སྤྱིའི་ཆ་ནས་བརྗོད་པའི་གཏམ།

ཕྲན་ནི་དམ་པ་རྣམས་ཀྱི་རྣམ་ཐར་དང་རང་རྣམ་ཀློག་པར་སྤྲོ་བ་ཡོད་མཁན་ཞིག་ཡིན་པས་ད་ཐེངས་ཀྱང་རང་ཉིད་ཀྱི་སློབ་སྦྱོང་གི་ཁྲོད་ནས་རྣ་ཐོས་དང་། གོ་ཐོས་མང་ཞིང་། ཁོང་གི་གསུང་ཆོས་འགའ་ཞིག་ལ་མཇལ་མྱོང་བའི་དབང་གིས་ཆ་མེད་ནང་གི་རྒྱུས་ཡོད་ལྟ་བུ་གྱུར་པའི་མཁས་གྲུབ་གཉིས་ལྡན་སྟེ་དུས་རབས་བཅུ་དགུ་པའི་༡༨༡༣-༡༨༩༩ནང་དུ་བྱོན་པའི་མཚན་ལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། ཡང་ན་ཟབ་རྒྱས་མཛོད་ཆེན་རྣམ་ལྔའི་ཤིང་རྟ་པ་ཆེན་པོའམ། ཡོངས་སུ་གྲགས་པའི་མཚན་ལ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སུ་གྲགས་པའི་སྐྱེ་ཆེན་འདིའི་རང་རྣམ་ལ་ཞིབ་ཚགས་མེད་པར་འགྲོ་འཆག་གཉིས་ཀྱི་བར་ནས་ཚར་གཅིག་བཀླགས་པས་ཟ་ཟུར་ནས་ཁོང་གི་རྣམ་ཐར་དང་འབྲེལ་བའི་ཚོར་རྟོག་གི་སྐད་ཆ་ཁ་ཤས་ཤིག་ལ་འཇུག་པར་འདོད།

དེ་ལ་བརྗོད་དོན་དང་འབྲེལ་ནས་རྣམ་ཐར་དང་རང་རྣམ་ཞེས་པའི་ཚད་ཐིག་ལ་ཐོག་མར་ཅུང་ཟད་བསམ་ན་རྣམ་ཐར་ཞེས་པ་ལ་འཇམ་མགོན་ཀོང་སྤྲུལ་པའི་རང་རྣམ་དེ་ཉིད་ལས།

དེ་ལ་སྤྱིར་རྣམ་ཐར་ཅེས་པ་ནི་བི་མོཀྵའི་སྒྲ་ལས་རྣམ་པར་ཐར་པའམ་རྣམ་པར་གྲོལ་བ་སྟེ་གང་ཟག་ཐ་མ་དད་པ་རྣམ་པར་དག་པ་དང་ལྡན་པས་ངན་འགྲོའི་སྲིད་པ་ལས་རྣམ་པར་ཐར་པ་དང་། འབྲིང་ངེས་འབྱུང་རྣམ་པར་དག་པ་དང་ལྡན་པས་འཁོར་བའི་རྒྱ་མཚོ་ལས་རྣམ་པར་ཐར་པ་དང་། རབ་ལྷག་བསམ་རྣམ་པར་དག་པ་དང་ལྡན་པས་སྲིད་ཞིའི་མཐའ་གཉིས་ལས་རྣམ་པར་གྲོལ་བའི་ལོ་རྒྱུས་བཤད་པ་སྟེ། མདོར་ན་རང་ཉིད་སྡུག་བསྔལ་དང་དེའི་རྒྱུ་ལས་རྣམ་པར་ཐར་ཞིང་གཞན་རྒྱུད་འཆིང་བ་ལས་གྲོལ་བར་བྱེད་པའི་ལོ་རྒྱུས་རྨད་དུ་བྱུང་བ་ཞིག་ལ་བརྗོད་པ་ཡིན་ལ། དེ་ལྟར་བརྗོད་པའི་དགོས་པའང་རྒྱུ་མཚན་དེ་མཐོང་བ་དང་། ཐོས་པ་པོའི་རྒྱུད་ལ་དད་པ་རྣམ་པ་གསུམ་ཀའམ་གང་རུང་སྐྱེད་པར་བྱེད་ཅིང་། །དེ་སྐྱེས་པས་རིགས་ཀྱི་ནུས་པ་སད་ཅིང་ཐར་པའི་ས་བོན་འཇོག་པར་བྱེད་པ། ཞེས་རྣམ་ཐར་ཞེས་པའི་ངེས་ཚིག་འདི་ལ་ཚད་གཞི་རྒྱ་ཆེ་ཙམ་ནས་གསུངས་ཡོད་པ་བཞིན་ཡིན་ནའང་དོན་གྱིས་རྣམ་ཐར་རང་ངོས་ནས་ལོ་རྒྱུས་རིག་པའི་ཁོངས་སུ་གཏོགས་པ་ཞིག་ཡིན་དགོས་ངེས་ལ། དེ་ལས་ཀྱང་རྟོགས་བརྗོད་དང་སྐྱེས་རབས་དང་རྣམ་ཐར་ནི་རིམ་བཞིན་བྱུང་བའི་འཕེལ་རིམ་ཞིག་ཏུ་ངོས་འཛིན་པ་བཞིན་བྱས་ནའང་མི་ཆོག་པ་མེད་པར་སྙམ། དེ་མཚུངས་ངེད་ཅག་བོད་ཀྱི་རྣམ་ཐར་དང་རང་རྣམ་འབྲི་ཚུལ་འདི་ནི་ཆོས་ལུགས་དང་། རྩོམ་རིག་སོགས་ཕྱོགས་གང་ཅིས་ཐད་ནས་ཀྱང་རིན་ཐང་ཆེས་ཆེར་ལྡན་པ་ཞིག་ཡིན་པར་ཀུན་གྱིས་གླེང་སློང་བྱེད་ཀྱིན་ཡོད་པ་བཞིན་ཡིན་པར་འོས།

འོན་ཀྱང་རྣམ་ཐར་འབྲི་ཚུལ་དེ་ལའང་འབྲི་བ་པོའི་དད་པ་དང་། དག་སྣང་སོགས་ཅི་རིགས་ཀྱིས་ཐུན་མིན་གྱི་བསམ་མནོ་འདུ་ཤེས་ཤིག་ཀྱང་བསྲེ་ཡོད་ཡོད་འདྲ་སྟེ། དེ་ཡི་དབང་གིས་རྒྱལ་བ་གཡུང་སྟོན་པས། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེར་བརྗོད་དྲག་པས་བླ་མ་ཟོག་པོ་གཏོང་། །ཞེས་པའི་ཞལ་གསུངས་གྲགས་ཅན་ཞིག་ཡོད་པར་འདུག་པར་ནི་ཐམས་ཅད་ཀྱི་རྣ་ཐོས་སུ་གྱུར་པ་འདི་ག་རེད།

དེ་ལས་གཞན་རང་རྣམ་ཞེས་པ་ནི་གང་ཟག་རང་གི་མི་ཚེའི་ལོ་རྒྱུས་དེ་ཉིད་རང་གིས་དྲང་པོའི་ལམ་ནས་བརྗོད་པ་ཞིག་ལ་གོ་གྱིས་ཡོད་ལ། ག་གེ་མོ་གཞན་ཞིག་གིས་སྐྱེས་བུ་དེའི་རྣམ་ཐར་བྲིས་པ་ལས་རང་རྣམ་ནི་ཚད་གཞི་དེ་ལས་བདེན་པའི་ཆ་སྨྲ་བ་ཞིག་ཡིན་དགོས་པར་མ་ཟད་མི་སྣ་དེ་ཉིད་ཉམས་ཞིབ་བྱེད་པ་ལ་རང་རྣམ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་སྨོས་མི་དགོས་པ་ཞིག་རེད།

དེ་ལ་རང་རྣམ་འབྲི་ཚུལ་འདི་འཛམ་གླིང་མི་རིགས་གཞན་དག་ལྟར་སྔོན་སྔོན་ཞིག་ནས་བོད་དུ་དར་བ་དང་། དེའི་རྩོམ་ལུས་ལ་བོད་དུ་དང་པོ་ཁ་རྩོམ་མགུར་མ་ནས་འགོ་བརྩམས་པ་དང་། དེ་ནས་རིམ་བཞིན་བཅད་ལྷུག་ཅི་རིགས་སུ་འཕེལ་རིམ་གྱིས་ཆ་སྨྲས་ན་ཆོག་པར་སྙམ།

འདི་ལྟར་ཁོ་བོ་ལ་བོད་ཀྱི་རང་རྣམ་ཞེས་པའི་འཕེལ་རིམ་ལ་བསམ་མནོ་འཁོར་བ་ན་རྗེ་བཙུན་མར་པ་དང་མི་ལའི་མགུར་འབུམ་དག་ཡིད་ངོར་ལ་འཁོར་ཡོང་བ་ཞིག་རེད། རྒྱུ་མཚན་ནི་ཁོང་རྣམས་པའི་མགུར་འབུམ་གྱི་ནང་དུ་དུས་ཚོད་ཀྱི་ཆ་དང་། བླ་མ་དང་གྲོགས་མཆེད་ཀྱི་སྐོར་དང་། བྱོན་སའི་ཡུལ་དང་། མིའི་ཚེའི་དགའ་སྡུག་སོགས་ཀྱི་སྐོར་གསལ་བར་འབྱུང་བས་འདི་ནི་ཁོང་རྣམས་པའི་རང་རྣམ་གྱི་ཆ་ཤས་གལ་ཆེན་ཞིག་གྲུབ་ནས་ཡོད་པས། རང་རྣམ་ལྟར་དུ་བརྩམས་པ་དང་། རང་རྣམ་གྲུབ་ཚུལ་དངོས་ཏེ་གཉིས་སུ་གོ་བར་བྱས་ན་རྗེ་བཙུན་མར་པ་དང་། མི་ལའི་མགུར་དག་ནི་སིལ་བུའི་དུས་སུ་རང་རྣམ་ལྟར་དུ་བྲིས་པའི་བོད་ཀྱི་རྩོམ་རིག་གི་ཐོག་མ་ལྟ་བུ་ཞིག་ཏུ་ངོས་འཛིན་ན་ཨེ་ཆོག་ན་སྙམ་པའི་རྟོག་འཆར་ཞིག་འདུག་ལ། དེ་བརྟེན་གཙང་སྨྱོན་ཧེ་རུ་ཀས་བསྒྲིགས་པའི་རྗེ་བཙུན་མི་ལའི་རྣམ་ཐར་དེ་ལ་རྗེ་བཙུན་མི་ལའི་རྣམ་མགུར་ཞེས་སུ་འབོད་སྟངས་འདི་ནི་མིང་དང་དོན་མཐུན་པ་ཤིག་ཏུ་སེམས།

སྤྱིར་རང་རྣམ་གྱི་ནང་དུ་གང་ཟག་གཞན་ཞིག་གིས་རང་ཉིད་ལ་ལྟ་ཚུལ་བརྗོད་པ་ལྟར་མ་ཡིན་པར་རང་གི་བྱུང་བ་རང་ཉིད་ལ་ལྐོག་འགྱུར་དུ་མ་གྱུར་བའི་ཆ་ནས་གང་ཟག་སྒེར་ངོས་ཀྱི་སྐྱོན་ཡོན་གཉིས་ཀའི་ཕྱོགས་བརྗོད་པ་ཞིག་ཀྱང་ཡིན་འོས་ཏེ། འབྲུག་སྨྱོན་ཀུན་ལེགས་པའི་ཞལ་ནས། རང་གི་རྣམ་ཐར་རང་གིས་འབྲི་བ་ནི། །ཚུར་མཐོང་སྐྱེ་བུ་ཡ་མཚན་མིན་ན་ཡང་། །གཞན་གྱིས་བདག་གི་སྐྱོན་ཡོན་མི་རྟོགས་པས། །སྐྱོན་བཏོན་ཡོན་ཏན་སྦེད་པའི་བྱུང་ཚུལ་བཤད། །ཅེས་རང་རྣམ་འབྲི་བའི་མ་མཐའི་ཆ་རྐྱེན་ནི་སྐྱོན་གྱི་ཕྱོགས་བརྗོད་པ་ཞིག་ཡིན་དགོས་པར་བསྟན་ནས་ཡོད། ཁོང་གིས་ཇི་ལྟར་གསུངས་པ་བཞིན་དམ་པ་ཁོང་གི་རང་རྣམ་གྱི་ནང་དུ་སྦས་གསང་མེད་པར་རང་ཚུལ་ཇི་བཞིན་བརྗོད་ཡོད་པས་ངེད་ཅག་བོད་ལ་མཚོན་ན་ཀུན་ལེགས་ཀྱི་རང་རྣམ་ནི་རང་རྣམ་འབྲི་ཚུལ་ལས་ཚད་གཞི་མཐོ་བའི་ཕྱོགས་ཞིག་ནས་བྲིས་པ་ཡིན་ལ། མ་ཟད་ང་ལྟ་བུ་སྤྱོད་པ་ཟ་ངེ་ཟིང་ངེ་ཡོད་པ་དག་ལ་ཁོང་གི་རང་རྣམ་ནི་ཆེས་ཀློག་སྙིང་འདོད་ཤོས་ཀྱི་ཁོངས་སུ་གཏོགས།

བླ་མ་རྣམས་ཀྱིས་ཀྱང་རང་རྣམ་འབྲི་ཚུལ་འགོ་འཛུགས་པར་ན་སྐྱོན་ཡོན་གཉིས་ཀ་བརྗོད་པར་ཁས་ཆེས་ནའང་དཀྱུས་ལ་འཇུག་པས་ན་ཆེད་དུ་བྱ་བའི་གདུལ་བྱའི་དགོས་དབང་ངམ། ཁོང་རྣམས་པ་ནི་དམ་པའི་ཡོན་ཏན་གཅིག་པུས་སྤྲས་པ་གང་ཡིན་ཅི་ཆ་སྟེ། ང་ལྟ་བུ་ཆོས་དང་ལྐོག་གྱུར་གྱི་གནད་གསང་ཇི་ལྟ་བུ་དཔྱོད་པའི་ཤེས་རབ་དང་མི་ལྡན་པར་འདོད་ཡོན་ལ་ཅི་གར་ཆགས་ཞེན་གྱིས་མནར་བ་ལ་མཚོན་ན་སྐབས་རེ་ནི་ཁོང་རྣམས་པ་རྟོགས་པའི་ཡོན་ཏན་དང་། དག་སྣང་དང་བཙུན་ཚུགས་ཀྱིས་རྒྱན་ཆེ་བས་གང་ལ་ཡང་སྙིང་པོ་མེད་པའི་ལྟ་ཚུལ་དང་། བརྗོད་འོས་ཀྱི་གཏམ་བཤད་མ་ཐུབ་པའི་སྣང་ཚུལ་གྱི་འཆར་རྟོག་འདི་ནི་རྒྱུན་ལྡན་ཡོང་བ་ཞིག་རེད། འདི་ནི་ཁོང་རྣམ་པའི་སྐྱོན་ཞིག་མ་ཡིན་པར་ང་ལྟ་བུ་ཕལ་བའི་སྣང་ཚུལ་གཙིགས་སུ་འཛིན་པའི་ལན་ཁག་ཅིག་ཡིན་པ་སྨྲ་ཅི་ལ་དགོས།

དེ་ལས་གཞན་ཡང་གུས་པས་བཀླགས་མྱོང་བའི་བོད་ཀྱི་རང་རྣམ་འགའ་ལས་འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་རང་རྣམ་ནི་ཉམས་མགུར་དང་། ལྟ་མགུར་གྱི་ཕྱོགས་མང་པོས་མཉམ་དུ་བྲིས་པ་ཞིག་ཡིན་པས་རང་རྣམ་མགུར་འབུམ་གྱི་ཆ་ནས་བྲིས་པའི་ཕྱོགས་སུ་གཏོགས་པ་དག་དང་།

གཞན་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རང་རྣམ་ནི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་ཁྱད་པར་ཕྱེ་ནས་ཉོབ་སྣང་མེད་པར་ཀློག་འདོད་སྤྲོ་བས་རྟས་པ་ཞིག་ཚིག་བཅད་ལམ་ནས་བྲིས་པ་ནི་ཚིག་བཅད་དུ་བྲིས་པའི་རང་རྣམ་དག་ལས་རྒྱས་ཤོས་དང་། དེ་ལས་གཞན་པ་ཏཱ་ར་ནཱ་ཐའི་རང་རྣམ་དང་། སི་ཏུའི་པཎ་ཆེན་ཞབས་ཀྱི་རང་རྣམ་དང་། ཀོང་སྤྲུལ་གྱི་རང་རྣམ་དང་། འབྲུག་ཁམས་སྤྲུལ་གྱི་རང་རྣམ་དེ་དག་འབྲི་ཚུལ་སོགས་ཕྱོགས་མཚུངས་པར་ལོ་དང་ཟླ་བ་དང་ཞག་ནས་ཅུང་ཞིབ་ཆ་ཆེ་བར་བྲིས་པའི་དབང་གིས་ལྟོས་བཅས་ཀྱིས་རྣམ་ཐར་ཀློག་མཁན་ལས་དང་པོ་པ་ལ་མཚོན་ན་ཉོབ་སྣང་སྟེར་བ་ཞིག་ཀྱང་ཡོད་སྲིད་ཀྱང་། ཟུར་གཞན་ནས་བལྟས་ནའང་ཞིབ་ཚགས་ཀྱིས་བྲིས་པའི་རང་རྣམ་ནང་དུ་དུས་སྐབས་དེའི་ཆོས་ཀྱི་ལུགས་དང་། སྤྱི་ཚོགས་དང་། དཔལ་འབྱོར་གྱི་གནས་བབ། འཚོ་བའི་གོམས་གཤིས། རིག་པའི་གནས་སོགས་ལ་ཉམས་ཞིབ་ལ་སྤྲོ་བ་དག་ལ་རྒྱུ་ཆ་ཡང་གལ་ཆེན་ཞིག་ཡོད་པ་ནི་སྨོས་མེད་རེད། དེ་ལས་ཀྱང་སི་ཏུ་པཎ་ཆེན་གྱི་རང་རྣམ་ནི་རིག་གནས་དང་། ཡུལ་དང་། མི་སྣ་དང་། དགོན་པ་དང་། སྐུ་གསུང་ཐུགས་རྟེན་སོགས་ལ་ཉམས་ཞིབ་མཁན་གྱིས་མ་བཀླག་ཐུབ་མེད་ཀྱི་རྣམ་ཐར་ཞིག་ཡིན་པ་བཀླག་པས་ཤེས། དེ་ལས་གཞན་བོད་ཀྱི་བུད་མེད་ཅིག་ལ་ཉེ་རབས་སུ་བྱོན་པའི་དབུས་བཟའ་མཁའ་འགྲོའི་རང་རྣམ་དུ་དེ་ཙམ་འཛེམ་མེད་ཀྱིས་དཀའ་སྡུག་དངོས་བྱུང་དང་། བོད་ཀྱི་བུད་མེད་ཀྱི་ལས་དབང་དང་འབྲེལ་ནས་བཅད་ལྷུག་སྤེལ་མས་བྲིས་པ་འདི་ནི་བོད་ཀྱི་བུད་མེད་ཀྱི་རང་རྣམ་རྒྱས་ཤོས་དང་བཀླག་ཀྱང་དགོས་ངེས་སུ་མཐོང་བ་འདི་དག་ནི་ཁོ་བོ་ལ་མཚོན་ན་ཀློག་པར་འདོད་པའི་ཁོངས་སུ་གཏོགས།

དེ་ལ་གཞན་འབྲུག་པད་དཀར་གྱི་རང་རྣམ་ལྟ་བུ་ཚིག་བསྡུས་ཆེ་བ་དང་། བརྗོད་པ་ཁ་དམ་པའི་རིགས་སུ་གཏོགས་པ་དག་དང་། ཀུན་ལེགས་ཞབས་ཀྱི་རང་རྣམ་འབྲི་ཚུལ་གྱི་ཤུགས་རྐྱེན་འོག་ནས་བྲིས་པའི་འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ་ནི་སྤྱིའི་ཆ་ནས་སྐྱོན་ཡོན་གཉིས་ཀ་གླེང་ཡོད་པ་ཞིག་ཡིན་ནའང་ཉ་ཉོབ་མང་ཆེ་བ་དང་ཡུལ་སྐད་བསྲེ་ཆེ་བས་འདི་ལྟ་བུའི་རིགས་ནི་ཅུང་ཟད་ཀློག་པར་དཀའ་བའི་ཁོངས་སུ་གཏོགས་པ་ཡང་ཡོད་པར་འདུག དེས་བས་སྤྱི་ཡོངས་ནས་རྣམ་ཐར་དང་། རང་རྣམ་ནི་ལོ་རྒྱུས་རིག་པའི་ཁྱབ་ཁོངས་ནས་བསམ་ན་གནའ་དེང་གི་བོད་ཀྱི་རྣམ་ཐར་འབྲི་ཚུལ་འདི་ཁ་ཕྱོགས་གཞན་ཞིག་ཏུ་གོམ་པ་ཅུང་ཙམ་སྤོ་ཨེ་དགོས་ན་སྙམ་པའི་འདུ་ཤེས་ཤིག་ནི་ཡོད་པར་འདུག དཔེར་ན་དེང་དུས་ཁྱབ་ཆེ་བའི་སྟོན་པའི་རྣམ་ཐར་སྤྲིན་དཀར་ལམ་རྙིང་ལྟ་བུའི་རྣམ་ཐར་འབྲི་ཚུལ་ཧ་ཅང་ཡིད་གར་འོང་བ་ལྟ་བུའོ། །

དེ་དག་གང་ལྟར་ཀྱང་ཡིད་ཕངས་བ་ཞིག་ལ་སྔོན་བོད་ལ་འདི་ལྟ་བུའི་ལོ་ཙཱ་པ་དང་། མཁས་པ། གྲུབ་ཐོབ། གནས་ཆེན་ཉུལ་བའི་རྒྱལ་ཁམས་པ་སོགས་སྐྱེས་ཆེན་རྒྱུ་སྐར་གྱི་འཕྲེང་བ་བཞིན་རྒྱུན་མ་འཆད་པ་བྱོན་ན་འང་། གཞན་གྱིས་སྐུལ་བ་དང་། ཞུ་བ་མ་བྱས་ན་རང་ཐད་ནས་རང་རྣམ་འབྲི་བ་ལ་ཡིད་སུན་པའི་ཁེངས་སྐྱུང་རྣམ་པ་འདི་ལ་སྐབས་རེ་ཙམ་མ་ཡིན་པར་ཁོ་བོ་ཡིད་རབ་ཏུ་ཕངས་སེམས་སྐྱེ་བ་ཞིག་རེད། དེ་ལྟར་བརྗོད་པ་འདི་ཡན་ནི་སྤྱིའི་ཆ་ནས་བརྗོད་པའི་གཏམ་ཉུང་ངུའོ། །

རང་རྣམ་འདི་ཉིད་གྲུབ་ཚུལ།

བྱེ་བྲག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་རང་རྣམ་ལས་བརྩམས་ནས་ཅུང་ཟད་གླེང་ན། ཁོང་བྱོན་པའི་དུས་སྐབས་ལ་མཚོན་ན་དམིགས་གསལ་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་སླེབ་ལ་རན་པའི་དུས་དང་ཁད་ཧ་ཅང་ཉེ་བའི་དུས་ཤིག་ཡིན་པ་དང་། བོད་ཀྱི་མཁས་རབས་ལ་མཚོན་ན་སྤྱི་ཚོགས་རྙིང་པའི་འདུ་ཤེས་ཀྱི་ཁྲོད་ནས་ནར་སོན་པའི་བོད་ཀྱི་རྗེས་རབས་ཀྱི་མཁས་པ་མཐའ་མ་དག་ལས་གཅིག་ཡིན་པས་དམིགས་གསལ་དུས་སྐབས་དེར་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང་། མདོ་སྟོད་སྨད་ཀྱི་རྒྱལ་ཕྲན་སིལ་མ་འདི་དག་གི་དབང་ཤུགས་སོགས་དང་འབྲེལ་ཡོད་ཀྱི་གཏམ་མང་ཙམ་ཡོད་པ་དང་། རྣམ་ཐར་རང་ངོས་ནས་ཀྱང་བརྗོད་པ་བདེ་ལ། འབྲི་ཐབས་སོགས་ཧ་ཅང་ཞིབ་ཚགས་རང་བཞིན་གྱིས་བྲིས་ཡོད་པ་ཡིན་ལ། རང་རྣམ་གྲུབ་རིམ་ཡང་གནས་གཅིག་དུས་གཅིག་ཏུ་གང་དྲན་བྲིས་བཞག་པ་དེ་ལྟར་མ་ཡིན་པར་སྐུ་ཚེ་གང་བོའི་མཛད་པ་འཕྲིན་ལས་དངོས་དང་། རྟགས་དང་བརྟེན་འབྲེལ་དང་། ཉམས་སྣང་རྨི་ལམ་བྱུང་ཚུལ་སོགས་ཉིན་ཐོ་ལྟར་དུ་བྲིས་པའི་ཟིན་བྲིས་སོགས་ཕྱོགས་གཅིག་ཏུ་རང་རྣམ་དུ་བསྒྲིགས་པ་ཞིག་རེད་འདུག་པས་བྱུང་བའི་གོ་རིམ་སོགས་བསྐྱར་བཟློས་སྤངས་ནས་བྲིས་ཡོད་པས་རྗེས་འཇུག་ཅིག་གིས་ཁོང་གི་རྣམ་ཐར་ཀྱི་ཕྱོགས་འགའ་ལ་ཉམས་ཞིབ་ཏུ་གཏོང་དགོས་པ་རེ་ཡོད་ན་མ་གཏོགས་ཁོང་གི་རྣམ་ཐར་གཞན་ཞིག་འབྲི་དགོས་ན་དེ་ནི་དཀའ་བའི་ཚོད་དུ་གཏོང་ཡོད་པས་ཁོང་གི་རྣམ་ཐར་ནི་ཕྱོགས་ཡོངས་ནས་རྒྱས་བསྡུས་སོགས་འཚམ་པའི་ཁྱད་ཆོས་ཤིག་སྒོ་ཀུན་ནས་གསལ་བོར་ཡོད།

གཞན་འཇམ་མགོན་ཀོང་སྤྲུལ་ལ་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཡོད་པ་གོར་མ་ཆགས་པས་ཁོང་ལ་མཚོན་ན་དུས་སྐབས་དེར་བྱོན་པའི་ཁོང་གི་བླ་མ་སི་ཏུ་པདྨ་ཉིད་བྱེད་དང་། འཇམ་དབྱངས་མཁྱེན་བརྩེ་དང་། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སོགས་ཅི་ནས་འཇོག་དགོས་ལ། དེ་ལས་ཀྱང་ཤུགས་རྐྱེན་ཆེ་བའི་མི་སྣ་གཅིག་བགྲང་དགོས་ན་ཁོང་ལས་སྔོན་གྱི་ལོ་ཉི་བརྒྱ་ལྷག་ཙམ་ལས་བྱོན་པའི་ཇོ་ནང་ཏཱ་ར་ནཱ་ཐ་ནི་མཛད་པ་སྐྱོང་ཚུལ་སོགས་ཕྱོགས་འགའ་ལ་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཏུ་ངོས་འཛིན་ན་ཆོག་སྙམ་ཏེ། ཁོང་གི་སློབ་མས་བྲིས་པའི་རྣམ་ཐར་བསྡུས་པ་ལས། ཇོ་ནང་རྗེ་བཙུན་རིན་པོ་ཆེ་དངོས་ཀྱི་སྤྲུལ་པ་མ་ཡིན་ནའང་དེའི་ཐུགས་ཟིན་གྱི་སློབ་མའི་ཐུ་བོ་ཞིག་ཡིན་བྱས་ཀྱང་ཆོག་པའི་ངེས་ཤེས་འདུག་གསུངས་པ་མངོན་སུམ་ཐོས། ཞེས་གསུངས་པ་དང་། ཁོང་གི་བླ་མ་ཞིག་གིས་ཀྱང་ཁོང་ནི་ཏཱ་ར་ནཱ་ཐའི་སྐྱེས་མཐའ་ཞིག་ཡིན་པ་ངོས་འཛིན་གནང་ཚུལ་གང་ཡིན་ནའང་ཏཱ་ར་ནཱ་ཐའི་རང་རྣམ་ལ་བཀླགས་ནས་ཀོང་སྤྲུལ་པའི་རང་རྣམ་ལ་མཇལ་བ་ཡིན་ན་མི་སྣ་གཅིག་གི་ཕྱག་ལས་ཤིག་གི་མགོ་མཇུག་ལྟ་བུའི་སྣང་ཚུལ་ཞིག་ངང་གིས་སྟེར་བ་ཞིག་རེད། དེས་ཁོང་གི་རང་རྣམ་ཧྲིལ་བོའི་འབྲི་ཚུལ་གྱི་ཐབས་ལ་ཡང་ཏཱ་ར་ནཱ་ཐའི་རང་རྣམ་འབྲི་ཚུལ་གྱི་ཆ་ཧ་ཅང་མང་བར་སྣང་། མ་ཟད་མང་དུ་ཐོས་པ་འཚོལ་སྟངས་དང་། ཁོང་གི་ཤེས་བྱ་ཀུན་ཁྱབ་སོགས་ལས་རྒྱ་གར་གྱི་བསྟན་པའི་བྱུང་རིམ་བཤད་སྐབས་ཇོ་ནང་རྗེ་བཙུན་པའི་རྒྱ་གར་ཆོས་འབྱུང་སོགས་ལས་བཤད་ཚུལ་དག་གཙོ་བོའི་ཁུངས་ཉིད་དུ་བཟུང་ཡོད་པ་དང་། དེ་བཞིན་ཁོང་གི་ལྟ་གྲུབ་ཀྱི་ཆ་ནས་གཞན་སྟོང་པའི་ལྟ་གྲུབ་ལ་ཐུགས་འདུན་གནང་བ་འདི་དཔལ་རང་བྱུང་ཞབས་ཀྱི་གཞན་སྟོང་སྨྲ་ཚུལ་ལས་ཕུད་ཇོ་མོ་ནང་པའི་གཞན་སྟོང་གི་ལྟ་གྲུབ་སྨྲ་ཚུལ་དང་མཐུན་པ་འདི་ཡང་ཏཱ་ར་ནཱ་ཐའི་ཤུགས་རྐྱེན་གྱིས་བྱས་པར་སྣང་། དེ་ལས་གཞན་ཁོང་ནི་སྤྱིར་མཁས་གྲུབ་གང་ལའང་རིས་མེད་ཀྱིས་དད་གུས་དང་། བློ་སྐྱེད་ལེན་མཁན་ཞིག་ཏུ་གྱུར་ཡོད་ཀྱང་གངས་ཅན་གྱི་མཁས་པའི་གཞུང་ཞིག་ལ་འབྲེལ་ཡོད་ཀྱི་རྩལ་འདོན་གནང་ས་གཙོ་བོ་ཞིག་ནི་ཀུན་མཁྱེན་རང་བྱུང་ཞབས་སོགས་བཀའ་བརྒྱུད་པའི་མཁས་པ་འགའ་ནི་རྩོད་མེད་ཡིན་ལ། ཟ་དང་ཟུར་ནས་ཀློང་ཆེན་པ་དང་། དོལ་བོ་པ་སོགས་ཀྱང་ཁོང་ལ་ཤུགས་རྐྱེན་ཆེ་ཚོད་དུ་སྣང་།

ཁོང་གི་མཁྱེན་ཡོན།

དམ་པ་འདི་དང་པོ་བོན་པའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས་ནས་བོན་ཆོས་ཀྱི་བག་ཆགས་ཐོག་མར་སད་ཡོད་པ་ནས་མཐར་དགུང་ལོ་གྱ་བདུན་བར་དུ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་གང་ལ་གཞན་དྲིང་མི་འཇོག་པའི་སྦྱོན་བརྩོན་ཚད་མེད་གནང་ཡོད་དེ། ཁོང་གི་རང་རྣམ་ལས་ཕྱི་རིག་པ་སྒྲ་ཀ་ཙཱན་དབྱངས་གསུམ་གཞུང་ཡན་ལག་དང་བཅས་པ། ཚད་མ་ལས་བསྡུས་པའི་འགྲོ་ཕྱོགས། བཟོ་རིག་བྲིས་འབུར་དང་གཞལ་ཡས་ཁང་གི་ཐིག་རྩ། གསོ་བ་རིག་པ་རྒྱུད་བཞི་ལག་ལེན་བཅས། སྐར་ནག་རྩིས་ཀྱི་རིག་པ། སྡེབ་སྦྱོར་སྙན་ངག་མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ་དང་བཅས་པ་རྣམས་གཞན་ལ་ལྟོས་མི་དགོས་པ་སྦྱངས། ནང་རིག་པ་ཐུན་མོང་བ་དང་ཐུན་མིན་སོགས་སྦྱོང་བ་དཔག་མེད་གནང་ཚུལ་གསུངས་བ་དང་།

དེ་བཞིན་དམིགས་གསལ་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དུ་གྲགས་པའི་ཆོས་བཀའ་གང་ལ་ཡང་གསན་ཁྲིད་སྦྱངས་གསུམ་མ་གནང་པ་མེད་ལ། བོད་ཀྱི་བླ་མའི་རྣམ་ཐར་ནང་རིས་མེད་ཀྱི་ཆོས་ལ་དག་སྣང་གི་སེམས་འདུན་དངོས་གནས་མ་བོར་བའི་སྐྱེས་བུ་ཧ་ཅང་མང་ཚོད་ལས་ཁོང་ནི་དེའི་ནང་ལས་དམིགས་གསལ་ཕྱག་རྗེས་འབུར་དོད་དུ་བཞུགས་ནས་ཡོད་པ་ཞིག་ཏུ་ངོས་འཛིན་མི་གནང་ཐབས་མེད་ཅིག་ཏུ་གྱུར་ཡོད། འདི་དག་དང་འབྲེལ་བའི་རྣམ་ཐར་གྱི་ཚུལ་ནི་ཁོང་གི་གསན་ཡིག་པོད་གཉིས་དང་རང་རྣམ་ལས་མཛོད་ལྔ་པོ་ཚུལ་ཅི་ལྟར་བསྒྲིགས་བརྩམས་མཛད་པའི་རྒྱུན་རིམ་ངོ་སྤྲོད་དག་ལས་གསལ་པོར་བསྟན་ཡོད་པ་འདི་དག་གོ། །

ཕྱོགས་གཞན་ནས་དུས་སྐབས་དེར་མཚོན་ན་མང་དུ་ཐོས་པ་རྒྱ་ཆེ་བ་དང་། རྒྱ་ཆེ་བ་དེ་ཡང་འདུ་བྱའི་དོན་དུ་གྱུར་བ་ཞིག་ནི་ཁོང་ལས་ལྷག་པ་ཞིག་མེད་པའི་ཚོད་དུ་ཡོད་ལ། ལྷག་ཏུ་ཁོང་སྐུ་མྱ་ངན་ལས་འདས་ཁ་མ་དག་ཏུ་ཡང་ཆོས་འཆད་པ་དང་། གསུང་བརྩམས་གནང་བ་དང་། གཞན་དག་ལས་དབང་ལུང་སོགས་གསན་བསམ་མཛད་ཚུལ་ཁོང་གི་སློབ་མས་བྲིས་པའི་རྣམ་ཐར་བསྡུས་པ་དེ་རུ་གསལ་བ་བཞིན་ཁོང་གི་ཐོས་པ་འཚོལ་ཚུལ་གྱི་རྣམ་ཐར་འདི་གཅིག་པུས་དད་པའི་ཡིད་སྒུལ་བྱེད་ཅིག་གོ།

དེ་ལྟར་མང་ཐོས་ཀྱི་བློ་གྲོས་ལྡན་པ་དེ་ཡང་ཐོས་བཤད་རྐྱང་པ་ཙམ་གྱི་སྒྲོམ་ལས་སྐུ་ཚེ་འདའ་ནས་བཞུགས་བཞག་པ་དེ་འདྲ་ཞིག་ཀྱང་མ་ཡིན་པར་ཁོང་གིས་གསུང་པ་བཞིན་ཚུལ་དགུ་དང་འཁོར་ལོ་གསུམ་པོ་གང་གིས་ཀྱང་རྣམ་ཐར་གཙང་མ་ཞིག་འཆད་དུ་ཡོད་ཅིང་།

དེ་ལས་ཀྱང་ཐོས་པའི་ལག་རྗེས་གཙོ་བོ་གཅིག་ནི་རྩོམ་པ་ཡིན་པ་ལ་དགོངས་ནས་ཁོང་གི་གསུང་རྩོམ་དག་ནི་གྲུབ་མཐའི་ཕྱོགས་འཛིན་ལ་དགའ་བ་དག་ཁོ་བོ་ཅག་གི་རིང་ལུགས་འདི་འོ་ཞེས་ཁ་ཡངས་སྒྲོག་པ་ལ་དགའ་བའི་རིགས་དག་ཡིད་མགུ་བ་དཀའ་ན་ཡང་། ཁྱབ་ཁོངས་ཕྱོགས་རེ་བ་ལས་བརྒལ་བའི་ཡོངས་ཁྱབ་ཅན་གྱི་རིག་གནས་ཀྱི་སེམས་འདུན་ཡོད་མཁན་དག་ལ་ཁོང་གི་གསུང་རྩོམ་དག་ནི་དམིགས་བསལ་གྱི་ལེགས་བཤད་གལ་ཆེན་ཞིག་ཡིན་ཏེ། དཔེར་ན་འཚོ་བྱེད་ལས་དང་པོ་བ་ལ་ཉེ་མཁོའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པ་སོགས་གསོ་བ་རིག་པའི་སྐོར་དང་། མཚུར་རྩིས་ཀྱི་གཞུང་གཙོ་བོ་ལྟ་བུ་གྱུར་པའི་སྐར་རྩིས་ལག་ལེན་ལེགས་བཤད་ཀུན་བཏུས་སོགས་རྩིས་རིག་སྐོར་དང་། དེ་བཞིན་སྒྲ་རིག་གི་སྐོར་དང་། ལོ་རྒྱས་རྣམ་ཐར་གྱི་སྐོར་དང་། བཟོ་རིག་གི་སྐོར་དང་། ནང་བསྟན་སོགས་རིག་པའི་གནས་གང་གི་ཕྱོགས་ལའང་ཡོངས་ཁྱབ་ཀྱི་གླེང་རིན་ལྡན་པའི་ཞལ་རྩོམ་དུ་མ་ཞིག་བཞུགས་ཡོད་པ་དང་།

དེ་ལས་ཀྱང་མཛོད་ཆེན་རྣམ་ལྔའི་བསྟན་པའི་སྲོལ་ཕྱེ་བར་མཛད་ནས་འདི་དག་བསྒྲིགས་བརྩམས་གནང་བའི་རྒྱུན་རིམ་ནི་ཁོང་གི་རྣམ་ཐར་གྱི་གྲུབ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ལ་བསམ་ནས་ཅུང་ཟད་གླེང་ན། མཛོད་ཆེན་དེ་དག་ཏུ་ཁོང་གིས་བསྒྲིགས་པ་དང་། བརྩམས་པ་གཉིས་ཀའི་ཆར་ཡོད་པ་ལས་མཛོད་ལྔ་ལས་ཐོག་མར་དུ་བཞག་ཡོད་པ་དང་། ཚབ་མཚོན་ལྟ་བུ་གྱུར་པའི་ཞལ་བརྩམ་གཅིག་ནི་ཤེས་བྱ་ཀུན་ཁྱབ་བམ་ཤེས་བྱ་མཛོད་འདི་ཉིད་ཡིན་ལ། ལེགས་པར་བཤད་པའི་བརྩམས་ཆོས་འདིའི་གྲུབ་ཚུལ་གྱི་གོ་རིམ་ཧྲིལ་བོ་ལ་བལྟས་ན་དམ་པ་ཁོང་གི་མང་ཐོས་དང་། བརྩམས་པའི་ཁྱད་ཆོས་རྟོགས་བྱེད་ཅིག་ཏུ་གྱུར་ཡོད་དེ། བསྟན་བཅོས་འདི་ལ་ལུས་ཡོངས་སུ་རྫོགས་པའི་རིམ་པར་ཕྱེ་བ་ལ་ཕར་ཕྱིན་བཅུ་ཡི་གྲངས་དང་མཉམ་པ་དང་། བྱེ་བྲག་སོ་སོའི་ས་བཅད་སོགས་ཀྱིས་ཁྱད་པར་མ་འདྲེས་པའི་ཤེས་བྱ་རིག་པའི་གནས་སྤྱི་ལ་ཁྱབ་པའི་བསྟན་བཅོས་ཤིག་དང་། བསྟན་པ་སྤྱིའི་དགོངས་འགྲེལ་ཞིག་བརྩམས་པར་མཛད།

སྔོན་རབས་ཀྱི་འཕགས་བོད་ཀྱི་སློབ་དཔོན་དག་གིས་མང་དུ་ཐོས་པའི་ཆ་ནས་བརྩམས་གནང་བའི་བསྟན་བཅོས་འགའ་ལ་ཀུན་བཏུས་དང་། མཛོད་དང་། སྡེ་དང་། རྒྱན་དང་། སྡོམ་སོགས་ཀྱིས་མིང་གིས་བསྙད་པའི་བསྟན་བཅོས་གྲངས་མང་ཙམ་བཞུགས་ཡོད་ནའང་དེ་དག་ཕལ་ཆེར་བ་ནི་ཐེག་པ་ཆེ་ཆུང་གི་ཕྱོགས་འགའ་ཙམ་དང་། གྲུབ་པའི་མཐའ་ཕྱོགས་རེས་ཙམ་སྟོན་པའི་བསྟན་བཅོས་གྲགས་ཅན་དུ་གྱུར་པ་ཙམ་ཞིག་གི་སྣང་ཚུལ་ཡོད།

འོན་ཀྱང་ཤེས་བྱ་ཀུན་ཁྱབ་ནི་དེ་ལྟར་མ་ཡིན་ཏེ། ཁོང་གི་རང་རྣམ་ལས། བསྟན་བཅོས་བྲིས་ཕྱིན་རྣམ་བཞག་ཚང་བ་ཞིག་ཡོད་ན་ཐོས་པ་ཆུང་བ་ལ་ཕན་སྙམ་ནས་ཐུན་བར་རྣམས་སུ་བསླབ་པ་གསུམ་གྱི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ལ་ཁྱབ་པར་བྲིས། ཕྱིས་སུ་རྗེ་བླ་མར་གཟིགས་ཕུལ་བས་དེ་སྐབས་ངེས་པར་བླ་མའི་བྱིན་རླབས་དང་། མཁའ་འགྲོས་རྩ་སྒོ་ཕྱེས་པའི་སྟོབས་ལས་བྱུང་བ་ཡིན་འདུག་པས་འདི་ཉིད་མཛོད་ཆེན་ལྔའི་ཐོག་མ་ཤེས་བྱ་མཛོད་དུ་བཞག རང་འགྲེལ་ཅིག་ཀྱང་ཅིས་ཀྱང་དགོས་ཞེས་ལེགས་སོའི་གནང་སྐྱེས་སྩལ། ཞེས་འབྱུང་བ་བཞིན་ཁོང་གིས་ཤེས་བྱ་ཀུན་ལས་ཁྱབ་པའི་ཤེས་བྱ་ངོ་སྤྲོད་ཀྱི་བསྟན་བཅོས་འདི་ནི་ཁྱབ་ཁོངས་བྱེ་བྲག་པར་ཞིག་གཙོ་བོར་བཤད་པ་མ་ཡིན་པར་རྣམ་གཞག་གི་ཆ་ནས་ནང་པའི་ཐེག་པ་གོང་འོག་དང་། གསང་སྔགས་རྒྱུད་སྡེ་བཞིའི་སྡེ་སྣོད་ལས་ལུགས་སོ་སོའི་སྟོན་པ་བྱོན་ཚུལ་དང་། བསྟན་པའི་བྱུང་རིམ། བསྟན་པ་ཆོས་ཀྱི་ངོ་བོ་དང་། དེ་དག་གི་ལྟ་གྲུབ་ཀྱི་ཁྱད་པར་ཕྱེ་བའི་སྒོ་ནས་བཤད་པས་བསྟན་པ་སྤྱིའི་གྲུབ་མཐའི་གཞུང་ཞིག་ཀྱང་ཡིན་པ་དང་། དེ་ཡང་ཆོས་ཁུངས་ཀྱི་ཆ་ནས་དེ་བཞིན་གཤེགས་པའི་གསུང་རབ་དངོས་དང་དེའི་རྗེས་སུ་འབྲེལ་བའི་གཞུང་ལུགས་ཚད་ལྡན་རྣམས་ཀྱི་བཤད་ཚུལ་གཙོ་ཆེ་རྣམས་ཀུན་ལས་བཏུས་ནས་བསྟན་ཡོད་པས་ཀུན་བཏུས་ཀྱི་གཞུང་ཞིག་ཀྱང་ཡིན་པ་དང་།

དེ་བཞིན་འཕགས་བོད་སོགས་སུ་བསྟན་པ་ཇི་ལྟར་དར་ཚུལ་དང་། མདོ་སྔགས་ཀྱི་ལུགས་སོ་སོ་དང་། བོད་གྱི་གསང་སྔགས་གསར་རྙིང་གི་སློབ་དཔོན་ཇི་ལྟར་བྱོན་པ་དང་། བཤད་རྒྱུན་ཇི་ལྟར་བྱུང་བའི་ཚུལ་སོགས་ཀྱང་བསྟན་ཡོད་པས་གཞུང་འདི་བསྟན་པའི་ཆོས་འབྱུང་ཞིག་ཀྱང་ཡིན་འདུག་པ་དང། མདོར་ན་ཁོང་གིས་གཞུང་མཆོག་འདི་ལ་རྩ་བ་དང་། དེ་ལ་རང་འགྲེལ་མཛད་ནས་མི་གསལ་བ་རྣམས་གསལ་བར་བྱེད་པ་དང་། འཐོར་བ་རྣམས་བསྡུད་པ་དང་། འཁྲུགས་པ་གོ་རིམ་དུ་བསྡེབས་པ་དང། ཚིག་གི་སྡེབ་སྦྱོར་གོ་སླ་ལ་གཞན་དག་གི་བཤད་ཡམས་བཀོད་ཆེ་བ་དང་། དགག་བཞག་སོགས་ཀྱི་སྤྲོས་པ་རྒྱ་མི་ཆེ་བར་བསྟན་བཅོས་འདི་ལ་ཆ་རྒྱུས་ཡོད་ཙམ་དུ་གྱུར་ན་ཕྱོགས་ཡོངས་ཀྱི་རིག་པའི་གནས་གང་ལའང་མང་ཐོས་ཀྱི་འདུ་ཤེས་ཤིག་སྐྱེ་རུ་འཇུག་ཐུབ་པའི་ཆེ་བ་ཞིག་ཡོད།

དེ་མཚུངས་ཁོང་གིས་བསྒྲིགས་བརྩམས་གནང་བའི་མཛོད་ལྔའི་གོ་རིམ་ལས་གཉིས་པ་བཀའ་བརྒྱུད་སྔགས་མཛོད་ལ་བསམ་ན་ཁོང་ནི་སྒྲུབ་བརྒྱུད་པ་འདིའི་ཁོངས་སུ་བཏུགས་པ་ཞིག་ཡིན་པའི་ངོས་ནས་དུས་ཚོད་ཀྱི་ཆ་ནས་དམིགས་བསལ་བསྟན་པ་འདི་ལ་ཆག་ཆེ་ཉམ་ངས་ཉམས་རྒུད་དུ་གྱུར་ནས་དེ་ཉིད་སི་ཏུ་པཎ་ཆེན་སོགས་ཀྱི་ཐུགས་བསྐྱེད་འཕྲིན་ལས་ཀྱིས་བསྟན་པ་འདི་རེ་ཞིག་ལྷག་མ་ལུས་ཡོད་སྐབས་ཡིན་པས་ཁོང་གིས་དུས་སྐབས་དེ་འདྲ་ལ་ཐུགས་འགན་ཆེ་བཞེས་ཀྱིས་མར་རྔོག་གི་རྒྱུད་སྡེ་དག་གཙོ་བོ་བྱས་ནས་བཀའ་བརྒྱུད་སྔགས་མཛོད་བསྒྲིགས་གནང་བ་དང་། དེ་དག་གི་རྒྱབ་ཆོས་སུ་རྒྱུད་བླའི་འགྲེལ་བ་དང་། བརྟག་གཉིས་དང་། ཟབ་མོ་ནང་དོན་དང་། རང་བྱུང་ཞབས་ཀྱི་གཞུང་ཆུང་གཉིས་གཙོས་པ་ལ་འགྲེལ་བ་མཛད་ནས་དར་སྤེལ་གནང་ཡོད་པ་དང་། ཕྱིས་བཀའ་བརྒྱུད་པའི་ནང་དུ་ནང་བརྟག་རྒྱུད་གསུམ་སོགས་ཀྱི་བསྟན་པ་རེ་ཞིག་གནས་འདུག་པ་འདི་ཡང་ཁོང་གི་སྐུ་དྲིན་ལས་བྱུང་བ་ཡིན་པ་གོར་མ་ཆག། འདི་ནི་དུས་སྐབས་དེའི་སྔོན་དུ་བྱོན་ཟིན་པ་དང་། བྱོན་པར་འགྱུར་བའི་བཀའ་བརྒྱུད་པའི་བསྟན་པའི་བདག་པོ་དག་ལས་ཆེས་འབུར་ཐོན་གྱི་ཕྱག་ལས་ཤིག་ཡིན་པར་མ་ཟད་དུས་སྐབས་དེར་སྒྲུབ་བརྒྱུད་པའི་བསྟན་པའི་སྙིང་པོ་ལ་བསམ་ན་ཁོང་ནི་མཛད་པ་དམིགས་གསལ་གནང་མཁན་ཞིག་ཏུ་གྱུར་ཡོད་པ་དང་། བསྟན་པ་འདི་རེ་ཞིག་མི་ནུབ་པའི་རྒྱལ་མཚན་ཞིག་ཕྱོགས་ཀུན་ནས་བསྒྲེངས་བ་དང་ཡང་མཚུངས་པར་བྱས།

དེ་བཞིན་མཛོད་ལྔ་ལས་གསུམ་པ་རིན་ཆེན་གཏེར་མཛོད་ལ་མཚོན་ནའང་བོད་ཀྱི་གཏེར་སྟོན་ཚད་ལྡན་དག་གི་ཟབ་མོ་གཏེར་ཆོས་ཚད་ལྡན་འདི་ལྟ་བུ་ཞིག་ལྷན་གཅིག་ཏུ་བསྒྲིགས་པ་དང་། དེ་དག་གང་ལས་བརྒྱུད་པའི་བྱུང་བ་དང་དཀར་ཆག་བཅས་བསྒྲིགས་བརྩམས་གནང་བ་འདི་ཡང་གང་ནས་ཀྱང་ཕྱག་ལས་དམིགས་གསལ་ཅན་ཞིག་ཏུ་གྱུར་ཡོད་དེ། སྤྱིའི་ཆ་ནས་བོད་གངས་ཅན་དུ་རྙིང་མ་པའི་ནང་དུ་གཏེར་སྟོན་པ་དང་གཏེར་ཆོས་རྡོལ་བའི་ཆུ་མགོ་ལྟ་བུ་ཞིག་གྱུར་ནའང་། ཁོང་ལྟ་བུའི་བསྟན་པའི་ཁུར་ཆེན་འདི་ལྟ་བུ་ཞིག་འདེགས་ནུས་པའི་ཕྱག་ལས་ཅན་སྐྱེས་ཆེན་སུ་ཡི་མཛད་པ་རུ་བགྲང་དུ་མེད་པར་སྣང་། དེ་བས་གཏེར་ཆོས་དང་། གཏེར་འདོན་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་གྱི་བྱུང་བ་གལ་ཆེན་ཞིག་ཏུ་གྲུབ་པ་ལ་སེམས་ན་འཇམ་མགོན་ཀོང་སྤྲུལ་ཁོང་ནི་བསྟན་པ་འདི་ལ་དམིགས་གསལ་གྱི་བཀའ་དྲིན་ཅན་དུ་གྱུར་ནས་ཡོད། འོན་ཏེ་དེང་གི་དུས་འདིར་ཁོང་གི་གཏེར་མཛོད་དུ་ཆེ་གེ་མོ་འགས་ཁ་སྐོང་མང་ཙམ་འཛུད་ཀྱིན་ཡོད་སྐད་འདུག་ལ། འདི་དག་ནི་གཏེར་མཛོད་འདིའི་འཕྲིན་ལས་ཤིག་གམ་ཉོག་མ་རུ་བཏོང་བ་གང་ཡིན་མ་ངེས་པའི་ཕྱོགས་ཡང་མཐོང་ཞེས་ཞར་ལས་འོང་བའི་གཏམ་ཙམ་དུ་བརྗོད་དོ། །

དེ་ལས་ཀྱང་ཕྱོགས་གང་ནས་གླེང་རིན་ལྡན་པའི་རིས་མེད་ཀྱི་རྣམ་ཐར་གལ་ཆེན་ཞིག་ནི་བོད་དུ་གྲགས་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རྩ་བའིསྙིང་པོ་རྣམས་དང་། སྨིན་གྲོལ་བཅུད་ཀྱི་ཡང་ཟབ་གཙོ་བོ་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཀོད་ཡོད་པའི་མཛོད་ལྔ་ལས་བཞི་པ་གདམས་ངག་མཛོད་ཅེས་པ་འདི་ཡིན་ལ། འདི་ཉིད་ཀྱང་དམིགས་གསལ་ཕྱག་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ནི་ཕ་མ་གཅིག་པའི་བུ་ཕྲུག་བཞིན་དམ་ཚིག་གི་འོ་ཆུ་གཅིག་ཏུ་གྱུར་ནའང་ཕལ་མོ་ཆེའི་འདུ་ཤེས་སུ་ང་ཡག་ཁྱོད་སྡུག། ཁྱོད་དམའ་ང་མཐོ་སོགས་ཀྱི་རྣམ་རྟོག་ཉི་ཚེ་བས་བསྟན་པ་གོང་བུ་གཅིག་འགྱུར་ལ་གནོད་པའི་ལས་ནི་མི་ཉུང་བ་ཞིག་ཀུན་ནས་ལྡང་བས་ཁོང་གི་རིས་མེད་ཀྱི་ལྟ་དགོངས་ཟབ་མོ་ཐུགས་ལ་གནག་པའི་དོན་དེས་འཕྲིན་ལས་འདི་ཉིད་སྤེལ་བར་མཛད། ཐུགས་བསྐྱེད་འདིས་ཕལ་བའི་སྣང་ངོར་ལ་ཡང་བསྟན་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དག་དམ་ཚིག་གི་གསེར་ཐག་གཅིག་ཏུ་སྦྲེལ་ནས་ཡོད་པའི་འདུ་ཤེས་ཤིག་ངང་གིས་སྐྱེ་རུ་བཅུག་ནས་ཡོད།

དེ་བཞིན་མཛོད་ལྔ་ལས་མཐའ་མ་ནི་ཁོང་གི་རང་རྣམ་ལས་ཐུན་མིན་གྱི་མཛོད་ཅེས་སུ་འབྱུང་བ་འདི་ཡིན་ཞིང་། འདི་ནི་ཁོང་སྐུ་སྒེར་གྱིས་ཐུན་མོང་དང་ཐུན་མིན་གྱི་ཞལ་ནས་བརྩམས་པའི་བསྟན་བཅོས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་མིང་དེ་ལྟར་བཏགས་པ་རེད་འདུག་ལ། ཁོང་སྐུ་འདས་པའི་རྗེས་སུ་སློབ་མ་དག་གིས་རྒྱ་ཆེན་བཀའ་མཛོད་དུ་མིང་འདི་བསྙད་ནས་ད་བར་དུ་ཡོངས་གྲགས་ལ་མཚན་དེ་སྐད་དུ་ཁྱབ་འདུག་པ་འདི་རེད། ཁོང་སྐུ་བཞུགས་སྐབས་སུ་པོད་སྟི་བདུན་ཙམ་བསྒྲིགས་ཡོད་པ་ལ། ཕྱིས་སློབ་མ་རྣམས་ཀྱིས་ཁོང་གི་གསུངས་ཡོང་རྫོགས་བསྡུས་ནས་ད་ལྟའི་བར་པོད་བཅུ་ཙམ་བཞུགས་པ་འདི་རེད། འདི་ཡི་ནང་དུ་སྔར་བཤད་པ་བཞིན་རིག་པའི་གནས་བཅུ་རུ་གྲགས་པ་གང་ལའང་འབྲེལ་ཡོད་ཀྱི་བརྩམས་ཆོས་རེ་མ་བཞུགས་པ་མེད་ཚུལ་གོང་བཤད་དག་གི་བསྐྱར་ཟློས་ལ་བསམ་ནས་མི་གླེང་པར་བཞག

མདོར་ན་དེ་དང་དེ་ལྟ་བུའི་ཁོང་གི་མཁྱེན་བརྩེ་ནུས་གསུམ་གྱི་རྣམ་པར་ཐར་བ་དུས་ཐུང་དང་། ཚིག་ཉུང་ངུས་བརྗོད་ཐབས་བྲལ་ལ། ཐོས་པ་འཚོལ་ཚུལ་གྱི་རྣམ་ཐར་གཅིག་པུ་ལ་བསམ་ན་སྐུ་ཚེ་གོང་བོར་ཐོས་པ་རྐྱང་པ་འཚོལ་ནས་བཞུགས་ཡོད་པ་འདྲ་བ་དང་། རྩོམ་པ་ལ་མཚོན་ན་སྐུ་ཚེ་གོང་བོ་བརྩམས་པ་ཁོ་ན་མཛད་པ་ལྟ་བུ་དང་། ཡང་དབང་ལུང་ཁྲིད་བཤད་མན་ངག་གནང་ཚུལ་ལ་མཚོན་ན་སྐུ་ཚེ་གོང་བོར་དེ་གཅིག་པུའི་ཕྱོགས་ནས་ཕྱག་ལས་གནང་བ་ལྟ་བུའི་རྣམ་ཐར་ཞིག་ངེད་ཅག་ཐུན་མོང་གི་སྣང་ཚུལ་ལ་ཡོད་པ་ཁོང་གི་སློབ་མས་བཤད་པ་བཞིན་རང་རྣམ་གྱིས་ཀྱང་བདེན་དཔང་བྱེད་བཞིན་ཡོད་ལ། འདི་ལྟ་བུའི་སྣང་ཚུལ་འདི་ནི་ཁོང་གཅིག་པུ་ཙམ་ཡང་མ་ཡིན་པར་སྔོན་གྱི་བོད་ཀྱི་མཁས་གྲུབ་འགའི་རྣམ་ཐར་ལས་མཐོང་བ་དེ་ག་རེད། དེས་བས་དམ་པ་འདི་ནི་ཕྱོགས་གང་ནས་གཞིགས་ཀྱང་གླེང་མི་ཚར་བའི་སྒྲུང་རབས་ཞིག་ཏུ་གྱུར་ནས་ཡོད་ལ། ཁོང་བཞུགས་པའི་དུས་སྐབས་དེ་ལ་མཚོན་ན་གངས་ཅན་གྱི་ས་དགེ་བཀའ་རྙིང་ཇོ་བོན་བཅས་པའི་ཆེ་དགུ་ཡོངས་ཀྱིས་ཁོང་གི་ཞབས་ལ་བཏུགས་མེད་པ་མེད་པ་དང་། རིས་མེད་ཀྱི་བསྟན་པ་ལ་འཛིན་པའི་ཀུན་སློང་དེས་དུས་གསུམ་གང་ལ་ཡང་ཉི་འོད་བཞིན་གསལ་ནས་ཡོད་ཚུལ་དང་། སྐུ་ཚེ་དང་མཛད་པ་གཉིས་ཀ་མཐར་ཕྱིན་པར་བཞུགས་པ་ནི་ཁོ་བོའི་བླ་མ་ཙམ་ཡིན་པར་ཁོང་གི་སློབ་མས་བྲིས་པའི་རྣམ་ཐར་ཁ་སྐོང་དུ་བཤད་པ་དེ་ནི་དོན་དང་མཐུན་པའི་གཏམ་ཞིག་ཏུ་གྲུབ་ནས་ཡོད། རེ་ཞིག་གཏམ་འདིའི་མཇུག་དེ་ལྟར་བསྡུས་སོ།། །།

བློ་མགོན་པོ་ནས་2024-4

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4683