མཆོད་བརྗོད།

ནང་གི་དུག་གསུམ་ཉོན་མོངས་མ་གོས་ཤིང་། །
ཕྱི་རོལ་བདུད་ཀྱི་མཚོན་ཆས་མ་ཐུལ་བའི། །
བཅོམ་ལྡན་ཞི་བའི་ལམ་གྱི་མགྲོན་གྱི་གཙོ། །
མཉམ་མེད་རྒྱལ་བ་མཆོག་གྱུར་སྤྱི་བོར་འདུད། །

ཚོགས་གཉིས་ཡོངས་སུ་ཆ་ཤས་རྫོགས་པ་ཡི། །
མཐའ་བཞི་སྤྲོས་མཚན་གྲྭ་ཟུར་ཀུན་བཟླུམས་ཏེ། །
ཉོན་མོངས་ཚ་གདུང་གཏན་དུ་འཇིལ་མཛད་པ། །
སློབ་དཔོན་དབྱིག་གི་གཉེན་ལ་ཕྱག་འཚལ་བགྱི། །

ནང་དོན་གནད་བསྡུས། ཕྱི་སྣོད་ཀྱི་འཇིག་རྟེན་རྩོམ་གཞི་རྡུལ་གྱི་རྣམ་གཞག་དང་། བྱེ་སྨྲའི་དབང་དུ་བྱས་ན་ལྡན་མིན་འདུ་བྱེད་བཏགས་ཡོད་ཡིན་པའི་རྒྱུ་མཚན་གྱིས་ཆ་མེད་ཡོད་པ་ཡིན་པ་སོགས་ལ་དཔྱད་ཡོད།

བརྡ་ཆད། རྩོམ་གཞི་རྡུལ། ལྡན་མིན་འདུ་བྱེད། བཏགས་ཡོད།


ངོ་མཚར་བའི་མི་ཡུལ་གྱི་གསང་བའི་ཁྲོད་ནས་ཤེས་བྱ་གྲངས་ལས་འདས་པ་དེ་དག་མཁའ་དབྱིངས་ཀྱི་སྐར་ཚོགས་ལྟར་བཀྲ་ཞིང་།  ཁྱད་པར་དུ་འགྲོ་བ་མི་ཡི་རིགས་དང་སྲོག་ལྡན་ཁྱུ་ཚོགས་གྲངས་ལས་འདས་པ་འཚོ་སྡོད་བྱེད་སའི་གོ་ལ་ཧྲུལ་པོ་འདི་དང་དེ་ལས་གཞན་ཉི་མ་དང་ཟླ་བ་སྐར་མ་གཟའ་དང་རྒྱུ་སྐར་སོགས་ཀྱི་གོ་ལ་སྣ་ཚོགས་པ་དེ་དག་དང་།  རང་རེ་རྣམས་ཀྱིས་མཐོང་བའི་རི་བོ་ཧི་མ་ཡ་དང་གཏིང་དཔག་མི་ནུས་པའི་ཞི་བདེའི་རྒྱ་མཚོ་ཆེན་མོ་དང་། ཆེས་ཡིད་དུ་འོང་བའི་རི་ལུང་གི་བཀོད་པ་སྣ་ཚོགས་པ་ཕུན་སུམ་ཚོགས་པ་མཛེས་ཤིང་ལྟ་ན་སྡུག་པ་འདི་དག་ནི། གདོད་ནས་ཡོད་པ་དང་དབང་ཕྱུག་སོགས་བློ་སྔོན་དུ་སོང་བ་ལས་བྱུང་བ་དང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པར།  མཛོད་ནས་བཤད་པར་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་རྩོམ་གཞི་རྡུལ་གྱི་རྣམ་གཞག་ཅུང་ཟད་དཔྱད་པ་ལ།

སྤྱིར་བཤད་པ་དང་། རིག་པས་མཐའ་དཔྱད་པ།  རིག་པ་དེ་དག་འཐད་མིན་བཤད་པ། རགས་པ་བསྐྱེད་བའི་ཚུལ་བཤད་པ་སྟེ་བཞི།

༡༽ དང་པོ་ནི།

  འདོད་པའི་ཁམས་ན་དབང་པོའི་རྡུལ་མེད་པ་དང་སྒྲ་རྡུལ་མེད་པའི་རྡུལ་ཞིག་གྲུབ་པ་ན། དེ་དང་ལྷན་ཅིག་ཏུ་འབྱུང་བའི་འབྱུང་བ་བཞི་ཡི་རྡུལ་དང་སྒྲ་ལས་གཞན་འབྱུང་གྱུར་གཞན་བཞིའི་རྡུལ་རྣམས་ཚོགས་དགོས་པ་དང་མི་དགོས་པ་སྟེ་འདོད་ཚུལ་མི་མཐུན་པ་གཙོ་བོ་གཉིས་ཡོད་པ་ནི་སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་ལས། འདོད་ན་དབང་པོ་མེད་པ་དང་། ། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། ། ཅེས་གསུངས་པའི་དོན་ལ་གོ་བ་ལེན་ཚུལ་མི་འདྲ་བའི་དབང་གིས་འདོད་པ་གཉིས་ཏེ། དེ་ཡང་དང་པོ་ནི།  མཆིམས་མཛོད་མངོན་པའི་རྒྱན་ལས།བསགས་པའི་རྡུལ་སྨོས་པ་ནི་རྡུལ་ཕྲ་རབ་ཆ་མེད་ནི་གཅིག་པུར་གནས་པའི་ཕྱིར་རྫས་འདུས་པ་མེད་དོ་སྙམ་དུ་བསམ་པའོ། ། ཞེས་སོགས་དུ་མར་གསུངས་པས།  རྡུལ་ཕྲ་རབ་ཆ་མེད་ཡན་གར་བ་གཅིག་ཚུགས་ཐུབ་ཏུ་གནས་པར་བཤད་ལ། འདོད་ཚུལ་གཉིས་པ་ལྟར་ན་ཀརྨ་པ་བརྒྱད་པ་མི་བསྐྱོད་པས་མཛོད་ཀྱི་འགྲེལ་པ་གྲུབ་བདེའི་དཔྱིད་འཇོ་ལས། ཕྲ་རབ་ཀྱི་རྡུལ་ཆོས་ཅན།རྫས་བརྒྱད་དང་ངེས་པར་ལྷན་ཅིག་ཏུ་སྐྱེས་ཏེ། འབྱུང་བ་བཞི་དང་འབྱུང་འགྱུར་བཞི་ལྷན་ཅིག་འབྲལ་མི་རུང་ཕྱིར།  ཞེས་གསུངས་པས། རྫས་རྡུལ་ལམ་ཡང་ན་རྡུལ་ཕྲ་རབ་གཅིག་གྲུབ་པ་ལ་རང་ཉིད་དང་ལྷན་ཅིག་ཏུ་འབྱུང་བ་བཞིའི་རྡུལ་རྫས་བཞི་དང་།  གཟུགས་དྲི་རོ་རེག་བྱ་སྟེ་འབྱུང་འགྱུར་བཞིའི་རྡུལ་རྣམས་ངེས་པར་དུ་ལྷན་ཅིག་ཏུ་སྐྱེ་བ་འདོད་ལ།ལུགས་དེ་དག་གིས་རྡུལ་ཕྲ་མོའམ་ཆ་མེད་ཀྱི་རྡུལ་ཇི་ལྟར་འདོད་པ་ནི་བློ་ཆ་ཤས་རྣམ་པ་ཕྱེ་བའི་ཆེས་ཆུང་མཐའ་ཡིད་ངོར་དེ་ལས་ཆུང་བ་ཆ་ཕྱེ་རུ་མི་ཐུབ་པ་ལ་བྱེ་སྨྲའི་ལུགས་ལ་འདོད་པ་ཡིན་ཏེ།  རབ་ཏུ་བཤད་པ་ལས། བློས་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་བཞག་ཅེས་བྱ་བ་ནི། བློས་ཇི་ཙམ་དུ་ཆ་ཤས་ཀྱིས་བཤིག་པའི་མཐར་རབ་ཏུ་རྣམ་པ་དབྱེ་བར་ནུས་པ་དེ་ཙམ་དུ་རྡུལ་ཕྲ་རབ་རྣམ་པ་འཇོག་པར་བྱེད་པའོ། ། ཞེས་པ་ལྟར་རོ།།  ཁ་ཅིག་གིས་ཕྱི་མ་ལྟར་ན་ལེགས་པར་མ་སྣང་སྟེ།  རྡུལ་ཆ་མེད་གཅིག་གྲུབ་པ་ལ་རྡུལ་རྫས་བརྒྱད་འདུས་དགོས་ན་དེ་ཆ་མེད་མི་རིགས་ཏེ་རྫས་རྡུལ་དེ་རྡུལ་རྫས་བརྒྱད་པོ་གང་རུང་ཡིན་དགོས་ལ། དེ་དག་གི་དབུས་ལ་གནས་སམ་ཟུར་དུ་གནས།ཡང་ན་དེ་དག་གི་ཕྱོགས་བཞི་མཚམས་བརྒྱད་གང་དུ་གནས་དེ་དག་གི་དབུས་སུ་གནས་ན་ཆ་ཡོད་པར་འགྱུར་ཏེ་དེ་དག་གི་དབུས་ཀྱི་ཆ་ལ་ཡོད་དགོས་ལ།  དེ་དག་གི་ཤར་ལ་ཡོད་ན་ཤར་གྱི་ཆ་ཡོད་དགོས་པས་ན།  ཆ་བཅས་སུ་འགྱུར་བའི་ཕྱིར།  འདིར་འཐད་པ་མ་སྣང་ངོ་། ། དེ་བས་ཕྱོགས་སྔར་མ་ལྟར་བཞག་ན་ལེགས་པར་སྙམ་མོ།  ཟེར་ཡང་སྐྱོན་དེ་དག་ཡོད་མེད་འོག་ནས་གོ་བར་བྱའོ། །

ལུགས་དེ་དག་གིས་རྡུལ་ཕྲ་མོའམ་ཆ་མེད་ཀྱི་རྡུལ་ཇི་ལྟར་འདོད་པ་ནི་བློ་ཆ་ཤས་རྣམ་པ་ཕྱེ་བའི་ཆེས་ཆུང་མཐའ་ཡིད་ངོར་དེ་ལས་ཆུང་བ་ཆ་ཕྱེ་རུ་མི་བཏུབ་པའི་གཟུགས་ཤིག་ལ་འདོད་དེ། རབ་ཏུ་བཤད་པ་ལས། བློས་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་བཞག་ཅེས་བྱ་བ་ནི།   བློས་ཇི་ཙམ་དུ་ཆ་ཤས་ཀྱིས་བཤིག་པའི་མཐར་རབ་ཏུ་རྣམ་པ་དབྱེ་བར་ནུས་པ་དེ་ཙམ་དུ་རྡུལ་ཕྲ་རབ་རྣམ་པ་འཇོག་པར་བྱེད་པའོ། ། ཞེས་གསུངས་པ་འདུག་གོ།
རྡུལ་ཕྲ་མོ་དེ་དག་ཇི་ལྟར་གནས་ཚུལ་ནི་བྱེ་སྨྲས་རྩོམ་གཞིའི་རྡུལ་ལ་ཆ་མེད་པའི་ཕྱིར་འདུས་པའི་ཚེ་ཕན་ཚུན་རེག་པ་ནི་མེད་དེ། ། ཕྱོགས་ཐམས་ཅད་རེག་ན་འདྲེས་པར་འགྱུར་བ་དང་། ཕྱོགས་རེ་རེས་རེག་ན་ཆ་བཅས་སུ་འགྱུར་བའི་སྐྱོན་འཇུག་པའི་ཕྱིར།དེ་དག་མ་རེག་མ་འབྱར་ཡང་ཞིག་པར་མི་འགྱུར་ཏེ།  རླུང་གིས་བཟུང་བ་དང་རྫས་ཀྱི་ནུས་པ་ལ་བརྟེན་ནས་མི་འཐོར་བར་གནས་པར་འདོད་དེ། ཕྱི་རོལ་དོན་རགྲུབ་ལས། དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱི། ། དེ་ནི་མང་པོས་ཡོངས་བསྐོར་བར། ། བརྗོད་པར་ཟད་ཀྱི་རྡུལ་རྣམས་ནི། ། ཆ་ཤས་བཅས་པའི་བདག་ཉིད་མིན། ། ཞེས་དང།
འགྲེལ་བ་ལས།   ཇི་ལྟར་བསགས་པ་ལ་བརྒྱབ་ན་ཞིག་པར་མི་འགྱུར་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཕན་ཚུན་མ་རེག་པའི་ཚོགས་ལ་ལག་པ་ལ་སོགས་པས་བརྒྱབ་ན་ཇི་ལྟར་ཞིག་པར་མི་འགྱུར་ཞེས་བྱ་བ་ཡིན་ནོ། ། དེ་དག་གི་དབུས་ན་ཅུང་ཟད་མེད་ཀྱང་གང་ཡིན་པ་དེ་ཁོ་ན་འདབ་ཆགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནང་ན་སྣང་བ་ལ་སོགས་པ་མེད་པས་འདི་དག་འདབ་ཆགས་པ་ཉིད་དུ་རྣམ་པར་གཞག་སྟེ། དེ་ལྟར་དུ་གྲུབ་པ་ཡིན་ནོ། ། དེའི་གནས་སྐབས་ནས་བྱེ་མདོ་གཉིས་རྡུལ་ཕྲ་རབ་རྣམས་ཆ་མེད་ཡིན་པ་དང་།ཕན་ཚུན་མ་རེག་པ་འདོད་པ་འདྲའོ།

༢༽གཉིས་པ་རིག་པས་མཐའ་དཔྱད་པ་ལ།

ཕྱོགས་ཆ་གཅོད་པའི་རིག་པས་གཏན་ལ་ཕབ་པའི་དཔྱད་དོན་མཐར་ཐུག་པའི་རྫས་རྡུལ་ཡན་གར་བ་བྱེ་སྨྲས་འདོད་པ་ཉིད། སྐད་ཅིག་གི་ཆ་ཡོད་དམ་མེད།ཡོད་ན་ཆ་མེད་མི་རིགས་ཏེ།  ཆ་མེད་གཏན་ལ་འབེབས་བྱེད་ཀྱི་དུས་ཆ་གཅོད་པའི་རིགས་པས་གཏན་ལ་འབེབས་ནུས་པའི་ཕྱིར།  མེད་ཟེར་ན་ཡོད་པ་རིགས་ཏེ་རིག་པ་དེས་ཕྱོགས་ཀྱི་ཆ་གཏན་ལ་འབེབས་པ་ལས་དུས་སྐད་ཅིག་གི་ཆ་མེད་པ་གཏན་ལ་མ་ཕབ་པའི་ཕྱིར། དེས་ཕྱོགས་ཀྱི་ཆ་མེད་པས་ཆ་མེད་འཇོག་པ་ལས། དུས་ཀྱི་ཆ་མེད་པའི་ཆ་མེད་མ་བཞག་པའི་ཕྱིར། གལ་ཏེ་ཆ་མེད་མ་ཡིན་ན་དོན་དམ་ལ་ཆ་མེད་གཉིས་སུ་མ་འཇོག་པ་ཡང་འགལ་ཏེ། བཅོམ་གཞིག་གང་རུང་བྱེད་པའི་ཚེ་ན་རྡུལ་ཆ་མེད་དེ་འཛིན་གྱི་བློ་འདོར་དུ་རུང་བ་ཡིན་པའི་ཕྱིར། དེ་ལྟར་འདོད་ན་སྐྱོན་མཐའ་ཡས་སོ།

 ༢༽ཡང་དཔྱད་པ་ཞིག་ལ།

གཞུང་གི་སྐབས་སུ་རྡུལ་རྣམས་རེག་པར་མི་འགྱུར་ཏེ། ཕྱོགས་ཐམས་ཅད་རེག་ན་འདྲེས་པར་འགྱུར་ལ། ཕྱོགས་རེ་རེག་ན་ཆ་བཅས་སུ་འགྱུར་བས།ཕྲད་པ་མ་ཡིན་ནོ་ཞེས་བཤད་པ་འདུག་ལ། འོ་ན།  དབུས་རྡུལ་ཕྲ་བ་དེ་རྡུལ་དྲུག་གིས་བསྐོར་ཏེ་ཉེ་བར་གནས་པ་ན། ཕྲ་རབ་དབུས་མ་དེ་ལ་ཤར་རྡུལ་ལ་ཉེ་བའི་ངོས་གཅིག་དང་། ནུབ་རྡུལ་ལ་རིང་བའི་ངོས་གཉིས་ཡོད་དམ་མེད།  མེད་ན་ནི་ཤར་རྡུལ་དང་ནུབ་རྡུལ་གོ་ས་འདྲེས་པར་འགྱུར་ལ།ཡོད་ན་ཆ་བཅས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །

༣༽ཡང་དཔྱད་པ་ཞིག་ལ།

གཞུང་རྣམས་ལས་བཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་གཉིས་སུ་གྲངས་ངེས་པ་ལྟ་བུ་ཞིག་བཤད་པ་འདུག་ལ། དེ་ལྟར་ན།ལྡན་མིན་འདུ་བྱེད་ཡིན་ན་དེ་གཉིས་གང་རུང་མ་ཡིན་དགོས་པ་ཐལ། དེ་གཉིས་གང་རུང་ཡིན་ན་བེམ་ཤེས་གང་རུང་ཡིན་དགོས་པས་སོ། ། ཁས་བླངས་ན། ལྡན་པ་མ་ཡིན་འདུ་བྱེད་ལ་སྐད་ཅིག་གི་ཆ་ཡོད་པ་ཁས་ལེན་དགོས་སམ།  ལེན་ན་དུས་མཐའི་སྐད་ཅིག་མ་གཅིག་གི་ངོ་བོར་གྱུར་པའི་ལྡན་མིན་འདུ་བྱེད་ཀྱང་ཆ་མེད་འགྱུར་བའི་ཕྱིར་ཏེ།  དེ་ལ་ཕྱོགས་ཀྱི་ཆ་དང་སྐད་ཅིག་གི་ཆ་འབྱེད་མི་རིགས་པའི་ཕྱིར། དེར་སྐད་ཅིག་དེ་ལས་མེད་པའི་ཕྱིར།དེའི་ཕན་ཆད་ཕྱེས་ན་མེད་པར་འགྱུར་བས་སོ། །

༣༽གསུམ་པ་རིགས་པ་དེ་དག་འཐད་མིན་བཤད་པ།

རིགས་པ་དང་པོ་ལ་འདི་བརྗོད་དེ།  རྫས་རྡུལ་ཕྲ་བ་དེ་དག་ཕྱོགས་སོ་སོ་མེད་པའི་ཐོག་ནས་ཆ་མེད་འཇོག་པ་ལས་དུས་ཀྱི་ཆ་ཡོད་མེད་ཀྱི་སྒོ་ནས་ཆ་མེད་འཇོག་པ་ལས་སྐད་ཅིག་གི་ཆ་ཡོད་ཀྱི་ཐོག་ནས་མིན་ནམ་སྙམ།  ཡང་ན་རྡུལ་ཕྲན་ཆ་མེད་རྣམས་དུས་མཐའི་སྐད་ཅིག་མ་གཅིག་གི་ཐོག་ནས་འཇོག་ན་བདེ་བ་འདུག་སྟེ།  ཡིན་ཡང་གཞུང་ལས་ཕྱོགས་ཆ་མེད་པ་ལ་དགོངས་ནས་ཆ་མེད་འཇོག་པ་འདུག་སྙམ་མོ།ཆ་མེད་གཏན་ལ་ཕབ་བྱེད་ཀྱི་རིགས་པ་ཡང་གཉིས་སུ་འཇོག་པ་ལ་གོ་བ་འདུག་གོ།  བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱོས་ཤིག

༢༽ གཉིས་པར་འདི་བརྗོད་དེ།

དབུས་ཀྱི་རྫས་རྡུལ་ཕྲ་བ་ལ།ཤར་ནུབ་ཀྱི་རྡུལ་གྱིས་བསྐོར་བ་དང་ཉེ་རིང་ཡོད་ཀྱང་དེ་ཆ་བཅས་སུ་མི་འགྱུར་ཏེ། ཤར་ནུབ་ཀྱི་རྡུལ་ཡོད་པའི་ཆ་ཡོད་ཀྱང་རང་ཉིད་ལ་ཆ་ཡོད་པ་དེ་ཙམ་མིན་ནམ་སྙམ་སྟེ། ཆ་མེད་དེ་ལ་ཟུར་དང་ལོག་ཡོད་པ་དང་གཡས་དང་གཡོན་ལྟ་བུ་འཇོག་པའི་སྒོ་ནས་དཔེར་ན་ཟུར་གྱི་ཕྱོགས་ནས་ཤར་དང་ལོགས་ཀྱི་ཕྱོགས་ནས་ནུབ་རེད་ལྟ་བུ་འཇོག་རྒྱུ་ཡོད་དགོས་པ་ཞིག་ལ་ཆ་ཡོད་མེད་བཤད་ལ་རྡུལ་རང་ཉིད་ཤར་ལ་ཉེ་བ་དང་ནུབ་ལ་རིང་ཙམ་གྱིས་མི་འཇོག་བསམ་སྟེ། དཔེར་ན་བོད་ན་ཡོད་པའི་ཆ་མེད་དེ་རྒྱ་གར་གྱི་རྡུལ་ལ་རིང་བ་དང་ལྷ་ས་ལ་ཉེ་བ་ཡོད་ཀྱང་དེ་ལ་གང་ནས་མཛུབ་མོ་བཙུགས་ན་འདི་ནས་ཤར་རེད་འདི་ནས་ནུབ་ཟེར་ནས་གཞག་རྒྱུ་མེད་པ་མཛུ་གུ་གཏད་ས་གཅིག་མ་གཏོགས་མེད་པའི་ཕྱིར་ན་ཆ་མེད་འཇོག་པར་ཡིན་སྙམ།  འོ་ན་ཤར་ནུབ་ལ་ཉེ་རིང་ཡོད་པ་ཙམ་གྱིས་ཆ་མེད་མི་འགྲོ་ན།  དེ་ལས་གཞན་མི་རྟག་པའི་ཆ་དང་འདུས་བྱས་ཀྱི་ཆ་ཡོད་ན་ཆ་མེད་མ་ཡིན་པར་འགྱུར་ལ།དེ་ཙམ་ཡོད་པ་ལ་བྱེ་སྨྲས་ཆ་མེད་ཡོད་མ་བཤད་དོ། །

༣༽གསུམ་པ་ལ་བྱེ་སྨྲའི་དབང་དུ་བྱས་ན་ལྡན་མིན་འདུ་བྱེད་བཏགས་ཡོད་ཡིན་པའི་རྒྱུ་མཚན་གྱིས་ཆ་མེད་ཡོད་པ་མིན་ནམ་སྙམ་སྟེ།

གང་ཟག་ལྟ་བུ་ལ་མཚོན་ན་དཔྱད་དོན་གཏུགས་ན་བེམ་ཤེས་གང་རུང་ལས་ལོག་པ་མེད་དེ། གང་ཟག་གཟུགས་ཕུང་ཡིན་མིན་དཔྱད་པ་དང་ཤེས་པ་ཡིན་མིན་དཔྱད་པ་ལས་ལྡན་མིན་འདུ་བྱེད་ཐོག་ནས་དཔྱད་པ་ཅི་ཞུགས་མེད་ལ།གང་ཟག་ཕུང་པོ་བཞི་ལྔ་གང་རུང་ཚོགས་པ་ལ་བཏགས་པ་ཡིན་ཕྱིར།།  དེའི་ཕབ་དོན་མཐར་ཐུག་བེམ་ཤེས་གང་རུང་གི་ངོ་བོ་ལོག་འགྲོ་ཕྱིར་རོ།།  ཐོབ་པ་སོགས་དེ་དང་མི་འདྲ་བས་དཔྱད་པར་བྱ་འོས་སོ།།

༤༽བཞི་པ།

རྩ་བར།རྡུལ་ཕྲན་དང་ནི་དེ་བཞིན་དུ། ། ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །  དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །ཞེས་པ་ལྟར་ཕྲ་རབ་ཀྱི་རྡུལ་བདུན་ལ་རྡུལ་ཕྲན་དང་དེ་བཞིན་དུ་རྡུལ་ཕྲན་བདུན་ལ་ལྕགས་རྡུལ་དང་ལྕགས་རྡུལ་བདུན་ལ་ཆུ་རྡུལ་དེ་བདུན་ལ་རི་བོང་གི་རྡུལ་དེ་བདུན་ལ་ལུག་རྡུལ་དེ་བདུན་ལ་གླང་རྡུལ་དེ་བདུན་ལ་ཉི་ཟེར་གི་རྡུལ་དེ་བདུན་ལ་སྲོ་མའི་རྡུལ་ཡིན་ལ་དེ་བདུན་ལ་སོར་ཚིགས་ཀྱི་རྡུལ་ཏེ་སྔ་མ་བདུན་འགྱུར་གྱིས་ཕྱི་མ་གཅིག་རེར་གྲུ་བ་ནས་རྡུལ་ཕྲ་རབ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་མ་རེག་ལ་བར་དང་པའི་འདབ་ཆགས་པར་གནས་པའི་སྒོ་ནས་རགས་པའི་དངོས་པོ་རྣམས་བསྐྱེད་པའོ།།  ཆུང་མཐའ་རྡུལ་རྫས་བརྒྱད་འདུས་གྱི་གོང་བུ་ཡིན་ནོ།  འོ་ན་བསགས་རྡུལ་རྣམས་རྡུལ་རྫས་བརྒྱད་དང་ལྷན་དུ་སྐྱེ་བའི་ངེས་པ་མེད་དེ་ཆུ་ལྟ་བུ་ལ་ཆུའི་ཁམས་རང་ཉིད་དམིགས་ཀྱང་གཞན་སུའི་ཁམས་དང་།  མེ་སོགས་དམིགས་པར་འགྱུར་བའི་ཕྱིར་ཟེར་ན།  དེ་ནི་འབྱུང་བ་རང་རང་གི་ལས་ཤས་ཆེ་ཆུང་གིས་མི་སྣང་བ་ཡིན་གྱི་མེད་པས་ནི་མ་ཡིན་ཏེ།རང་འགྲེལ་ལས།  ཇི་ལྟར་འབྱུང་བ་རྣམས་ཐ་མི་དད་པ་ལས་འདི་ན་འདུས་པ་ཁ་ཅིག་ཁོ་ན་ནི་སྲ་བར་དམིགས་ཞེས་བྱ་བ་ལ་སོགས་པ་ནི་སྲ་བ་ནི་སའི་ཁམས་ཡིན་ལ་གཤེར་བ་ནི་ཆུའི་ཁམས་ཡིན།  དྲོ་བ་ནི་མེའི་ཁམས་ཡིན།  གཡོ་བ་ནི་རླུང་གི་ཁམས་ཡིན་པ་འབྱུང་བ་མཉམ་པར་ཡོད་པའི་ཕྱིར་དེ་དག་འདུས་པ་མཚུངས་པའི་ངོ་བོ་དག་ཏུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །  ཞེས་གསུངས་པ་བཞིན་དུ་གོ་བར་བྱའོ།།

སླར་སྨྲས་པ།

ཡང་དག་ཆོས་མངོན་མཛོད་ཀྱི་གཤིས་ལུགས་ལ། །
བདག་བློའི་མིག་གིས་ཅུང་ཟད་དཔྱད་པའི་འབྲས། །
རྣམ་དཀར་དགེ་བའི་ལེགས་ཚོགས་ཅི་འགྱུར་དག །
ཡང་དག་བདེ་བ་ཆེན་པའི་རྒྱུ་རུ་བསྔོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4729