ནང་དོན་གནད་བསྡུས།  སྔ་རབས་རང་རྒྱུད་གོང་འོག་གི་བདེན་གཉིས་དང་།  དབུ་མ་ཐལ་འགྱུར་བའི་ལུགས་ལ་བདེན་གཉིས་གཅིག་ཐ་དད་འཇོག་མཚམས་དང་། གནས་སྣང་བདེན་གཉིས་དང་སྣང་སྟོང་བདེན་གཉིས་འགལ་མིན་སོགས་ལ་དཔྱད་ཡོད།

བརྡ་ཆད། བདེན་པ་གཉིས། ངོ་བོ་ཐ་དད་དང་། ངོ་བོ་གཅིག་ལ་ལྡོག་པ་ཐ་དད། གཅིག་པ་བཀག་པའི་ཐ་དད།

 


སྤྱིར་དབུ་མ་པའི་ལུགས་ཀྱི་བདེན་གཉིས་བཤད་པ་འདི་ལ། རང་རྒྱུད་པའི་བདེན་གཉིས་བཤད་པ་དང་། ཐལ་འགྱུར་བའི་བདེན་གཉིས་བཤད་པ་གཉིས་ལས།

དང་པོ་ལའང་གཉིས་ཏེ། དོན་དམ་བདེན་པ་རིག་ཤེས་ཡུལ་དུ་ཁས་ལེན་པའི་རྣམ་གཞག་དང་། ཁས་མི་ལེན་པའི་ཁྱད་པར་ངེས་པར་བྱ་བའོ། ། དང་པོ་དེ་ལ། དབྱེ་བ་དང་། མཚན་ཉིད་གཉིས་ལས།  དབྱེ་བ་ལྔ་སྟེ། དབྱེ་གཞི། དབྱེ་དོན། ངེས་ཚིག  རབ་ཏུ་དབྱེ་བ། གྲངས་ངེས་པའོ། ། དེ་ནི་ཤེས་བྱ་ཙམ་མོ།   སྤྱིར་བདེན་པ་གཉིས་པོ་ལྡོག་པ་ཙམ་ཡང་ཐ་དད་མེད་པ་མིང་གི་རྣམ་གྲངས།  ངོ་བོ་ཐ་དད་པ་དང་།  ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་དང་། གཅིག་པ་བཀག་ཙམ་གྱི་ཐ་དད་དང་བཞི་ལས། འདིར་ཕྱི་མ་ལྟར་འདོད་དེ།  དེ་ཉིད་ལས། དེས་ན་དོན་དམ་བདེན་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཀུན་རྫོབ་བདེན་པ་ལས་དངོས་པོ་གཞན་དང་དེ་ཉིད་དུའང་བརྗོད་དུ་མེད་པ་གཅིག་པ་བཀག་ཙམ་གྱིས་ཐ་དད་ཡིན་ནོ། ། ཞེས་གསུངས་སོ། །

རང་ལུགས་ཡིག་ཆ་ནང་ལ་འདོད་པ་མི་འདྲ་འགའ་བཀོད་པ་ཡིན་ན།

གཞུང་སྤྱི་དཀའ་གནད་ལས། རྣམ་གྲངས་མིན་པ་ཁོ་ན་དོན་དམ་དང་། ཐ་སྙད་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་གྱུར་ཐམས་ཅད་ཀུན་རྫོབ་བྱས་ན། བདེན་གཉིས་གཅིག་པ་བཀག་པའི་ཐ་དད་ཡིན་ན་སྙམ། ཐ་སྙད་ཐམས་ཅད་དོན་དུ་མི་གནས་པའི་ཕྱིར་རོ། ། རྣམ་གྲངས་པའི་དོན་དམ་གྱི་དབང་དུ་བྱས་ན། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དོ་ཞེས་གསུངས་སོ། ། ད་ེལ་བརྟགས་པ་ཡིན་ན་རྒྱལ་དབང་ཀློང་ཆེན་པའི་དགོངས་པ་དེ་དང་མཐུན་པར་བཞེད་དོ། །  དེ་བཞིན་དུ་རྒྱལ་དབང་ཀློང་ཆེན་པས་ངལ་གསོ་སྐབས་ལས། དེས་ན་ཐ་སྙད་ཙམ་དུ་ཆུ་དང་ཆུ་ཟླ་ལྟར་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ། ཞེ་གསུངས་སོ།  གོང་ནས་མིང་གི་རྣམ་གྲངས་དང་། ངོ་བོ་ཐ་དད་པ་དང་། གཅིག་པ་བཀག་པའི་ཐ་དད་གསུམ་ཆར་དགག་ནས་རང་ལུགས་ལ་དེ་ལྟར་འཛིན་དགོས་གསུངས་པ་ཞེས་དང་།  གཞུང་སྤྱི་དཀའ་གནད་ལས། རྣམ་གྲངས་མ་ཡིན་པའི་དབང་དུ་བྱས་ན། བདེན་གཉིས་གཅིག་པ་བཀག་པའི་ཐ་དད་ཁས་ལེན་དགོས་པར་གསུངས་པ་དང་། ངལ་གསོ་ལས། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཁས་ལེན་དགོས་པར་གསུངས་བའི་ཕྱིར།  གཞན་སྟོང་སེང་གེའི་ང་རོ་ལགས།  དེ་ལྟར་ན་དོན་དམ་རང་ངོས་མི་སྟོང་ཞེས་ཟེར་བ་འདི་རྣམ་པ་ཀུན་ཏུ་བདེན་གཉིས་ཕྱི་མའི་འཇོག་ཚུལ་ལྟར་བྱས་ཏེ། བདེན་པ་གཉིས་པོ་གཅིག་པ་བཀག་པའི་ཐ་དད་དུ་ཁས་ལེན་པ་ལ་གོ་དགོས་ཀྱི། སྣང་སྟོང་བདེན་གཉིས་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་འཇོག་ཚུལ་ལྟར་གོ་བ་དེ་གཏན་མིན་ནོ། ། ཞེས་དང་། བོད་སྤྲུལ་གྱིས། སྤྱིར་རང་རྒྱུད་པའི་ལུགས་ཀྱི་རྣམ་གྲངས་དཔྱོད་པའི་ཚད་མའི་ཡུལ་གྱི་དོན་དམ་ལ་ལྟོས་པའི་བདེན་གཉིས་གཞིར་བཞག་ན། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་རྣམ་པར་དབྱེ་བ་ལས་འོས་མེད་ཀྱང་། མཐར་ཐུག་ཐལ་འགྱུར་ལྟ་བའི་ལུགས་ཀྱི་རྣམ་གྲངས་མ་ཡིན་པ་དཔྱོད་པའི་ཚད་མའི་ཡུལ་དུ་གྱུར་པའི་དོན་དམ་ལ་ལྟོས་པའི་བདེན་པ་གཉིས་ནི་ངོ་བོ་གཅིག་དུ་བྲལ་དུ་བཞེད་པ་ལགས་སོ། །   འོན་ཀྱང་སྐབས་འགའ་ཞིག་ཏུ་ནི། ཐ་སྙད་དག་གཟིགས་ཚད་མའི་ཡུལ་དུ་གྱུར་པའི་གནས་སྣང་ཆོས་ཀྱི་བདེན་གཉིས་ནི། གནས་སྣང་མཐུན་པའི་རང་བཞིན་དག་པ་མྱང་འདས་ཀྱི་ཆོས་དང་། མི་མཐུན་པའི་རང་བཞིན་རང་བཞིན་མ་དག་འཁོར་བའི་ཆོས་གཉིས་གནས་ལུགས་ལ་གྲུབ་མ་གྲུབ་ཀྱི་སྒོ་ནས་དངོས་དངོས་མེད་ལྟར་གཅིག་པ་བཀག་པའི་ཞལ་བཞེས་མཛད་དོ། ། འོན་ཀྱང་སྟོང་ཐུན་སོགས་ལས་ནི་འཁོར་འདས་གཉིས་ཀྱི་ཆོས་ཅན་ཆོས་ཉིད་ཚུལ་དུ་གཅིག་དུ་བྲལ་གྱི་ཞལ་བཞེས་ཀྱང་སྣང་ངོ་། ། རང་ལུགས་ཡིག་ཆ་ནང་ལ་དེ་ལྟར་བདེན་གཉིས་གཅིག་ཐ་དད་བསྐོར་ལ་འདོད་པ་མི་འདྲ་བ་འགའ་གི་འབྱུང་གི་ཡོད་པ་འདི་དག་རང་ལུགས་འཛིན་པ་ཁ་ཤས་མཐའ་གཅིག་ཏུ་འགལ་བའི་སྣང་ཚུལ་འཛིན་པར་འདུག་གོ། ། འདི་དག་འགལ་བའི་གནད་ཅི་ཡང་མེད་དོ། འཛིན་མཚམས་གྱི་གནད་སོ་སོར་ཡོད་དོ། ། དེས་དོན་གང་ཡིན་ཞེ་ན། གནས་སྐབས་རྣམ་གྲངས་བའི་དོན་དམ་བཤད་པའི་སྐབས་སུ་བདེན་པ་གཉིས་པོ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་དེ། འདི་ལྟར་ཆོས་རང་གི་ངོ་བོ་རང་བཞིན་བདེན་གྲུབ་གྱིས་སྟོང་བའི་ཆོས་ཉིད་དེ་དོན་དམ་བདེན་པ་ཡིན་ལ། དེའི་སྣང་བ་སྤྲོས་པའི་རྣམ་པ་ནི་ཀུན་རྫོབ་ཀྱི་བདེན་ཡིན་ཞིང་། དེ་གཉིས་ངོ་བོ་ཐ་དད་པ་མེད་ལ། ལྡོག་པ་སོ་སོ་བ་ཡིན་པས་སོ། །  མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་དབང་དུ་བྱས་ན་བདེན་པ་གཉིས་པོ་དེ་ཡང་ཐ་སྙད་དུ་གཅིག་པ་བཀག་པའི་ཐ་དད་ཙམ་དང་། དོན་དམ་པར་གཅིག་ཐ་དད་ཀྱི་རྣམ་གཞག་ལས་འདས་པའི་ཕྱིར་རོ། ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། ། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། ། གཅིག་དང་ཐ་དད་དུ་ཡང་གང་རྟོགས་པ། ། དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན།། ཞེས་གསུངས་སོ། ། རྣམ་གྲངས་མ་ཡིན་པའི་དབང་དུ་བྱས་ན་ཐ་སྙད་དང་དོན་དམ་གང་རུང་ལ་བདེན་གཉིས་གཅིག་ཐ་དད་ཀྱི་གོ་བ་ལེན་ཚུལ་གཉིས་ཡོད་པར་གསལ་སོ། །  ངེས་ཚིག་ནི།  སཾ་པྲྀ་ཏི་ཞེས་བྱ་བ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་སྟེ། ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པ་འཁྲུལ་བའི་ཤེས་པའོ། ། དབུ་མ་འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། ། ཞེས་གསུངས་པ་ལྟར་རོ། །  རབ་ཏུ་དབྱེ་བ་ནི། དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པ་གཉིས་སོ། །  གྲང་ངེས་པ་ནི། ཤེས་བྱ་གཟུགས་ལ་སོགས་པ་འདི་དག་ཡོད་པ་དང་མེད་པ་ལ་སོགས་གཉིས་བཅས་ཐམས་ཅད་ལས་འདས་པ་ཡིན་པ་བཀག་པ་ཙམ་གྱིས་གཉིས་དང་བཅས་པར་ངེས་ཏེ། བར་གྱི་ཕུང་པོ་གསུམ་པ་བསལ་བས་གཉིས་དང་བཅས་པ་དང་ཞེས་གསུངས་པ་ལྟར་རོ། །  ཀུན་རྫོབ་བདེན་པ་དེ་ལ་ཡང་དབྱེ་ན་གཉིས་ཏེ། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་དང་། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུབ་རྫོབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག ། ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་ངག་ཡང་དག་མ་ཡིན་ཏེ། ། ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། ། ཞེས་གསུངས་སོ། །   གཉིས་པ་ལ་གཉིས་ཏེ། མཚན་ཉིད་དང་། ངེས་པར་བྱེད་པའི་ཚད་མའོ། ། དང་པོ། སྤྱིར་བདེན་པའི་དོན་ནི། ཆོས་གང་ཞིག་ཏང་བཞིན་མེད་པ། ཀུན་རྫོབ་བདེན་པའི་མཚན་ཉིད་ནི། ཆོས་ཅན་གང་ཞིག་རིག་པས་དཔྱད་མི་བཟོད་པ། དོན་དམ་བདེན་པའི་མཚན་ཉིད་ནི། ཆོས་ཉིད་གང་ཞིག་རིག་པས་དཔྱད་བཟོད་པའོ།། ཞེས་གསུངས་སོ། ། དེ་ལ་དཔྱད་བཟོད་མི་བཟོད་གོ་བ་ནི། མཐར་ཐུག་དཔྱོད་པའི་རིག་པས་དགག་ནུས་པ་དཔྱད་མི་བཟོད་པ་ཟེར་བ་དང་། རིག་པ་གང་གིས་ཀྱང་དགག་མི་ནུས་པ་ལ་དཔྱད་བཟོད་པ་ཞེས་བྱའོ། ། ཞེས་གསུང་པའི་དགོངས་པ་ཡང་བཙལ་དགོས་པར་སྣང་།  སྤྱིར་ཡོངས་གྲགས་ལ་རིགས་པ་གང་གིས་ཀྱང་དགག་མི་ནུས་པ་ལ་བདེན་གྲུབ་ཀྱི་ཚད་དུ་བཞག་པ་མང་དུ་མངོན་ནོ། །  སྔོན་གྱི་མཁས་པ་ནང་ལ་རང་རྒྱུད་པའི་ལུགས་ལ་དོན་དམ་བདེན་པ་དེ་བདེན་གྲུན་ཁས་ལེན་པའི་ཡིག་ཆ་ཁ་ཤས་སྣང་མོད། རང་ལུགས་ལ་དེ་ལྟར་ཁས་བླངས་ན་འཐད་པར་མི་སེམས་སོ། ། རྒྱན་ལས། བདེན་གྲུབ་འདོད་པའི་དབུ་མ་པ་སུ་ཡང་མེད་པར་གསུངས་བའི་ཕྱིར། འདི་ལ་རང་གིས་བསམ་ཚུལ་ནི། དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་ངོར་ལ་ཡོད་པ་ཀུན་མཁྱེན་གྱིས་དེ་ལྟར་གསུངས་བ་ཨེ་ཡིན་སྙམ་སོང་།  སྤྱིར་བདེན་པར་གྲུབ་ན་རིགས་ཤེས་ངོར་གྲུབ་དགོས་ཀྱང་།  རིགས་ཤེས་ཀྱི་ངོར་གྲུབ་ན་བདེན་གྲུབ་ཡིན་དགོས་ཞེས་པའི་ཞིབ་ཆ་འདི་འཐད་པར་སྙམ་མོ། །

ཐལ་འགྱུར་བའི་ལུགས་ཀྱི་བདེན་གཉིས་བཤད་པ་ལ།

དབྱེ་གཞི། དབྱེ་བ། མཚན་ཉིད། སྒྲ་བཤད། གྲངས་ངེས་དང་ལྔ་ལས།  དང་པོ་ནི།  ཐུན་མོང་དབྱེ་གཞི་མཚན་ཉིད་པ་མེད་མོད། འཇིག་རྟེན་པའི་བློ་ངོར་ལ་བདེན་པ་མ་ཡིན་པའི་ལོག་ཙམ་གྱི་བདེན་པ་ཙམ་ཞིག་ཞིག་གནས་པར་བྱ་སྟེ།  རིགས་པ་དྲུག་བཅུ་པའི་འགྲེལ་བ་ལས། བདེན་པ་གཉིས་སུ་འཇིག་རྟེན་པའི་བློ་ལ་བལྟོས་ནས་འཇོག་གོ། ། ཞེས་གསུངས་སོ། ། ཡང་ན་རང་བཞིན་མེད་པ་ཙམ་ལ་དབྱེ་གཞི་བྱ་སྟེ། འཇུག་པ་ལས། བདེན་པ་གཉིས་སུ་རང་བཞིན་མེད་པའི་ཕྱིར། འདི་དག་རྟག་པ་མ་ཡིན་ཆད་པ་མིན། ། ཞེས་གསུངས་སོ། །  གཉིས་པ་ནི། ཀུན་རྫོན་བདེན་པ་དང་དོན་དམ་གཉིས་སོ། ། ཡུམ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པའི་བདེན་པ་འདི་གཉིས་ཏེ། ། ཁྱེད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། ། དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། ། བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། ། ཞེས་གསུངས་སོ། ། གསུམ་པ་ནི། གྲུབ་མཛོད་ལས། གཟུང་འཛིན་སྤྲོས་པ་དང་བཅས་པའི་རྣམ་པར་སྣང་བའོ། ། གཟུང་འཛིན་སྤྲོས་པ་དང་བྲལ་བའི་ངོ་བོ། ཞེས་གསུངས་བའི་ཕྱིར་རོ།།  ཀུན་རྫོབ་ལ་དབྱེ་ན་གཉིས་ཡོད་དེ།  ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ལས།  དང་པོའི་མཚན་ཉིད་ནི། ཀུན་རྫོབ་བདེན་པ་གང་ཞིག་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་རང་འགའ་བའི་ཐ་སྙད་ཚད་མས་རྫུན་པར་རྟོགས་མི་ནུས་པའི་ཆོས། གཉིས་པའི་མཚན་ཉིད་ནི། འཕྲུལ་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་རང་འགའ་བའི་ཐ་སྙད་ཚད་མས་རྫུན་པར་རྟོགས་ནུས་པའོ། ། བཞི་པ་ནི། གནས་ལུགས་ཀྱིནརང་བཞིན་མཐོང་བ་ལ་སྒྲིབ་པའི་ཏེ། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫབ་ཏེ། ། ཞེས་གསུངས་བའི་ཕྱིར། དོན་དམ་བདེན་པ་ཞེས་བརྗོད་པའོ་རྒྱུ་མཚན་ཡོད་དེ། ཁྱོད་དོན་ཡང་ཡིན། དམ་པའང་ཡིན། བདེན་པ་ཡང་ཡིན་པའི་ཕྱིར་རོ། དོན་ཡིན་ཏེ། འཕགས་པའི་རྙེད་དོན་ཡིན་པའི་ཕྱིར། དམ་པ་ཡིན་ཏེ། ཆོས་ནང་ནས་མཆོག་ཡིན་པའི་ཕྱིར། བདེན་པ་ཡིན་ཏེ། གནས་ཚུལ་དང་སྣང་ཚུལ་མཐུན་པ་ཡིན་པའི་ཕྱིར། ལྔ་པ་ནི། གྲུབ་མཛོད་ལས།  སྤྲོས་པ་ལས་གྲོལ་མ་གྲོལ་དངོས་འགལ་དུ་ངེས་པས་སྒྲུབ་ཕྱོགས་དང་དགག་ཕྱོགས་ཀྱི་ཕུང་གསུམ་པ་ཁེགས་པས་དེ་གཉིས་སུ་གྲངས་ངེས་པ་ཡིན་ནོ། །ཞེས་གསུངས་སོ། །

ཞོར་དུ་གནས་སྣང་བདེན་གཉིས་དང་སྣང་སྟོང་བདེན་གཉིས་འགལ་མིན་དཔྱད་པ་ལ།

རྩ་བ་ཤེས་རབ་ལས།  སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། ། བདེན་པ་གཉིས་ལ་ཡང་དག་བརྟེན། ། གང་ཞིག་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ། ། ཞེས་དང་། བདེན་གཉིས་རྣམ་དབྱེར་ཤེས་པ་ནི། ། ཐུབ་པའི་བཀའ་ལ་མ་རྨོངས་ཏེ། །  དེ་དག་མ་ལུས་ཚོགས་བསགས་ནས། ། ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །  རྩོད་བཟློག་ལས། ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་རྟོགས་་མི་འགྱུར། ། དམ་པའི་དོན་ནི་མ་རྟོགས་ན། ། མྱང་ངན་འདས་པ་ཐོབ་མི་འགྱུར། ། ཞེས་གསུངས་པ་དེ་དག་འཕྲོས་ཏེ། གནས་སྣང་བདེན་གཉིས་དང་སྣང་སྟོང་བདེན་གཉིས་ཀྱི་ངོ་བོ་བཀའ་དང་བསྟན་བཅོས་གང་ལ་བརྟེན་ནས་འཇོག་པ་དང་། དེ་དག་འཇོག་པའི་དགོས་པ་བཤད་པ་གཉིས་ལས། དང་པོ་ནི། སྣང་སྟོང་བདེན་གཉིས་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས་ཟེར་ན། སྣང་བ་ཀུན་རྫོབ་དང་། སྟོང་བ་ལ་དོན་དམ་ཆ་ནས་འཇོག་པ་དང་། གཞི་ལ་སྦྱར་ནས་དབུ་མ་ཐལ་འགྱུར་བའི་ལུགས་ལ། གཞིའི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་རྣམས་གྲངས་མ་ཡིན་པའི་དོན་དམ་བདེན་པ་དེ་ལ་དོན་དམ་དང་། དེ་ལས་གཞན་པའི་ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་གང་ཞིག་གི་སྟེང་ལ་མི་རྙེད་པའི་སྣང་བ་ཐ་སྙད་པའི་དེ་དག་ལ་ཀུན་རྫོབ་བདེན་པ་དང་། སྟོང་བ་ཆོས་ཉིད་ཀྱི་ཆ་ནས་དོན་དམ་དང་། སྣང་བ་ཀུན་རྫོབ་ཀྱི་ཆ་ནས་ཀུན་རྫོབ་བདེན་པ་དང་དེ་ལྟར་ལམ་ནས་འཇོག་གོ། ། གཉིས་པ་གནས་སྣང་བདེན་གཉིས་ནི་ག་འདྲ་ལ་ངོས་འཛིན་དགོས་ཟེར་ན།  གནས་སྣང་མཐུན་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་དོན་དམ་དང་། གནས་སྣང་མི་མཐུན་པའི་ཡུལ་དང་ཡུལ་ཅན་རྣམས་ལ་ཀུན་རྫོབ་བདེན་པ་ཟེར་རོ། ། དེ་ཡང་འཇམ་མགོན་མི་ཕམ་པས། བརྒལ་ལན་ཉིན་བྱེད་སྣང་བ་ལས།   ཡང་གནས་ཚུལ་དང་སྣང་ཚུལ་མི་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ཀུན་རྫོབ་དང་། གནས་སྣང་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་དོན་དམ་བདེན་པར་འཇོག་པའི་ལུགས་གཉིས་ལས། ཞེས་དང་།  གཞན་སྟོང་སེང་གེའི་ང་རོ་ལས།     དེ་ཡི་རྗེས་སུ་དོན་དམ་སྤྲོས་པ་དང་བྲལ་བའི་དོན་དེ་ལྟ་བུ་ནི་ཡུལ་ཅན་མི་རྟོག་ཡེ་ཤེས་ཀྱིས་རྟོགས་ནས་གནས་སྣང་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་དོན་དམ་ཞེས་བརྗོད་པ་དང་། གནས་སྣང་མི་མཐུན་པའི་ཡུལ་ཡུལ་ཅན་ལ་ཀུན་རྫོབ་ཅེས་བྱ་སྟེ། ཐ་སྙད་དཔྱོད་པའི་ཚད་མས་དཔྱད་ན་བསླུ་བ་དང་མི་བསླུ་བ། འཁྲུལ་པ་དང་མ་འཁྲུལ་བའི་ཁྱད་ཡོད་པས། གང་མི་བསླུ་ཞིང་མ་འཁྲུལ་བ་དེ་དོན་དམ་དང་། ཅིག་ཤོས་ལ་ཀུན་རྫོབ་ཀྱི་རྣམ་བཞག་བྱེད་དེ། བདེན་གཉིས་འཇོག་ཚུལ་སྟོང་པ་དང་སྣང་བ་ལ་བཞག་པ་ཡོངས་གྲགས་ལྟར་དང་། གནས་སྣང་མཐུན་མི་མཐུན་ལ་བཞག་པ་བཤད་མ་ཐག་པ་ལྟར་གཉིས་པོ་འདི་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་གདོད་ནས་བསྟན་གྱི། གཞན་སྟོང་སྨྲ་བས་གསར་དུ་རྣམ་བཞག་བྱས་པ་མ་ཡིན་ཏེ། ཞེས་གསུངས་སོ། །  གནས་སྣང་མཐུན་མི་མཐུན་ཞེས་པ་གང་ལ་ངོས་འཛིན་དགོས་ཟེར་ན། གནས་ལུགས་དེ་ངོས་འཛིན་ནས། གནས་སྣང་མཐུན་དང་མི་མཐུན་དཔྱད་དགོས་སོ། ། སྤྱིར་གྲུབ་མཐའ་སོ་སོར་ལ་གནས་ལུགས་ངོས་འཛིན་སྟངས་ལ་ཁྱད་པར་དེ་འདྲ་ཡོད་ཀྱང་། གནས་ལུགས་མཆོག་ཏུ་གྱུར་པ་དེ་དབུ་མ་ཐལ་འགྱུར་བའི་གནས་ལུགས་ལས་མཆོག་ཏུ་གྱུར་པ་ཞིག་མེད་པས་སོ། ། དེ་ཡང་དབུ་མ་རྩ་བ་ཤེས་རབ་ལས།  གཞན་ལས་ཤེས་མིན་ཞི་བ་དང་། ། སྤྲོས་པ་རྣམས་ཀྱི་མ་སྤྲོས་པ། ། རྣམ་རྟོག་མེད་རྟོག་དང་ཐ་དད་དང་། ། དེ་ནི་དེ་ལས་མཚན་ཉིད་དོ། ། ཞེས་གསུངས་པ་ལྟར་དུ་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་རྣམས་གྲངས་མ་ཡིན་པའི་དོན་དམ་བདེན་པ་དེ་ལ་གནས་ལུགས་མཐར་ཐུག་པའོ། ། དེ་དང་མཐུན་པའི་ཡུལ་ཅན་གནས་ལུགས་དོ་ཁོ་ན་ཉིད་ཀྱི་རང་བཞིན་དུ་་ཇི་ལྟར་བ་རྟོགས་པའི་ཡུལ་ཅན་ཡེ་ཤེས་དེ་ལ་གནས་སྣང་མཐུན་པའི་བློ་ཞེས་ཟེར་རོ། དེ་ཡང་འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་། ། བློ་ཡང་སྐྱེ་བ་དང་བྲལ་བ། ། དེ་ལྟར་གསུངས་པ་ལྟར་དུ་མཚན་འཛིན་ཐམས་ཅད་དང་བྲལ་བའི་བློ་དེ་ལ་གནས་སྣང་མཐུན་པའི་བློ་ཞེས་ཟེར་རོ། ། དེ་གཉིས་ཀ་དོན་དམ་བདེན་པ་ཉིད་དུ་འཇོག་པ་ཡིན་ནོ། ། རྟོགས་བྱ་ཆོས་ཉིད་དེ་དོན་དམ་བདེན་པ་ཡིན་པར་མ་ཟད། རྟོགས་པའི་ཡུལ་ཅན་དེ་ཡང་དོན་དམ་བདེན་པ་ཡིན་ནོ། ། དེ་ན་གནས་སྣང་མི་མཐུན་པ་ཞེས་པ་གང་ལ་ངོས་འཛིན་དགོས་ཟེར་ན། གནས་ལུགས་དོ་ཁོ་ན་ཉིད་ཀྱི་རང་བཞིན་ཇི་ལྟར་བ་བཞིན་དུ་མ་རྟོགས་པའི་བློ་གཉིས་སྣང་དང་བཅས་པའི་སོ་སྐྱེས་རྒྱུད་ཀྱི་བློ་དེ་དང་། དེའི་ཡུལ་ཀུན་རྫོབ་སྤྲོས་པའི་ར་བ་ལས་བརྒལ་མི་ནུས་པའི་ཆོས་དེ་དག་ལ་ཀུན་རྫོབ་བདེན་པ་ཟེར་རོ། །  དེ་ལྟར་འཇོག་ན། གནས་སྣང་བདེན་གཉིས་ཀྱི་དབང་དུ་བྱས་ན། དོན་དམ་བདེན་པའི་ངོ་བོ་གང་འདྲ་འཇོག་དགོས་ཟེར་ན། གནས་ལུགས་དེ་ཁོ་ན་ཉིད་དམ། དེ་ཇི་ལྟར་བ་བཞིན་དུ་རྟོགས་པའི་ཡུལ་ཅན་ཡེ་ཤེས་གང་རུང་གིས་བསྡུས་པའི་བདེན་པ་དེ། དོན་དམ་བདེན་པའི་མཚན་ཉིད་དོ། ། སྣང་བ་ཐ་སྙད་པའི་ཆོས་དེ་ལ་ཀུན་རྫོབ་བདེན་པའི་མཚན་ཉིད་དོ། །    འཇམ་མགོན་མི་ཕམ་པས་བཀའ་དང་བསྟན་བཅོས་དག་ལས་བདེན་གཉིས་འཇོག་ཚུལ་གཉིས་ཡོད་པར་གསུངས་པ་ལ་རྟེན་ནས། བཀའ་དང་བསྟན་བཅོས་གང་དག་ལས་གསུངས་བ་དང་། ཚུལ་ཇི་ལྟར་གསུངས་བ་ངོས་འཛིན་བརྟགས་པ་ལ།  སྣང་སྟོང་བདེན་གཉིས་ཀྱི་རྣམ་གཞག་འདི་ནི་གཙོ་བོ་བཀའ་ཡི་དབང་དུ་བྱས་ན་འཁོར་ལོ་བར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ཡུམ་སྲས་བཅུ་བདུན་ལས་གསུངས་དང་། བསྟན་བཅོས་ཀྱི་དབང་དུ་བྱས་ན། དབུ་མ་རྩ་བ་ཤེས་རབ་ལ་སོགས་པའི་རིགས་ཚོགས་དག་ལས་བཤད་དོ། །  དེ་ཡང་ཇི་ལྟར་བཤད་པ་ཡིན་ཟེར་ན་འཁོར་ལོ་བར་བ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མདོ་སྡེ་དག་ལས་སྟོང་ཉིད་ཀྱི་རིམ་པ་དང་མཐའ་བྲལ་གྱི་རིམ་པ་དེ་ཉིད་རྩལ་དུ་བཏོན་པའི་སྒོ་ནས་གཙོ་བོ་སྟོང་ཆ་ནས་ཞལ་གྱིས་བཞེད་པ་དང་གནས་ལུགས་དེ་ཁོ་ན་ཉིད་དང་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་དེ་སྨྲ་བསམ་བརྗོད་མེད་དང་བྲལ་བའི་རང་བཞིན་སྟོང་པ་ཆེན་པོ་དེ་ལ་ངོས་འཛིན་བྱས་ནས་དོན་དམ་བདེན་པ་རྩལ་དུ་བཏོན་པ་དང་།  བསྟན་བཅོས་དབུ་མ་རྩ་ཤེས་སོགས་ལས། བརྗོད་པར་བྱ་བ་དང་བཟློག་པ་དང་། ། སེམས་ཀྱི་སྤྱོད་ཡུལ་བཟློགས་པས་སོ། ། མ་སྐྱེས་པ་དང་མ་འགག་དང་། ། ཆོས་ཉིད་མྱ་ངན་འདས་ད་ང་མཚུངས། ། ཞེ་གསུངས་པ་ལྟར་དུ་ངོ་བོ་སྟོང་བའི་ཆ་ནས་གཙོ་བོ་རྩལ་དུ་བཏོན་ནས་འཁོར་ལོ་བར་དང་དེས་དགོངས་འགྲེལ་གྱི་བསྟན་བཅོས་དག་ནས་གཙོ་བོ་སྣང་སྟོང་བདེན་གཉིས་དེ་རྒྱ་ཆེར་བཤད་པས་སོ། ། གནས་སྣང་བདེན་གཉིས་ཀྱི་རྣམ་གཞག་འདི་བཀའ་ཡི་དབང་དུ་བྱས་ན་འཁོར་ལོ་ཐ་མ་དང་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་རྣམས་ལས་ངོ་བོ་སྟོང་པ་ཙམ་མ་ཡིན་པ་རང་བཞིན་གསལ་བའི་ཆ་ནས་རྒྱ་ཆེར་བཤད་པས་སོ། ། མདོ་སྡེ་དགོངས་འགྲེལ་སོགས་ནས་དྲང་ངེས་བསྟན་པ་དེ་དག་འགྲེལ་བྱེད་གཞན་དག་གིས་སེམས་ཙམ་པ་རྐྱང་པ་ལ་སྦྱར་ནས་འགྲེལ་བཤད་གནང་གི་ཡོད་པ་དང་། རང་ལུགས་ལ་དེ་སེམས་ཙམ་པ་རྐྱང་པ་མ་ཡིན་པར་དབུ་མ་ལུགས་ཀྱི་བདེན་གཉིས་རྣམ་གཞག་བཤད་པས་ན་དོན་དམ་བདེན་པ་དེ་ཡང་ངོ་བོ་སྟོང་བའི་ཆ་རྐྱང་པ་ནས་མ་ཡིན་པ་རང་གསལ་བའི་ཆ་ནས་གཞི་ལམ་འབྲས་གསུམ་སྐབས་གང་ལ་གསལ་སྟོང་ཟུང་དུ་འཇུག་པའི་ལྟ་བའི་གནས་ལུགས་ཤིག་ལ་སྐྱོང་བར་བྱེད་དགོས། ། གཞིའི་དགོས་ནས་གསལ་སྟོང་ཟུང་འཇུག་གི་གྲུབ་མཐའ་སྐྱོང་ཚུལ་འདི་གང་ཡིན་ཟེར་ན། གཞིའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་གནས་ལུགས་སྟོང་རྐྱང་ཙམ་མ་ཡིན་པར་སྣང་སྟོང་ཟུང་དུ་འཇུག་པ་ངོ་བོ་སྟོང་པ་རང་བཞིན་གསལ་བའི་ཆ་ནས་བཤད་དགོས་སོ། ། གཞིའི་གནས་ལུགས་རང་བཞིན་གསལ་བའི་ཆ་དེ་ཡང་འཁོར་ལོ་ཐ་མའི་མདོ་སྡེ་སྐབས་ནས་རྒྱ་ཆེར་བསྟན་ནས་དེས་གསལ་བའི་ཆ་དེ་ཡང་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འདུ་བྲལ་མཐར་ཐུག་པའི་བསྟན་ལ་ཕབ་ནས་གསུངས་པ་དང་། ད་ེལྟ་བུའི་སྐུ་དང་ཡེ་ཤེས་སྣང་བ་མཐར་ཐུག་པ་དེ་སྣང་སྟོང་གཉིས་ལས་གཙོ་བོ་སྣང་ཆའི་ངོས་ནས་འཇོག་གི་ཡོད་པ་དང་། ཡིན་ནའང་ཡང་དེ་དོན་དམ་བདེན་པ་ཡིན་པའི་གནད་དེ་ཡང་གནས་སྣང་མཐུན་པའི་ཆ་ལ་དོན་དམ་བདེན་པ་ཞེས་སུ་འཇོག་གོ། དེའི་ཕྱིར་ན་གནས་སྣང་བདེན་གཉིས་ཡང་བཀའ་་ཐ་མའི་མདོ་སྡེ་དག་ལས་གསུངས་སོ། ། བསྟན་བཅོས། ཆོས་དབྱིངས་བསྟོད་པ་དང་། རྒྱུད་བླ་མ་སོགས་ལས་བསྟན་ནོ། ། ཆོས་དབྱངས་བསྟོད་པ་ལས།  རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། ། གློ་བུར་དག་གིས་ཁམས་སྟོང་གིས། ། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། ། བླ་མེད་ཆོས་ཀྱི་སྟོང་མ་ཡིན། ། ཞེས་དང། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། ། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། ། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། ། རྟགས་ཏུ་སངས་རྒྱས་སྙིང་པོ་ཅན། ། ཞེས་པ་དེ་དག་ལས་བསྟན་པའི་དོན་དམ་གནས་ལུགས་མཐར་ཐུག་པ་དེ་ཉིད་ངོ་བོ་སྟོང་པ་ཙམ་མ་ཡིན་པར་རང་བཞིན་གསལ་བའི་ཆ་ནས་བསྟན་གྱིན་ཡོད་པས་སྣང་སྟོང་བདེན་གཉིས་གཞི་དེ་ནས་གསལ་བར་བྱས་སོ། །  དེ་ལྟར་བཤད་དགོས་པའི་དགོས་པ་གང་ཡིན་ཟེར་ན། གནས་སྣང་བདེན་གཉིས་ཀྱི་དབང་དུ་བྱས་ན་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་དེ་ངོ་བོ་སྟོང་བ་དང་རང་བཞིན་གསལ་བའི་ཆ་གཉིས་ཀ་དོན་དམ་བདེན་པ་ཉིད་དུ་འདོད་པ་དང་། འདོད་པ་ཙམ་དུ་མ་ཟད་དེ་གཉིས་ཀ་རྩལ་འདོན་བྱེད་ནས་འཆད་ཀྱིན་ཡོད་པས་སོ། ། སྣང་སྟོང་བདེན་གཉིས་ཀྱི་དབང་དུ་བྱས་ན་གནས་ལུགས་དེ་བཞིན་ཉིད་དེ་ངོ་བོ་སྟོང་བའི་ཆ་དེ་དོན་དམ་བདེན་པ་ཉིད་དུ་འདོད་པ་དང་རང་བཞིན་གསལ་བའི་ཆ་དེ་རེ་ཞིག་དཔྱད་པ་སྐབས་སུ་མ་བབ་པའི་རྒྱུ་མཚན་ན་དེ་ལྟར་འདོད་དོ། ། ཡིན་ནའང་སྣང་སྟོང་བདེན་གཉིས་དབང་དུ་བྱས་པའི་དོན་དམ་བདེན་པ་དེ་ངོ་བོ་སྟོང་པ་ཙམ་མ་ཡིན་པར་རང་བཞིན་གསལ་བའི་ཡིན་པས་སོ། ། རང་བཞིན་གསལ་བའི་ཆ་ནས་རྩལ་འདོན་མ་བྱས་པའི་གནད་དེ་ཁས་ལེན་མི་ལེན་པའི་གནད་ཀྱིན་མ་ཡིན་པར་རེ་ཞིག་དཔྱད་པ་སྐབས་སུ་མ་བབས་པའི་ཕྱིར་རོ། ། འཁོར་ལོ་ཐ་མ་སྐབས་ནས་བསྟན་པའི་དོན་དམ་བདེན་པ་དེ་ཉིད་ངོ་བོ་སྟོང་བ་རང་བཞིན་གསལ་བའི་ཆ་གཉིས་ཀ་རྩལ་དུ་འདོན་པས་སོ། ། དེ་ཕྱིར་ན་སྣང་སྟོང་བདེན་གཉིས་དང་གནས་སྣང་བདེན་གཉིས་འགལ་མེད་ཡིན་ནོ། །  དེ་མི་འགལ་བའི་གནད་དེ་ཡང་འཁོར་ལོ་བར་ཐ་གཉིས་མི་འགལ་བའི་གནད་ཀྱིས་གྲུབ་བོ། །

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4726