དེ་ཡང་སྤྱིར་ན་ཤེར་ཕྱིན་མཚན་བཏགས་འདི་ལ་བཀྲལ་ཚུལ་མི་འདྲ་བའི་ལུགས་ཆེན་པོ་གཉིས་ཡོད་པར་གོ་ན། དཀའ་གནད་མང་པོ་ཞིག་རང་གྲོལ་དུ་འགྱུར་བར་སེམས་སོ། །དེས་ན་དབུ་མ་རང་སྟོང་པའི་སློབ་དཔོན་ཟླ་བ་གྲགས་པའི་འཇུག་པ་རྩ་འགྲེལ་གྱིས་བཀའ་བར་པའི་དངོས་བསྟན་གྱི་དགོངས་པ་རྩལ་དུ་བཏོན་པའི་ཚེ་ན་ཤེར་ཕྱིན་མཚན་བཏགས་ཇི་ལྟར་འཇོག་པའི་ཚུལ། དབུ་མ་གཞན་སྟོང་པའི་སློབ་དཔོན་རྒྱལ་ཚབ་བྱམས་མགོན་གྱི་མངོན་རྟོགས་རྒྱན་གྱིས་བཀའ་བར་པའི་སྦས་དོན་གྱི་དགོངས་པ་རྩལ་དུ་བཏོན་པའི་ཚེ་ན་ཤེར་ཕྱིན་མཚན་བཏགས་ཇི་ལྟར་འཇོག་པའི་ཚུལ་གཉིས་ལས།
དང་པོ་ནི། འཇུག་པ་རྩ་འགྲེལ་གྱིས་བཀའ་བར་པའི་དངོས་བསྟན་གྱི་དགོངས་པ་རྩལ་དུ་བཏོན་པའི་ཚེ་ན། ཤེར་ཕྱིན་མཚན་བཏགས་ནི། འབྲས་བུ་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་དང་། གཞན་གསུམ་བཏགས་པ་བར་བཞེད་དགོས་སོ། །དེ་ལྟར་ཡང་སྤྱི་དོན་བདུད་རྩིའི་ཉིང་ཁུ་ལས།༼ཤེར་ཕྱིན་མཚན་བཏགས་བཤད་པའི་སྐབས་སུ།༽ཕྱོགས་གླང་། ཟླ་གྲགས། སེང་བཟང་རྣམས་འབྲས་བུ་ཤེར་ཕྱིན་མཚན་ཉིད་པ་དང་། གཞན་བཏགས་པ་བར་བཞེད་དེ། བརྒྱད་སྟོང་དོན་བསྡུས། འཇུག་འགྲེལ། འགྲེལ་ཆེན་རྣམས་ལས་དེ་ལྟར་བཤད་པའི་ཕྱིར། ཞེས་དང་། འཇུག་པ་རང་འགྲེལ་ལས། དེ་ལ་ཕ་རོལ་ཞེས་བྱ་བ་ནི་གང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དང་ངོགས་ཏེ། ཉོན་མོངས་པ་དང་ཤེས་བའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉིད་དོ། ། ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་སྟེ། ཞེས་གསུངས་པ་ལྟར་འཇུག་པ་རྩ་འགྲེལ་གྱིས་བཀའ་བར་པའི་དངོས་བསྟན་གྱི་དགོངས་པ་རྩལ་དུ་བཏོན་པའི་ཚེ་ན། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་དབྱེར་མེད་དུ་གྱུར་བར་ཁས་མི་ལེན་ལ། ཡུལ་སྟོང་པ་ཉིད་འདུས་མ་བྱས་དང་ཡུལ་ཅན་ཡེ་ཤེས་འདུས་བྱས་སུ་འདོད་ལ། དེའི་ཚེ་ན་ཡུལ་གྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ལ་དབུ་མ་མཚན་ཉིད་པ་དང་ཡུལ་ཅན་གྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ལ་ཤེར་ཕྱིན་མཚན་ཉིད་པར་འཇོག་དགོས་པར་སེམས་སོ། །སྤྱིར་ན་དབུ་མ་རང་སྟོང་པའི་དགོངས་པ་རྩལ་འདོན་གྱི་སྐབས་ལ་ཡུལ་ཅན་ཡེ་ཤེས་འདུས་མ་བྱས་ཡིན་པའི་སྒྲུབ་བྱེད་ཅི་ཡང་མེད་ལ། དེས་ན་འཇུག་པ་རྩ་འགྲེལ་ནི་དབུ་མ་རང་སྟོང་པའི་དགོངས་པ་རྩལ་དུ་འདོན་པའི་གཞུང་ཞིག་ཡིན་ལ། དེས་དབུ་མ་རང་སྟོང་པའི་དགོངས་པ་རྩལ་དུ་བཏོན་པའི་ཚེ་ན་ཡུལ་ཅན་ཡེ་ཤེས་འདུས་མ་བྱས་སུ་ཁས་མི་ལེན་ཏེ། བདེན་བཞི་བདེན་པ་གཉིས་སུ་བསྡུས་པའི་ཚེ་ན་ལམ་གྱི་བདེན་པ་ཀུན་རྫོབ་བདེན་པའི་ཁོངས་སུ་བསྡུས་པའི་ཕྱིར་ཏེ། འཇུག་པ་རང་འགྲེལ་ལས། དེ་ལ་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའོ། ། ཞེས་གསུངས་པས་སོ། །དེ་བཞིན་དུ་ཀུན་མཁྱེན་མི་ཕམ་པའི་དབུ་མཐའི་འགྲེལ་བ་འོད་ཟེར་ཕྲེང་བ་རུ་ལམ་བདེན་འདུས་བྱས་སུ་ཁས་ལེན་དགོས་པར་གསུངས་པ་འདི་ལྟར་ཏེ། དེ་ཉིད་ལས།༼བདེན་བཞི་བཤད་ཟིན་པའི་འོག་ཏུ།༽འདི་ཐམས་ཅད་ནི་ལས་ཉོན་གྱི་རྒྱུ་ལས་འདུས་བྱས་ཤིང་མི་རྟག་པའི་ཕྱིར་ན་འདུས་བྱས་ཞེས་བྱའོ། །རབ་ཏུ་ཞི་བ་འགོག་པ་དང་། དོན་ནི་ལམ་གྱིས་དམིགས་ཡུལ་དེ་བཞིན་ཉིད་དང་བཅས་པ་འདི་དག་འདུས་མ་བྱས་པའོ། །དེ་བཞིན་ཉིད་ཀྱི་ཡུལ་ཅན་ལམ་དེ་ཡང་ཞི་བར་བྱེད་པས་ན་ཞི་བར་གཏོགས་ཤིང་ལས་ཉོན་གྱིས་འདུས་མ་བྱས་པའི་ཆ་ནས་འདུས་མ་བྱས་པའི་ཐ་སྙད་བཏགས་པ་ལ་འགལ་བ་མེད་ཀྱང་། ལམ་རང་གི་ངོ་བོ་སྐྱེ་འགག་དང་བཅས་པས་ན་འདུས་མ་བྱས་མཚན་ཉིད་པར་མི་བཞག་གོ །ཞེས་གསུངས་པ་ལྟར་རོ། །དེ་བཞིན་ལམ་དབུ་མ་དང་འབྲས་བུ་དབུ་མ་གཉིས་ནི་གཞི་དབུ་མ་མཚན་ཉིད་པར་མི་བཞེད་དེ། དེ་ལྟར་ཡང་རབ་གསལ་རྒལ་ལན་ལས། དེས་ན་ཆོས་ཐམས་ཅད་གདོད་ནས་ཡོད་མེད་ཀྱི་མཐའ་གཉིས་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བདེན་གཉིས་ཟུང་འཇུག་ནི་གཞི་དབུ་མ་ཡིན་ཅིང་། དེ་ཇི་བཞིན་དུ་རྟོགས་པ་མཐའ་གང་དུའང་མི་གནས་པའི་ཡེ་ཤེས་དངོས་སམ་རྗེས་མཐུན་པ་ལམ་དབུ་མ། དེས་འབྲས་བུའི་དབུ་མ་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་སྐུ་གཉིས་ཟུང་འཇུག་གི་སངས་རྒྱས་སྒྲུབ་པ་ཡིན་ནོ། ། ཞེས་དང་། ངེས་ཤེས་སྒྲོན་མེ་ལས། རང་ལུགས་འདི་ལྟར་ཤེས་པར་བྱ། །དབུ་མ་མཚན་ཉིད་པ་ཡིན་ན། །ཟུང་འཇུག་དབུ་མ་ཆེན་པོའམ། །སྤྲོས་བྲལ་དབུ་མ་ཡིན་དགོས་ཏེ། ། ཞེས་དང་། དམ་ཆོས་དོགས་སེལ་ལས། སྤྲོས་མཐའ་བརྒྱད་དང་བྲལ་བའི་སྟོང་པ་ཉིད་རྣམ་གྲངས་མིན་པའི་དོན་དམ་ལ་བདེན་གཉིས་ཟུང་འཇུག་གི་དབུ་མ་ཞེས་བརྡ་བཏགས་པ་ཡིན་ལ་དེ་བརྗོད་བྱ་དོན་གྱི་དབུ་མ་མཚན་ཉིད་པ་ཡིན་པ་འགྱུར་ན་དེ་ལ་དམིགས་པའི་ཡུལ་ཅན་སོགས་བཏགས་པ་བ་ཡིན་པའང་གྲུབ་པའི་གཞིར་བརྗོད་པ་གཞན་ལ་དགོས་པ་མེད་དོ། ། ཞེས་དང་། བོད་སྤྲུལ་ལྟ་གྲུབ་ཤན་འབྱེད་ལས། རང་བཞེད་ནི་རབ་གསལ་བརྒལ་ལན་དུ་མཐའ་ཀུན་དང་བྲལ་བའི་གནས་ལུགས་གཞི་དབུ་མ་ཡིན་ལ་ཞེས་སོགས་ལན་མང་དུ་གསུངས་ཤིང་། དོགས་སེལ་དུ་ཡང་། གཞི་དབུ་མ་དབུ་མ་མཚན་ཉིད་པར་བསྒྲུབས་ཤིང་། ཚུལ་དེས་ལམ་དང་འབྲས་བུ་ཡང་དབུ་མ་བཏགས་པར་གྲུབ་ཚུལ་གསུངས་པར་ལྟར་སྤྲོས་མཐའ་ཀུན་བྲལ་གྱི་གནས་ལུགས་གཞིའི་དབུ་མར་བཞེད་ཅིང་། ཚུལ་དེས་ལམ་དང་འབྲས་བུ་གཉིས་ཀྱང་དབུ་མར་བཏགས་ཏེ་བསྟན་པར་མཛད་དོ། ། ཞེས་སོགས་གསུངས་པ་ལྟར་རོ། །དེ་ལྟར་ན་འདིའི་ལུགས་ལ་འབྲས་བུ་དབུ་མ་དང་ལམ་དབུ་མ་དངོས་ནི་གཞི་དབུ་མའམ་སྤྲོས་མཐའ་བརྒྱད་དང་བྲལ་བའི་སྟོང་པ་ཉིད་རྣམ་གྲངས་མིན་པའི་དོན་དམ་དུ་མི་བཞེད་པར་གསལ་བས་འདིའི་ལུགས་ལ་འདི་གཉིས་འདུས་མ་བྱས་སུ་ཁས་ལེན་གྱིན་མེད་པར་མངོན་ནོ། །དེས་ན་དབུ་མ་རང་སྟོང་པའི་སློབ་དཔོན་ནང་ཆེ་ཤོས་རྣམས་ཀྱིས་ཤེར་ཕྱིན་མཚན་བཏགས་འཆད་པའི་ཚེ་ན་འབྲས་བུ་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་དང་། གཞན་གསུམ་བཏགས་པ་བར་བཞེད་ཀྱིན་ཡོད་ལ། དེ་ལྟར་བཞེད་དགོས་པའི་གནད་འགག་ཀྱང་འདི་འདྲ་ཞིག་ལ་ཐུག་ཡོད་པར་སེམས་སོ། །
གཉིས་པ་ནི། མངོན་རྟོགས་རྒྱན་གྱིས་བཀའ་བར་པའི་སྦས་དོན་གྱི་དགོངས་པ་རྩལ་དུ་བཏོན་པའི་ཚེ་ན། གཞི་ལམ་འབྲས་གསུམ་གྱི་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་དང་། གཞན་བཏགས་པ་བར་བཞེད་དགོས་སོ། །དེ་ལྟར་ཡང་ཟླ་བ་སྙིང་པོས་ཞུས་པ་ལས། རིགས་ཀྱི་བུ་དེ་ལ་ཟག་པ་མེད་པའི་ཤེར་ཕྱིན་ནི་མཐོང་བའི་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཞེས་གསུངས་པས་ན་མཐོང་བའི་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེར་ཕྱིན་ཏུ་བསྟན་པས་སོ། །སློབ་དཔོན་ཐོགས་མེད་ཀྱིས་ཀྱང་དགོངས་པ་དེ་བཞིན་བཀྲལ་ཏེ། དེ་ཉིད་ཀྱིས་མཛད་པའི་ཐེག་བསྡུས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ། ཞེས་དང་། ཡང་དེ་ཉིད་ལས། རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐའ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་བཅས་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་ཁྱད་མེད་དུ་བཞག་པས་སོ། །ཀུན་མཁྱེན་ཀློང་ཆེན་པས་ཀྱང་དེ་བཞིན་དུ་གསུངས་ཏེ། དེ་ཉིད་ཀྱིས་མཛད་པའི་ཡིད་བཞིན་མཛོད་འགྲེལ་ལས། དབྱིངས་ལྷུན་གྱིས་གྲུབ་པའི་རང་རིག་རང་བྱུང་གི་ཡེ་ཤེས་འདི་ལ་མིང་གི་རྣམ་གྲངས་ངེས་པ་ནི། རྟོགས་ན་མྱ་ངན་ལས་འདའ་ཞིང་མ་རྟོགས་ན་འཁོར་བ་འབྱུང་བའི་ཆ་ནས་དབྱིངས་ཞེས་བྱ་ཞིང་། སེམས་ཀྱི་དམ་པ་ཞེས་བྱ་སྟེ། ཡེ་ནས་འདུས་མ་བྱས་སུ་རང་ལ་རང་ཆས་སུ་ཡོད་པའི་ཆ་ནས། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་བྱའོ། ། སངས་རྒྱས་ཀྱི་ཆོས་ཀུན་ཚང་བར་ཡོད་པས། བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱའོ། །དྲི་མས་བསྒྲིབས་པའི་ཆ་ནས་དོན་གྱི་ཀུན་གཞི་དང་ཁམས་ཞེས་བྱའོ། །གནས་ལུགས་ཡིན་པས་དོན་དམ་བདེན་པ་ཞེས་བྱའོ། །གདོད་མ་ནས་དག་པས་འོད་གསལ་བའི་ཡེ་ཤེས་ཞེས་བྱའོ། །ཡོད་མེད་སྒྲོ་སྐུར་གྱི་མཐའ་ལས་འདས་པས། ཟབ་མོ་སྟོང་པ་ཉིད་དབུ་མའི་རང་བཞིན་ཞེས་བྱའོ། །སྤྲོས་པ་ཐམས་ཅད་ཀྱི་མཐའ་ལས་གྲོལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྟོང་གསལ་གཉིས་སུ་མེད་པས་བདེན་པ་དབྱེར་མེད་ཅེས་བྱའོ། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་བཞིན་ཉིད་ཅེས་བྱའོ། །ཞེས་གསུངས་པ་ལྟར་དུ་དབྱིངས་ལྷུན་གྱིས་གྲུབ་པའི་རང་རིག་རང་བྱུང་གི་ཡེ་ཤེས་དང་། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས། བདེ་བར་གཤེགས་པའི་སྙིང་པོ། དོན་གྱི་ཀུན་གཞི་དང་ཁམས། དོན་དམ་བདེན་པ། འོད་གསལ་བའི་ཡེ་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་ཉིད་ཅེས་པ་རྣམས་ནི་མིང་གི་རྣམ་གྲངས་ངེས་པར་བཞག་པས་ན། གཞི་ཤེར་ཕྱིན་དང་དེ་ཇི་བཞིན་རྟོགས་པའི་ཡེ་ཤེས་དངོས་དང་འབྲས་བུ་ཤེར་ཕྱིན་གསུམ་ཤེར་ཕྱིན་མཚན་ཉིད་པར་འདོད་དགོས་པར་འོས་མེད་ཀྱིས་གྲུབ་པས་སོ། །སྤྱིར་ན་མངོན་རྟོགས་རྒྱན་གྱིས་བཀའ་བར་པའི་སྦས་དོན་གྱི་དགོངས་པ་རྩལ་དུ་བཏོན་པའི་ཚེ་ན། རྣམ་མཁྱེན་དང་ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་སོགས་འདུས་མ་བྱས་ཁས་ལེན་དགོས་ལ། ཡུལ་རྣམ་གྲངས་མིན་པའི་དོན་དམ་བདེན་པ་དང་ཡུལ་ཅན་ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་སོགས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་གྱུར་བར་འདོད་པས་ན། ཤེར་ཕྱིན་མཚན་ཉིད་པ་ཡིན་ན་འབྲས་བུ་ཤེར་ཕྱིན་རྐྱང་པ་ཡིན་མི་དགོས་སོ། །དེས་ན་མངོན་རྟོགས་རྒྱན་གྱིས་བཀའ་བར་པའི་སྦས་དོན་གྱི་དགོངས་པ་རྩལ་དུ་བཏོན་པའི་ཚེ་ན། རྣམ་མཁྱེན་དང་ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་སོགས་འདུས་མ་བྱས་ཁས་ལེན་དགོས་པའི་ཤེས་བྱེད་ཅི་ཡོད་ཅེ་ན། སྡུད་པ་རྒྱན་སྦྱར་ལས། དེ་ཡང་གཟུང་འཛིན་གཉིས་སྣང་གི་བག་ཆགས་ཀྱིས་བསླད་པའི་རིང་ལ་ཆོས་ཐམས་ཅད་མཉམ་པ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་གཟིགས་མི་ནུས་ལ། གཉིས་སུ་སྣང་བའི་ངོར་ཆོས་ཅན་ཐ་དད་པ་དང་དུས་ཐ་དད་པ་དང་། དེའི་ཆོས་ཉིད་ཐ་དད་པའི་གཉིས་ཆོས་སུ་སྣང་བས་ཤེས་བྱ་མཐའ་དག་གི་བདེན་གཉིས་ཅིག་ཅར་གཟིགས་པ་མི་སྲིད་ཀྱང་གཉིས་སྣང་གི་བག་ཆགས་དྲུང་ནས་འབྱིན་པ་རྒྱུན་མཐའི་ཡེ་ཤེས་སྐྱེས་པའི་ཚེ་མཉམ་པ་ཉིད་ཀྱི་དོན་མཐར་ཐུག་པ་གཟིགས་པས་ན། མཉམ་པ་ཉིད་ཀྱིས་བསྡུས་པའི་ཆོས་ཤེས་བྱ་མ་ལུས་པའང་དེ་དང་རོ་མཉམ་དུ་གཟིགས་ཤིང་དེ་ལས་གཡོ་བའང་མི་སྲིད་པར་བདེན་གཉིས་གཅིག་ཅར་དུ་གཟིགས་པ་ཤེས་བྱ་སྟེ། ཆོས་ཉིད་ཀྱི་གཤིས་ལ་སྐྱེ་འགག་མ་གྲུབ་པས་འདི་ལ་སྔ་ཕྱི་བར་གསུམ་གྱི་ཆ་སོགས་མཚན་མས་སྤྲོས་པས་གཞག་ཏུ་མེད་དེ། བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་ནའང་། གཉིས་སྣང་གི་བསླད་པ་ཅན་གྱི་གདུལ་བྱ་གང་ཞིག་དུས་གསུམ་སྐྱེ་འགག་ཏུ་སྣང་བ་ཅན་གྱི་ངོར། སྐད་ཅིག་རེ་རེ་བཞིན་དུའང་གདུལ་བྱའི་རྒྱུད་དང་སྐྱེ་འགག་གི་ཆོས་དེ་དག་མཁྱེན་ཅིང་དོན་མཛད་པའི་རང་སྣང་གི་ཆ་ནས་རྣམ་མཁྱེན་སྐད་ཅིག་མ་ལྟར་དུ་སྣང་བ་ལས་གཟུང་མི་ཤེས་པས་རྣམ་མཁྱེན་ནི་མི་རྟག་པའོ་ཞེས་སུའང་བཞག་ལ་དེ་བཞིན་ཉིད་ཀྱི་ཚུལ་ལ་ངེས་པ་མ་སྐྱེས་པའི་བྱིས་པ་དང་མུ་སྟེགས་རྣམས་དང་རྩོད་པ་ན་དེ་ལྟར་འཆད་པར་བྱའོ། །རང་གི་ངོ་བོ་ལ་ཆོས་ཉིད་དང་གཉིས་སུ་དབྱེར་མེད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུ་སྐྱེ་འགག་མེད་པའི་དོན་གྱིས་གཞལ་ནས། དུས་གསུམ་ཀུན་ཏུ་ཡང་ཆོས་ཉིད་ཀྱི་སྐུ་འཕོ་འགྱུར་མེད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་འདུས་མ་བྱས་རྟག་པའོ་ཞེས་སུའང་མདོ་ལས་གསུངས་པ་ལྟར་སྔགས་རྒྱུད་རྣམས་སུའང་དེ་ལྟར་གསུངས་པ་ནི་སོ་སོ་རང་གིས་ཟབ་མོའི་དོན་ཁོང་དུ་ཆུད་པའི་རྗེས་ཀྱི་ངེས་པ་ལ་དེ་ལྟར་གནས་སོ། །ཞེས་དང་། ཡང་དེ་ཉིད་ལས། དེས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྲིད་ཞི་མཉམ་པ་ཉིད་ཀྱི་དོན་ལ་གློ་བུར་གྱི་སྒྲིབ་པ་ལམ་གྱིས་བསལ་སྟོབས་ཀྱིས་དྲི་མ་མཐའ་དག་ལོག་པའི་དེ་བཞིན་ཉིད་ཟུང་འཇུག་ཆེན་པོ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུར་བརྗོད་པ་ཡིན་ནོ། ། ཞེས་གསུངས་པ་ལྟར་དུ་རྣམ་མཁྱེན་ནི་སེམས་ཀྱི་ཆོས་ཉིད་དྲི་མ་བྲལ་རིམ་བཞིན་དུ་མིང་སོ་སོར་འགྱུར་ཏེ་མཐར་སྤངས་རྟོགས་ཡོངས་སུ་རྫོགས་པའི་ཚེ་ན་སྤངས་བ་ངོ་བོ་ཉིད་སྐུ་དང་རྟོགས་པ་ཡེ་ཤེས་ཆོས་སྐུ་ཞེས་མཚན་སོ་སོར་གསོལ་བའི་ཆོས་ཉིད་དུ་འདོད་དགོས་པར་གསུངས་ལ། དེ་བཞིན་དུ་སེམས་ཀྱི་ཆོས་ཉིད་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་དང་བཅས་པའི་ཚེ་ན་དེ་ལ་གཞི་ཤེར་ཕྱིན་ནམ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་མཚན་གསོལ་ལ་དེ་དྲི་མ་དང་བྲལ་རིམ་བཞིན་དུ་མིང་སོ་སོར་འགྱུར་ལ་དཔེར་ན་དེ་མཐོང་སྤང་དང་བྲལ་བའི་ཚེ་ན་དེ་ལ་ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་ཞེས་མཚན་གསོལ་ལ། དེའི་ཚེ་ན་ཐེག་ཆེན་མཐོང་ལམ་མཉམ་བཞག་པའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་ལས་ལོགས་སུ་གྱུར་བའི་ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་མེད་ལ། ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་ལས་ལོགས་སུ་གྱུར་བའི་དེའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་ཅིག་མེད་པས་སོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ངོ་བོ་ཉིད་ལ་སོགས་པའི་དོན། །འདི་དྲུག་གིས་ནི་བསྡུས་པ་ཡི། །ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། ། གཞན་ཡང་ཐེག་ཆེན་མཐོང་ལམ་མཉམ་ཡེ་ཤེས་སོགས་འདུས་མ་བྱས་སུ་ཁས་ལེན་དགོས་ཏེ་རྣམ་མཁྱེན་འདུས་མ་བྱས་སུ་བཞེད་དགོས་པར་གང་ཞིག་མཚུངས་པའི་ཕྱིར་ཏེ། སྡུད་པ་རྒྱན་སྦྱར་ལས།༼དེས་ན་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་གཅིག་པུ་ལ་ལྡོག་ཆས་ཕྱེ་ན། གནས་པའི་ཆ་བསམ་གཏན་ཡིན་ལ་དེ་ཡང་གནས་མི་གནས་ཀྱི་མཚན་མ་ཡོངས་སུ་ཟད་པའི་བསམ་གཏན་ཆེན་པོའོ། ། དེ་བཞིན་དུ་བརྩོན་མི་བརྩོན་ཞི་བའི་ལྷུན་གྱིས་གྲུབ་པའི་བརྩོན་པ་ཆེན་པོ། བཟོད་མི་བཟོད་ཀྱི་མཚན་མ་ཡོངས་སུ་ཞི་བའི་རྣམ་པ་ཀུན་ཏུ་མི་འཁྲུགས་པའི་བཟོད་པ་ཆེན་པོ། འཆལ་བ་དང་འཆལ་མིན་དུ་དམིགས་པ་ཟད་པས་འཆལ་བའི་དྲི་མ་ཡོངས་སུ་ཟད་པའི་ཚུལ་ཁྲིམས་ཆེན་པོ། ཆགས་པ་དང་མ་ཆགས་པ་མི་དམིགས་པས་མཚན་མའི་ཆགས་པ་ཕྲ་མོ་དང་བྲལ་བ་སྦྱིན་པ་ཆེན་པོ་སྟེ། ༼སྣང་ཆ་སྦྱིན་སོགས་དང་སྟོང་ཆ་ཤེས་རབ་ཀྱི་ངོ་བོ་ཟུང་དུ་ཞུགས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་འགྱུར་བས༽་ཕར་ཕྱིན་ཀུན་སྡུད་པ་ཡིན་པའི་གནད་ལ་མཁས་པར་བྱ་བ་ནི་ཤེར་ཕྱིན་ཉམས་ལེན་གྱི་མདོ་འགག་ཡིན་པས། ཐབས་ཤེས་ཟུང་འཇུག་གི་ཤེར་ཕྱིན་ཟབ་མོའི་སྦྱོར་བ་ལ་མཁས་པར་བྱའོ། །ཞེས་གསུངས་པ་ལྟར་དུ་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་གཅིག་པུ་ལ་སྣང་ཆ་ནས་སྦྱིན་སོགས་དང་སྟོང་ཆ་ནས་ཤེས་རབ་དང་ཟུང་དུ་འཇུག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་བསྟན་པས་སོ། །དབུ་མ་རྒྱན་འགྲེལ་ལས། དེས་ན་ཇི་སྲིད་འཛིན་པ་དང་བཅས་ཤིང་བདེན་གཉིས་རོ་གཅིག་ཏུ་མ་གྱུར་པ་དེ་སྲིད་དུ་རྣམ་པར་རྟོག་པའི་བློའི་སྤྱོད་ཡུལ་ལས་མ་འདས་པས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཤེར་ཕྱིན་མཚན་ཉིད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་འཐོབ་པས། ཐལ་འགྱུར་པས་དང་པོ་ནས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་དུ་གཏན་ལ་ཕབ་པ་ཡིན་ཏེ། ཞེས་དང་། ཀེ་ཏ་ཀ་ལས། སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མངོན་དུ་མ་བྱས་པ་དེ་སྲིད་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་པས། ཞེས་གསུངས་པས་ན་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་སློབ་ལམ་གྱི་ཤེར་ཕྱིན་ཞིག་ཡོད་པས་སོ། །སྔ་འགྱུར་བའི་ཡིག་ཆ་འཛིན་པ་ཁ་ཅིག་གིས། རྣམ་མཁྱེན་འདུས་མ་བྱས་སུ་ཞལ་གྱིས་བཞེས་ནས་སློབ་ལམ་གྱི་ལམ་བདེན་ཐམས་ཅད་འདུས་བྱས་སུ་བཞེད་དགོས་ཞེས་ལབ་སྟེ་ཁུངས་ཀྱང་གྲུབ་མཐའ་རིན་པོའི་ཆེའི་མཛོད་ལ་བཅོལ་ཞིང་དེར་ཐེག་ཆེན་མཐོང་ལམ་སོགས་ཀྱི་མཚན་ཉིད་གསུངས་པ་ལས་གོ་ཐུབ་ཅེས་ལབ་ཀྱང་འཐད་པར་མ་མཐོང་སྟེ། དེ་ལྟར་ན་རྣམ་མཁྱེན་ཡང་འདུས་བྱས་སུ་ཐལ་ཏེ། དེ་ཉིད་ལས། ཐེག་ཆེན་མཐོང་ལམ་རྫོགས་པའི་རྗེས་ལས་འབྱུང་ཞིང་ཐེག་ཆེན་གྱི་དགེ་བས་བསྡུས་པ་གང་ཞིག་ཐེག་ཆེན་མི་སློབ་པའི་ལམ་གྱི་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ། ། ཞེས་གསུངས་པས་སོ། །དེས་ན་རང་གིས་འདི་ལ་གོ་བ་འདི་ལྟར་ལེན་དགོས་སྙམ་སྟེ། སྤྱིར་འདུས་མ་བྱས་ཀྱི་སྒྲས་བསྟན་པ་ལ་བཞི་ཡོད་པར་ཀོང་སྤྲུལ་གྱི་རྒྱུད་བླ་མའི་འགྲེལ་བ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ་རུ་གསུངས་ཏེ། དེ་ཉིད་ལས། སྤྱིར་འདུས་མ་བྱས་ཀྱི་སྒྲས་བསྟན་པ་ལ་བཞི་སྟེ། རྒྱུ་རྐྱེན་གྱིས་སྐྱེ་འགག་ཡོད་མེད་དང་། ལས་ཉོན་གྱིས་སྐྱེ་འགག་ཡོད་མེད་དང་། ཡིད་ཀྱི་ལུས་ཀྱིས་སྐྱེ་བ་དང་བསམ་གྱིས་མི་ཁྱབ་པའི་འཆི་བའི་འགག་པ་ཡོད་མེད་དང་། གདུལ་བྱ་ལ་སྐྱེ་འགག་ཏུ་སྣང་བ་ཡོད་མེད་ལ་འདུས་མ་བྱས་སུ་བྱས་པའོ། །ཞེས་གསུངས་པ་ལྟར་གདུལ་བྱ་ལ་སྐྱེ་འགག་གམ་བསྐྱེད་བྱ་སྐྱེད་བྱེད་དམ་འཐོབ་བྱ་ཐོབ་བྱེད་དུ་སྣང་བའི་ཆ་ནས་འདུས་བྱས་སམ་སྐད་ཅིག་མའི་སྒྲས་བསྟན་པ་ཙམ་ལས་འདུས་བྱས་མཚན་ཉིད་པ་ཡིན་དགོས་པའི་དོན་དུ་མི་སྣང་ངོ་། ། དེ་ལྟར་ཡང་སྟོང་ཐུན་སེང་གེའི་ང་རོ་ལས། ཚུལ་འདི་ནི་ཕྱི་རོལ་མུ་སྟེགས་ཅན་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་ངོ་བོར་གནས་གྱུར་པའི་ཚུལ་ལ་བློ་མ་སྦྱངས་པའི་ཐེག་པ་ཐུན་མོངས་པའི་ངོར་དེ་ལྟར་སྒྲུབ་དགོས་ཏེ། རྣམ་ཤེས་ཀྱི་ངོར་སྣང་ཚུལ་ལ་དེ་ལས་གཞན་དུ་འཆར་བའི་ཐབས་ཅི་ཡང་མེད་དོ། །འོན་ཀྱང་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་གཟིགས་པའི་དབང་དུ་བྱས་ན་རྣམ་མཁྱེན་རྟག་པར་འགྲུབ་སྟེ། དེ་མི་རྟག་པའི་སྒྲུབ་བྱེད་དུ་བཀོད་པའི་ཤེས་བྱ་སྐད་ཅིག་མར་སྐྱེ་འགག་བྱེད་པ་དང་། ཡུལ་ཅན་ཡེ་ཤེས་ཀྱང་སྐད་ཅིག་རིམ་ཅན་དུ་འབྱུང་བ་སོགས་ནི་གནས་ཡོངས་སུ་མ་གྱུར་པ་རྣམས་ཀྱི་སྣང་ངོར་དེ་ལྟར་སྣང་བར་ཟད་ཀྱི། ཞེས་གསུངས་པ་ལྟར་རོ། །
ཞེས་དངོས་ཉིས་ཟིན་བྲིས་སུ་བཏབ་པ་ལགས་སོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4723
དཔྱད་མཆན་སྤེལ།