབང་མི་བསྐྱོད་པས་ཀྱང་།   སྐུ་གསུམ་ངོ་སྤྲོད་ལས།   འོ་ན་སྡོམ་པ་ཇི་སྲིད་བྱང་ཆུབ་ཀྱི་བར་ལེན་ན་བར་སྐབས་སུ་རྩ་ལྟུང་སོགས་ཀྱིས་སྡོམ་པ་གཏོང་བར་འགྱུར་སྙམ་ན།   བྱང་ཆུབ་ཀྱི་སེམས་ཀྱི་མཐུས་ཚེ་རབས་བརྗེས་ཀྱང་སྡོམ་པ་མི་ཉམས་པའི་རྒྱུས་ཤི་འཕོས་ཀྱང་སྡོམ་པ་རང་འཁྲུངས་སུ་འབྱུང་བའི་ཕྱིར་ཆོས་ཚུལ་འདི་ལ།  རྒྱལ་བ་འབྲི་ཁུང་པ་ཆེན་པོས།  ཤི་བས་སྡོམ་པ་མི་གཏོང་བའི་ཆོས་ཀྱི་ཟབ་གནད་ཆེན་པོ་མཛད་དེ།    དེ་གཏོང་ན་བསླབ་པ་གསུམ་ཚེ་རབས་ཐམས་ཅད་དུ་རྗེས་སུ་མི་འབྲང་ན་བྱང་ཆུབ་གསུམ་གང་དུ་བགྲོད་ཀྱང་ལམ་ཚར་མི་ཕྱིན་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཞེས་སེང་གེའི་སྒྲ་ཆེན་པོ་བསྒྲགས་པ་ཡིན་ནོ།། ཞེས་གསུངས།   རང་ལུགས་ལ་སྨོན་པ་སེམས་བསྐྱེད་ནི་ཚོགས་སྦྱོར་ཁོ་ན་ཡོད་པར་འདོད་དེ།   རྒྱལ་དབང་མི་བསྐྱོད་པས།   འགོག་པ་ལ་སྙོམས་པར་ཞུགས་པ་ནི་སྤྲོས་པ་དང་བྲལ་བའི་དབྱིངས་སུ་དེ་ཁོ་ན་ཉིད་ལ་སྙོམས་པར་ཞུགས་པས་དེར་ནི་བླངས་པ་ལ་བརྟེན་པའི་སེམས་བསྐྱེད་ཐོབ་པ་ཡོད་པ་མིན་ནོ།། ཞེས་དང་།   ཞྭ་དམར་དཀོན་མཆོག་ཡན་ལག་གིས།   སྨོན་སེམས་ནི་སྦྱོར་ལམ་ཡན་ཆོད་ལ་མི་འགྲོ་ལ།   འཇུག་སེམས་ནི་མངོན་གྱུར་དང་བག་ཉལ་གྱི་སྒོ་ནས་བྱང་སེམས་ཐམས་ཅད་ལ་ཡོད་དོ།  །ཞེས་གསུངས།  

རང་གི་ལུགས་གིས་ནི།  སེམས་བསྐྱེད་ལ་སེམས་སེམས་བྱུང་གཉིས་ཀ་ཡོད་པ་འདོད་པ་ཡིན་ཏེ།  འཇིག་རྟེན་གསུམ་སྒྲོན་ལས།   དེ་ལྟར་འཕགས་སེང་གཉིས་ཀྱིས་སེམས་བྱུང་ཁོ་ན་ལ་སེམས་བསྐྱེད་ཀྱི་སྒྲ་དོན་མི་གནས་པས།   ཞེས་དང་།   ཡང་དེ་ལས།  རྒྱན་དང་སྐུ་མཆེད་གཉིས་ཀྱིས་ཀྱང་སེམས་བྱུང་ཁོ་ན་ལ་བཞེད་པ་མ་ཡིན་ལ།   ཞེས་གསུངས།  

གཉིས་པ་ནི།  རང་ལུགས་ལ་དོན་དམ་སེམས་བསྐྱེད་ནི་སངས་རྒྱས་འཕགས་པ་ཁོ་ན་ཡོད་ཀྱི་གཞན་བྱང་སེམས་འཕགས་པའི་རྒྱུད་ལའང་མེད་དེ།    རྒྱལ་བའི་དབང་པོ་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་པས།  དེ་ལྟར་སེམས་བསྐྱེད་པའི་སེམས་དེ་ལའང་རང་བཞིན་འོད་གསལ་གྱི་སེམས་ཀྱི་སེམས་བསྐྱེད་དང་།   སེམས་ཡིད་རྣམ་ཤེས་གསུམ་གྱིས་ཟླས་ཕྱེས་པའི་སེམས་བསྐྱེད་གཉིས་ཡོད་པ་ལས།    དང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོའམ།  སྙིང་རྗེ་ཆེན་པོའམ།  བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཞེས་བྱ་ལ།  དེ་དང་རྗེས་སུ་མཐུན་པ་འཕགས་ལམ་གྱི་མཉམ་བཞག་ན་འབྱུང་བ་ལ་དོན་དམ་སེམས་བསྐྱེད་ཀྱི་མིང་ཅན་དུ་བཤད་པས་སོ།།  ཞེས་གསུངས་པས་གྲུབ་སྟེ།  འཕགས་ལམ་གྱི་མཉམ་བཞག་ན་དོན་དམ་སེམས་བསྐྱེད་ཀྱི་མིང་ཅན་ལས་མེད་པར་གསལ་བས་སོ། །མཉམ་བཞག་ཏུ་མེད་ན་རྗེས་ཐོབ་ཏུ་མེད་པ་ནི་ལྟ་སྨོས་ཀྱང་ཅི་དགོས།   དེས་ན་བྱང་འཕགས་ཀྱི་རྒྱུད་ལ་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ།  ཤིན་ཏུ་གསལ་བ་སྟེ་དོན་དམ་པའི་ཡུལ་ཅན་དྲི་མ་མེད་པ་མི་གཡོ་བ་རླུང་མེད་པའི་མར་མེའི་རྒྱུན་ལྟ་བུར་བཤད་པའི་དམིགས་མེད་ཀྱི་དོན་དམ་པའི་སེམས་བསྐྱེད་དེ་ནི་མེད་པ་དང་།   དེ་དང་རྗེས་སུ་མཐུན་པའི་དོན་དམ་སེམས་བསྐྱེད་ནི་འཕགས་ལམ་གྱི་མཉམ་བཞག་ཏུ་ཡོད་པར་ཤུགས་ལ་གྲུབ་བོ།།  

སླར་སྨྲས་པ།  

རྣམ་དཀར་ལས་ལ་འབད་པ་དང་།།

འདི་ལྟར་བགྱིས་པའི་མཐུ་ཡིས་ནི།།

འགྲོ་རྣམས་སྲིད་མཚོ་ལས་གྲོལ་ཏེ།།

རྣམ་མཁྱེན་སངས་རྒྱས་ཐོབ་པར་སྨོན།།

         ཞེས་པ་འདི་ནི་ཀུན་མིང་དུ་དུང་ཞེན་ཉི་མར་འབོད་པས་སྦྱར་བའོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4736