ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་ལ་ཁ་པར་བཏང་ནས་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་ཕྱོགས་གཉིས་ཀས་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་གནད་དོན་གལ་ཆེན་ཐད་ནས་ལྷག་བསམ་ཟོལ་མེད་སྒོས་དགོངས་འཆར་བརྗེ་རེས་ཟབ་མོ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ11པའི་ནང་ང་དང་སྐུ་ཞབས་ཙུང་ཐུང་གཉིས་ཨ་མེ་རི་ཁའི་ཅིའུ་ཅིན་ཧྲན་དུ་ཐུག་འཕྲད་བྱས་ཏེ། མ་འོངས་པར་ཁ་ཕྱོགས་པའི“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”བསྐྲུན།  ཟླ་འདི་དག་གི་རིང་ལ། ཕྱོགས་གཉིས་ཀྱིས་ངེད་གཉིས་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་པའི་དབང་གིས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་བརྟན་བརླིང་གི་རྣམ་པ་བྱུང་ནས། རྒྱལ་ཁབ་གཉིས་ཀའི་ལས་རིགས་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཁྲོད་ཀྱི་འགལ་རྐྱེན་ཡང་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་ཀས་གནད་དོན་དེར་ཅིས་ཀྱང་མཐོང་ཆེན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ཇུས་ཀྱི་ངོས་འཛིན་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཐད་ཀྱི་གོ་རིམ་དང་པོ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁ་ལྟ་བུའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་ཕན་ཚུན་བར་འགྲོ་འོང་དང་འབྲེལ་འདྲིས་མི་བྱེད་པ་ནི་དཔེ་མི་སྲིད་པ་ཞིག་ཡིན་ལ། ཕན་ཚུན་བར་གདོང་གཏུག་དང་འགྲན་རྒོལ་དེ་བས་ཀྱང་བྱེད་མི་རུང་བར། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་བྱས་ཏེ། མུ་མཐུད་དུ་བརྟན་བརླིང་དང་བདེ་ཐང་། རྒྱུན་མཐུད་བཅས་ཀྱི་བགྲོད་ལམ་དེད་ནས་མདུན་དུ་བསྐྱོད་དགོས་པ་ལས་སྔར་གྱི་ལམ་རྙིང་སྟེང་བསྐྱོད་མི་རུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ངོས་ནས་རྩ་དོན་ཆེན་པོ་འགའ་ཞིག་རྒྱུན་འཁྱོངས་བྱེད་དགོས་ཏེ། གཅིག་ནི་མཐུན་པ་མཆོག་ཏུ་བརྩི་བ་དང་། གདོང་གཏུག་མི་བྱེད་པ་དང་ཁ་གཏད་དུ་མི་ལངས་པའི་ཚད་མཐའ་བརྟན་སྲུང་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་དྲང་ཕྱོགས་ཀྱི་སྔོན་དཔག་བྱེད་ཚད་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས། གཉིས་ནས་བརྟན་པོ་གཙོ་བོར་བཟུང་སྟེ། བསམ་གཟས་ནས་དཀའ་ལས་ལ་མི་གཏོད་པ་དང་དོན་དག་མེད་སར་ཁ་མཆུ་མི་སློང་བ། མཚམས་ཚིགས་ལས་མི་བརྒལ་བ་བཅས་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས། གསུམ་ནས་ཡིད་ཆེས་རྩ་བར་འཛིན་པ་དང་བསམ་སྦྱོར་དངོས་ཀྱི་སྟེང་ནས་རང་སོ་སོའི་ཁས་ལེན་མངོན་འགྱུར་ཡོང་བར་བྱས་ཏེ། “ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”དེ“མཛེས་ལྗོངས་ངོ་མ་རུ”བསྒྱུར་དགོས། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་བྱེད་པའི་ཐབས་ཤེས་ལ་བརྟེན་ནས། ཕན་ཚུན་བར་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་པ་དང་། གཟབ་ནན་གྱི་རྣམ་འགྱུར་ལ་བརྟེན་ནས་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་གང་ལེགས་བྱེད་པ། གཉིས་ཕན་གྱི་སྙིང་སྟོབས་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ། འགན་འཁྲི་ཁུར་སེམས་ཆེན་པོ་བཅངས་ནས་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ངོས་ནས་བཤད་ན། གཡོལ་ཐབས་མེད་པའི་དོན་དག་ཐོག་མ་ཡིན། “ཐའེ་ཝན་རང་བཙན”གྱི་སྟོབས་ཤུགས་ཀྱིས་ཁ་བྲལ་གྱི་སྦྱོར་བ་རྩོམ་བཞིན་པ་དང་ཕྱི་ཕྱོགས་ཀྱིས་རྒྱ་ཡན་དུ་གཏོང་བའི་བྱ་སྤྱོད་ལ་ང་ཚོས་གུ་ཡངས་གཏན་ནས་གཏོང་མི་སྲིད།ཨ་མེ་རི་ཁ་ཕྱོགས་ཀྱིས་ཙུང་ཐུང་པའེ་ཏིན་གྱིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་རྣམ་འགྱུར་དེ་བྱ་སྤྱོད་དངོས་སུ་བསྒྱུར་དགོས། ཨ་མེ་རི་ཁས་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ཚན་རྩལ་ལ་གནོན་ཤུགས་སྟེར་བའི་བྱེད་ཐབས་ཟམ་མི་ཆད་པར་སྤེལ་བཞིན་ཡོད་ཅིང་། དེ་མིན་ད་དུང་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱེད་པའི་རྩིས་ཐོའང་སྔར་ལས་ཇེ་མང་དུ་འགྲོ་བཞིན་འདུག་ལ། དེ་ནི“ཉེན་ཁ་སེལ་བ”ཞིག་མིན་པར་ཉེན་ཁ་བཟོ་བ་ཞིག་རེད། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་གཉིས་ཕན་མཉམ་ལས་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་འདོད་ཡོད་ན། ཀྲུང་གོ་ཕྱོགས་ཀྱི་སྒོ་མོ་ཐོག་མཐའ་བར་གསུམ་དུ་ཕྱེས་ཡོད། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་མཐོ་གསར་འཕེལ་རྒྱས་ལ་ཨུ་ཚུགས་ངང་རྡུང་རྡེག་གཏོང་རྒྱུ་དང་། ཀྲུང་གོའི་ལུགས་མཐུན་འཕེལ་རྒྱས་ཀྱི་དབང་ཆ་བཙན་འཕྲོག་བྱས་པ་ཡིན་ན། ང་ཚོས་ཀྱང་སྣང་མེད་དུ་གཏན་ནས་འཇོག་མི་སྲིད།

ཞི་ཅིན་ཕིང་གིས་ཞང་ཀང་དང་འགྲོ་བ་མིའི་ཐོབ་ཐང་། ལྷོ་ཕྱོགས་རྒྱ་མཚོ་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་རྒྱས་བཤད་བྱས།

པའེ་ཏིན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ནི་འཛམ་གླིང་སྟེང་ཤུགས་རྐྱེན་ཆེས་ཟབ་མོ་ལྡན་པའི་ཕྱོགས་གཉིས་ཀའི་འབྲེལ་བ་ཞིག་ཡིན། ཅིའུ་ཅིན་ཧྲན་དུ་ཐུག་འཕྲད་བྱས་པ་ནས་བཟུང་། ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་རྒྱས་གང་འཚམ་བྱུང་བ་དེའི་སྟེང་ནས། ཕྱོགས་གཉིས་ཀས་ད་དུང་མུ་མཐུད་དུ་མཉམ་ལས་ལ་སྐུལ་འདེད་གང་ལེགས་བཏང་ཆོག་པ་དང་། མི་མཐུན་པའི་ཆར་འགན་འཁུར་བའི་ངོས་ནས་དོ་དམ་བྱས་ཆོག་པ་གསལ་བཤད་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས“འཇམ་འཐབ་གསར་པ”འཚོལ་ཞིབ་མི་བྱེད་པ་དང་། ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་ཐབས་མི་བྱེད་པ། མནའ་མཐུན་གྱི་འབྲེལ་བར་བརྟེན་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ། “ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོའི་བར་གདོང་གཏུག་བྱེད་འདོད་མེད་པ་བཅས་ཡང་བསྐྱར་བསྒྲགས་པ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་ལ་ཕན་པ་ཞིག་ཡིན་པས། ཨ་མེ་རི་ཁས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱ་རྒྱུའི་རེ་བ་མི་བྱེད་པ་དང་། ཀྲུང་གོ་དང“འབྲེལ་ཐག་གཅོད་རྒྱུའི”རེ་བ་འཛིན་གྱིན་མེད། ནོར་སྲིད་པུའུ་ཀྲང་ཡའེ་ལུན་དང་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཀྲུང་གོར་འཚམས་འདྲི་བྱ་རྒྱུར་བཀོད་སྒྲིག་བྱས་ནས། ཀྲུང་གོའི་བར་གྲོས་མོལ་དང་འབྲེལ་འདྲིས་བྱ་རྒྱུར་ཤུགས་བསྣན་ནས། ཕན་ཚུན་བར་གོ་འཛོལ་མི་འབྱུང་བ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱེད་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ད་རུང་ཝུའུ་ཁི་ལན་ཉམས་ཉེན་དང་ཁྲའོ་ཞན་ཕྱེད་གླིང་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་གནང་། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4617