གསལ་བཤད་མདོར་བསྡུས། སྒྲུབ་བྱེད་དུ་བཀོད་པའི་འོག་གི་ཨང་རྟགས་ཀྱི་ལུང་རྣམས་གཟིགས་སླ་བའི་ཕྱིར་མཇུག་ཏུ་གོ་རིམ་བཞིན་དུ་བཞག་ཡོད་པས་དེར་གཟིགས་པར་འཚལ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །

དེ་ཡང་རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། ། ཞེས་གསུངས་པ་ལྟར། བཀའ་བར་པས་གཟུགས་ནས་བདེ་གཤེགས་སྙིང་པོའི་བར་གྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་གྱི་ཐོག་ནས་ངོ་བོ་སྟོང་པར་བསྟན་ལ། བཀའ་ཐ་མས་བདེ་གཤེགས་སྙིང་པོ་རྟག་བརྟན་ཐེར་ཟུག་ཏུ་གསུངས་པས་མི་འགལ་ལམ་ཞེ་ན། དེ་གཉིས་མི་འགལ་ཏེ། བཀའ་བར་པས་བདེ་གཤེགས་སྙིང་པོ་སྟོང་ཞེས་བསྟན་པ་ནི་དེ་ཉིད་རང་བཞིན་གསལ་བ་ཡིན་པར་གཞིར་བཞག་སྟེ་དེའི་ངོ་བོ་སྟོང་པའི་ཆ་ནས་རྩལ་དུ་བཏོན་པའམ་གཞན་ཀུན་རྫོབ་སྤྲོས་པའི་ཆོས་ཀྱིས་སྟོང་པར་རྩལ་དུ་བཏོན་པ་ཡིན་ལ།  བཀའ་ཐ་མས་བདེ་གཤེགས་སྙིང་པོ་མི་སྟོང་ཞེས་བསྟན་པ་ནི་དེ་ཉིད་ངོ་བོ་སྟོང་པ་ཡིན་པར་གཞིར་བཞག་སྟེ་དེའི་རང་བཞིན་གསལ་བའི་ཆ་ནས་རྩལ་དུ་བཏོན་པའམ་འབྲས་ཆོས་ཡེ་ལྡན་གྱིས་མི་སྟོང་བར་རྩལ་དུ་བཏོན་པ་ལས་གཞན་བདེན་གྲུབ་མཚན་ཉིད་པར་མ་བསྟན་པས་འགལ་བ་གང་ཡང་མ་མཆིས་སོ། །དེ་ལྟར་ཡང་རྒྱུད་བླའི་མཆན་འགྲེལ་མི་ཕམ་ཞལ་ལུང་ལས། དེ་གཉིས་མི་འགལ་ཏེ། སྔར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ལ་བདེན་པ་མེད་པར་གསུངས་པ་དབྱིངས་ངོ་བོ་སྟོང་པའི་ཆ་ནས་བསྟན་པ་ཡིན་ལ། འདིར་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་ཡང་ངོ་བོ་བདེན་པར་ཡོད་ཅེས་གསུངས་པ་མ་ཡིན་ཏེ། རིག་པ་ཡེ་ཤེས་རང་བཞིན་གསལ་བའི་ཆ་ནས་བསྟན་པས་དེ་གཉིས་མི་འགལ་བར་མ་ཟད་གཅིག་གྲོགས་སུ་གཅིག་འཆར་བས་ཟུང་དུ་འཇུག་པ་དང་། ཞེས་དང་། གྲུབ་མཐའ་མཛོད་ལས།   སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །༼ཞེས་པ་ནས།༽ ཞེས་པ་སྟེ། དེའང་བཀའ་བར་པ༼ར༽་ཆོས་ཐམས་ཅད་མི་རྟག་པ་སྤྲིན་ལྟ་བུ་དང་། མི་བདེན་པ་རྨི་ལམ་ལྟ་བུ་དང་། རྒྱུ་རྐྱེན་ཚོགས་ཀྱང་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་སོགས་པ་གསུངས་ལ། འདིར་ཡེ་ནས་འགྱུར་མེད་དུ་ཡོད་པས་རྟག་པ་དང་། རང་བཞིན་དུ་གནས་པས་དབེན་༼བདེན༽པ་དང་། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་སུ་བསྟན་པ་དག་འགལ་བའི་ཕྱིར་ཇི་ལྟར་ལགས་ཞེས། བློ་དམན་རྣམས་ཀྱི་དགོས་པ་བསྡུ་བའི་ལན་དུ། སྙིང་པོ་འདིའང་སྐྱོན་དང་འདུས་བྱས་པ་ལ་སོགས་པས་སྟོང་པའི་ཕྱིར་སྟོང་པ་ཡིན་གྱིས། རང་གི་ཡོན་ཏན་གྱི་ཆོས་འདོར་པའི་སྟོང་པ་མ་ཡིན་ཏེ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །༼ཞེས་པ་ནས།༽བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ། ཞེས་གསུངས་པ་ལྟར་རོ། །༼༡༽༼༢༽དེས་ན་བཀའ་བར་པས་བསྟན་པའི་སྟོང་པ་ཉིད་ནི་གསལ་སྟོང་ཡ་མ་བྲལ་བ་ཡིན་ལ། བཀའ་བར་པས་དེ་ཉིད་རང་བཞིན་གསལ་བའི་ཆ་ནས་རྩལ་དུ་མ་བཏོན་པ་ཙམ་ལས་རང་བཞིན་འོད་གསལ་བ་དང་བྲལ་སོང་བ་མིན་ལ། དེ་བཞིན་དུ་བཀའ་ཐ་མས་བསྟན་པའི་སྟོང་པ་ཉིད་ཀྱང་གསལ་སྟོང་ཡ་མ་བྲལ་བ་ཡིན་ཡང་། བཀའ་ཐ་མས་དེ་ཉིད་ངོ་བོ་སྟོང་པའི་ཆ་ནས་རྩལ་དུ་མ་བཏོན་པ་ཙམ་ལས་ངོ་བོ་སྟོང་བ་དང་བྲལ་སོང་བ་མིན་པ་ཤེས་པར་བྱའོ། །འོ་ན་བཀའ་བར་པས་རྩལ་དུ་བཏོན་པའི་སྟོང་ཉིད་དེ་གསལ་སྟོང་ཟུང་དུ་འཇུག་པའི་ཆོས་ཉིད་ཡིན་ན་ཀུན་མཁྱེན་ཀློང་ཆེན་པའི་ཐེག་མཆོག་མཛོད་ལས། དབུ་མ་ཐལ་འགྱུར་པ་དག་སངས་རྒྱས་དངོས་ནི་ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ལ། རང་ངོར་ཡོད་མེད་ཀྱི་སྤྲོས་པ་ཞི་བས་སྐུ་དང་ཡེ་ཤེས་ཙམ་ཡང་མ་གྲུབ་ཅིང་། ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན།  དེ་བཞིན་དུ་སྨྲ་སྟེ།  དེ་ཉིད་བཀའ་བར་པས་བཀྲལ་བའི་ཚེ་ན་ངོ་བོ་སྟོང་པའམ་དགག་བྱ་སྤྲོས་པ་ཐམས་ཅད་བྲལ་བའི་ཆ་ནས་རྩལ་དུ་བཏོན་ལ། དེའི་ཚེ་དེ་ཉིད་ལ་སྟོང་ཆ་ནས་སྐུ་དང་ཡེ་ཤེས་ཡོད་པར་ཞལ་གྱིས་མི་བཞེས་པ་སྟེ།  ཐེག་མཆོག་མཛོད་རང་ཉིད་ལས་གསལ་བས་སོ། ། དེ་ལྟར་ཡང་དེ་ཉིད་ལས། དེའང་ཡེ་ཤེས་མེད་ཅེས་གསུངས་པ་རྣམས་ནི་ངོ་བོ་གང་དུ་ཡང་མ་གྲུབ་པའི་ལྡོག་པ་ཡིན་ལ། ཡེ་ཤེས་ཡོད་པར་གསུངས་པ་རྣམས་རང་བཞིན་ལྷུན་གྲུབ་ཀྱི་ཆ་ལ་བརྗོད་པ་སྟེ།  འགལ་བ་མེད་པས་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པའོ། ། ཞེས་གསུངས་པས་ཡེ་ཤེས་ཡོད་ཅེས་པ་རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་གསུངས་ལ་མེད་ཅེས་པ་ངོ་བོ་ཀ་དག་གི་ཆ་ནས་བཞག་པས་དེ་གཉིས་འགལ་མེད་གནད་གཅིག་ཏུ་གཏན་ལ་ཕབ་པས་སོ། །༼༣༽འོ་ན་བདེ་གཤེགས་སྙིང་པོ་གསལ་སྟོང་ཟུང་འཇུག་ཡིན་ན་དེ་ཉིད་ངོ་བོ་སྟོང་པ་ཡིན་པར་ཀུན་མཁྱེན་ཀློང་ཆེན་པའི་བཞེད་པ་ཡིན་ནམ་སྙམ་ན། ཡིན་ཏེ།  གྲུབ་མཐའ་མཛོད་ལས།  ཇི་ལྟ་བ་མཁྱེན་པའི་ཡུལ་ཆོས་ཉིད་༼ཅེས་པ་ནས།༽ཞེས་པའི་ལན་ནི། ཆོས་ཉིད་དེ་ངོ་བོར་གྲུབ་པའི་ཤེས་བྱ་མ་ཡིན་པས་དེ་སྐད་གསུངས་ཀྱང་། བརྗོད་མེད་བསམ་གྱིས་མི་ཁྱབ་པ་མཐའ་བྲལ་ཙམ་དུ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པས་མཁྱེན་ཏེ།  ཞེས་གསུངས་པས་ཆོས་ཉིད་དེ་ངོ་བོར་གྲུབ་པའི་ཤེས་བྱ་མ་ཡིན་པར་བསྟན་པས་སོ། ། ཀུན་མཁྱེན་མི་ཕམ་པས་ཀྱང་དེ་ལྟར་དུ་བཀྲལ་ཏེ། སྟོང་ཐུན་སེངྒེའི་ང་རོ་ལས། རང་གི་ངོ་བོ་མ་སྟོང་ན་ཆོས་གཞན་གྱིས་སྟོང་པ་ཡོད་ཀྱང་སྟོང་གོ་མི་ཆོད་དེ། སྟོང་པ་བདུན་གྱི་ནང་ནས་ཐ་ཤལ་བ་གཅིག་གཅིག་གིས་སྟོང་པ་སྟེ། ཞེས་དང་། ༼༤༽༼༥༽སྤྱི་དོན་འོད་གསལ་སྙིང་པོ་ལས། དང་པོ་འཁོར་འདས་ཀྱི་ཆོས་རྣམས་ལ་གཅིག་དུ་བྲལ་ལ་སོགས་པ་དབུ་མའི་གཏན་ཚིགས་རྣམས་ཀྱིས་ཚུལ་བཞིན་དཔྱད་པས། མ་དག་འཁོར་བའི་ཆོས་དང་། དག་པ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་དངོས་པོ་རྡུལ་ཕྲ་བ་ཙམ་ཡང་མེད་པར་ངེས་པར་བྱའོ། ། ཞེས་གསུངས་པ་ལྟར་ཚད་མ་གཉིས་པོ་གང་གི་དབང་དུ་བྱས་ཀྱང་བདེ་གཤེགས་སྙིང་པོ་བདེན་གྲུབ་མཚན་ཉིད་པར་མི་འགྲུབ་པར་གསུངས་ལ། དེ་བཞིན་དུ་རང་ཉིད་རང་གི་ངོ་བོས་མ་སྟོང་ན་ཆོས་གཞན་གྱིས་སྟོང་པ་ཡོད་ཀྱང་སྟོང་གོ་མི་ཆོད་པར་གསུངས་པས་སོ། །གལ་ཏེ་བདེ་གཤེགས་སྙིང་པོ་ནི་བདེན་མེད་མཚན་ཉིད་པ་མིན་ན་དེ་སྒྲ་རྟོག་གི་ཡུལ་ཡིན་པར་རང་ལུགས་སྔ་འགྱུར་པའི་གཞུང་ལུགས་རྣམས་སུ་གསལ་བ་ལྟར་ཁས་ལེན་དགོས་ལ། དེ་ཉིད་སྒྲ་རྟོག་གི་ཡུལ་ཡིན་ན་དེ་ལ་བདེན་འཛིན་ཞུགས་པར་འགྱུར་ལ་དེ་འདྲའི་བདེན་འཛིན་དེ་སྤང་པ་ལ་དེའི་ཞེན་ཡུལ་སུན་ཕྱུང་དགོས་པར་དཔལ་ཆོས་ཀྱི་གྲགས་པའི་དགོངས་པ་ཡིན་པས་འོས་མེད་དུ་ཁས་ལེན་དགོས་ཤིང་། དེ་ལྟར་ན་དེའི་ཞེན་ཡུལ་སུན་ཕྱུང་བ་ལ་དེ་བདེན་གྲུབ་དགག་དགོས་ལ། དེ་བདེན་གྲུབ་དགག་པ་ན་དེ་དགག་དགོས་པར་ངེས་སྒྲོན་དུ་གསལ་བ་ལྟར་ཀུན་མཁྱེན་འཇུ་ཀློང་སོགས་ཀྱི་དགོངས་པ་ཡིན་པས་དེ་ཉིད་དགག་བྱ་མཚན་ཉིད་པར་ཁས་མི་ལེན་པ་ཆེས་མི་རིགས་སོ། ། དེ་ལྟར་ན་གཅིག་དུ་བྲལ་སོགས་ཀྱིས་གཤེགས་སྙིང་ལ་དཔྱད་ནས་ངོ་བོ་སྟོང་པའམ་འབྲས་ཆོས་ཡེ་ལྡན་གྱིས་སྟོང་པར་གཏན་ལ་ཕབ་སྟེ་རིགས་པ་དེའི་ལག་རྗེས་ལས་དེ་ལྟར་རྟོགས་པའི་རིགས་ཤེས་རྗེས་དཔག་ཚད་མ་ཞིག་ཡོད་དགོས་ལ། དེ་བཞིན་དུ་རྟགས་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་པ་དང་། དེ་ཉིད་འབྲས་ཆོས་ཡེ་ལྡན་གྱིས་མི་སྟོང་བར་གཏན་ལ་ཕབ་སྟེ་དེ་ལྟར་རྟོགས་པའི་ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེེས་ཤིག་ཡོད་པར་ཁས་ལེན་དགོས་ལ།  དེ་ལྟར་ན་འགལ་ལ་མི་འཁྲུལ་བའི་ཚད་མ་སྲིད་པར་འགྱུར་ཞེ་ན། དེ་ལྟར་མི་འགྱུར་ཏེ། ལྟོས་གཞི་ཚད་མ་སོ་སོ་ལ་ལྟོས་ནས་འཇོག་པ་ཡིན་པས་སྐྱོན་མེད་དོ། །ཇི་ལྟར་མེད་ཅེ་ན། བདེ་གཤེགས་སྙིང་པོ་བདེ་གཤེགས་སྙིང་པོས་སྟོང་བ་ཡིན་བཞིན་དུ་དེ་ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོར་སྣང་བ་ལྟར་གྲུབ་པ་ལ་ཚད་མས་གནོད་པ་མེད་པས་དེ་དེས་མི་སྟོང་བའམ་འབྲས་ཆོས་ཡེ་ལྡན་གྱིས་མི་སྟོང་བར་གསུངས་པ་ལས་གཞན་དོན་དཔྱོད་ཀྱི་ངོར་དེ་ལྟར་སྒྲུབ་པ་མིན་པས་སོ། ། དེ་ལྟར་དུ་གཞན་སྟོང་སེངྒེའི་ང་རོ་རུ་གསུངས་ཡོད་དོ། །
གཞན་ཡང་བཀའ་བར་པ་ངེས་དོན་ཡིན་ན་ཀུན་མཁྱེན་ཀློང་ཆེན་པའི་ཟབ་མོ་ཡང་ཏིག་ཏུ། ཚུལ་གཞན་དུ་དྲང་པའི་དོན་དུ་བསྟན་པ་ནི། ༼ཞེས་པ་ནས།༽ ཞེས་གསུངས་པས་གནོད་དོ། ། ཞེས་གསུངས་པས་བཀའ་བར་པ་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ།  བཀའ་ཐ་མའི་སྒྲས་ཟིན་གྱིས་དངོས་ལ་གནོད་བྱེད་དུ་བསྟན་པ་ལས་སྤྱིར་དེ་ལྟར་བསྟན་པ་མ་ཡིན་པས་སྐྱོན་མེད་དོ། །བཀའ་ཐ་མའི་སྒྲས་ཟིན་གྱིས་དེ་ལྟར་བསྟན་དགོས་ཏེ། བཀའ་བར་པས་གཟུགས་ནས་གཤེགས་སྙིང་བར་གྱིས་བསྡུས་པའི་ཆོས་ཀུན་ངོ་བོས་སྟོང་པར་བསྟན་པ་ལ། བཀའ་ཐ་མའི་སྒྲས་ཟིན་དུ་གཤེགས་སྙིང་རང་གི་ངོ་བོས་མི་སྟོང་པ་ལྟར་བསྟན་པས་བཀའ་ཐ་མའི་སྒྲས་ཟིན་ལྟར་ན་བཀའ་བར་པ་ལ་དངོས་ལ་གནོད་བྱེད་འབྱུང་བས་སོ། །གལ་ཏེ་དེ་ལྟར་མིན་ན་ཀུན་མཁྱེན་མི་ཕམ་པས་ཀུན་མཁྱེན་ཀློང་ཆེན་པའི་དགོངས་པ་ཇི་བཞིན་དུ་མ་ལོན་པར་ཐལ་བ་དང་། ཀུན་མཁྱེན་འཇུ་ཀློང་གཉིས་ཀྱི་དགོངས་པ་འགལ་བ་ལྟག་སྤྲོད་དུ་འགྱུར་བར་ཐལ་བ་དང་། ཀུན་མཁྱེན་ཀློང་ཆེན་པའི་རང་གཞུང་ལ་ནང་འགལ་ཡོད་པར་ཐལ་བའི་ཕྱིར་རོ། །དང་པོ་གཉིས་ནི་གསལ་བཤད་མ་བྱས་ཀྱང་གོ་སླ་བས་རེ་ཞིག་བཞག་ལ། གསུམ་པ་ནི་ཇི་ལྟར་ལགས་ཤེ་ན། ༼༦༽ཀློང་ཆེན་པའི་སེམས་དང་ཡེ་ཤེས་ཀྱི་དྲིས་ལན་ལས། འདིར་དང་པོ་གཞིའི་དོན་ནི་བཤད་པ་ནི། ཡེ་ནས་འོད་གསལ་བའི་ཆོས་ཉིད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སྟོང་པའི་ངོ་ན་དངོས་པོ་དང་མཚན་མ་གང་དུའང་མ་གྲུབ་ཅིང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་གང་དུའང་མ་ཆད་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཐའ་ལྟ་བུ། གསལ་བའི་ངོས་ནས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ལྡན་དུ་ལྷུན་གྱིས་གྲུབ་ཅིང་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ། དེ་གཉིས་ཀའང་འདུ་འབྲལ་མེད་པའི་ཆོས་ཉིད་དུ་ཡེ་ནས་གནས་པ་ནི།  ཞེས་གསུངས་པས་གཞིའི་ཆོས་ཉིད་གཅིག་པོ་ལ་གསལ་སྟོང་གཉིས་སུ་ཕྱེས་ཤིང་དེ་གཉིས་ཀའང་གཤིས་ཀྱི་གནས་ལུགས་ཡིན་པར་གསུངས་པས་དེ་གཉིས་རྩལ་དུ་འདོན་བྱེད་ཀྱི་འཁོར་ལོ་བར་ཐ་གཉིས་ཀ་ངེས་དོན་གྱི་མདོ་སྡེར་འགྱུར་ཏེ།  གཤིས་ཀྱི་གནས་ལུགས་བརྗོད་བྱའི་གཙོ་བོར་བྱས་པའི་མདོ་སྡེ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་བ་ཤིང་རྟ་ཆེན་པོ་ལས། མདོར་ན་གཤིས་ཀྱི་གནས་ལུགས་དང་དེ་སྟོན་པའི་མདོ་སྡེ་རྣམས་ངེས་པའི་དོན་དང་དེའི་མདོ་སྡེ་ཞེས་བྱའོ། ། ཞེས་གསུངས་པས་སོ། །དེས་ན་འཁོར་ལོ་བར་པ་དྲང་དོན་དུ་ཁས་བླངས་ན་འགལ་བའི་ཁུར་ཆེན་དེ་ལྟར་དུ་ཡོད་པར་སེམས་སོ། །

བར་པའི་དགོངས་བཅུད་ཐ་མ་སྙིང་པོའི་དོན། །

ཤིང་རྟ་རྣམ་གཉིས་ཀུན་གྱི་དགོངས་པའི་མཐིལ། །

ངོ་བོ་ཡེ་སྟོང་རང་བཞིན་ལྷུན་གྲུབ་པའི། །

སེམས་ཀྱི་རང་བཞིན་འོད་གསལ་དམ་པའི་ཆོས། །

ང་དང་ཁྱོད་ཅེས་འཐེན་འཁྱེར་མ་བྱས་ཤིང་། །

ཆོས་དང་གྲུབ་མཐའི་ཕྱོགས་སུ་མ་ལྷུང་པའི། །

རྣམ་དག་ལུང་རིགས་སྟོང་གི་སྙིང་པོ་འདིར། །

ཤེས་ལྡན་མཁས་པའི་ཚོགས་རྣམས་ཅིས་མི་དགྱེས། །

ཞེས་ཀྱང་སྨྲའོ། །

གཞན་ཡང་འདི་ལྟར་ཏེ། བཀའ་བར་པས་བདེ་གཤེགས་སྙིང་པོ་སྟོང་ཞེས་བསྟན་པ་ནི་དོན་དཔྱོད་ཚད་མའི་དབང་དུ་བྱས་པ་ཡིན་ལ།  བཀའ་ཐ་མས་བདེ་གཤེགས་སྙིང་པོ་མི་སྟོང་ཞེས་བསྟན་པ་ནི་ཐ་དཔྱོད་ཚད་མའི་དབང་དུ་བྱས་པ་ཡིན་པས་འགལ་བ་གང་ཡང་མེད་དོ། །དེ་ལྟར་གོ་དགོས་ཏེ། བདེ་གཤེགས་སྙིང་པོའམ་དོན་དམ་རང་ངོས་ནས་མི་སྟོང་ཞེས་པ་ནི་རྣམ་པ་ཀུན་ཏུ་གནས་སྣང་བདེན་གཉིས་ཀྱི་དབང་དུ་བྱེད་དགོས་པ་ལས་སྣང་སྟོང་བདེན་གཉིས་ཀྱི་དབང་དུ་འཇོག་རྒྱུ་མེད་པའི་ཕྱིར་ཏེ།  གཞན་སྟོང་སེངྒེའི་ང་རོ་ལས། དེ་ལྟ་ན་དོན་དམ་རང་ངོས་ནས་མི་སྟོང་ཞེས་ཟེར་བ་འདི་རྣམ་པ་ཀུན་ཏུ་བདེན་གཉིས་ཕྱི་མའི་འཇོག་ཚུལ་ལྟར་བྱས་ཏེ། བདེན་པ་གཉིས་པོ་གཅིག་བཀག་པའི་ཐ་དད་དུ་ཁས་ལེན་པ་ལ་གོ་དགོས་ཀྱི། སྣང་སྟོང་གི་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་འཇོག་ཚུལ་ལྟར་གོ་བ་དེ་གཏན་མིན་ནོ། ། ཞེས་གསུངས་པ་ལྟར་རོ། །འོ་ན་བཀའ་ཐ་མས་བདེ་གཤེགས་སྙིང་པོ་མི་སྟོང་ཞེས་བསྟན་པ་ནི་ཐ་སྙད་དཔྱོད་པའི་ཚད་མའི་དབང་དུ་བྱས་པ་ཡིན་ན། དེའི་དབང་དུ་བྱས་ན་བདེ་གཤེགས་སྙིང་པོ་བདེན་གྲུབ་མཚན་ཉིད་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། གཞན་སྟོང་སེངྒེའི་ང་རོ་ལས། འོ་ན་དོན་དམ་དེ་བདེན་མེད་དང་སྤྲོས་བྲལ་མ་ཡིན་ནམ་ཞེ་ན། དེ་བདེན་མེད་དང་སྤྲོལ་བྲལ་མ་ཡིན་པ་ཞིག་དོན་དམ་ཡང་ག་ལ་ཡིན་ཏེ་སྐབས་འདིའི་ཀུན་རྫོབ་བཞིན་ནོ། ། འོ་ན་དོན་དམ་བདེན་མེད་དང་སྟོང་པ་ཡིན་ན། བདེན་གྲུབ་དང་རང་ངོས་མི་སྟོང་པ་ཞེས་ཅིས་སྨྲ་སྙམ་ན། སྐབས་འདིའི་བདེན་གྲུབ་དང་མི་སྟོང་བ་ནི་ཐ་སྙད་དཔྱོད་པའི་ཚད་མའི་ངོར་གྲུབ་པ་དང་ཡོད་པ་ལ་བརྗོད་པའི་དོན་ཁྱེད་ཅག་གིས་གཏན་མ་གོ་བར་རྒོལ་བ་ཙམ་དུ་ཟད་དོ། ། ཞེས་གསུངས་པ་ལྟར་རོ། །བླ་མ་རིན་པོ་ཆེ་ཡིད་བཞིན་ནོར་བུས་ཀྱང་ཞལ་གདམས་འདི་ལྟར་གསུངས་ཏེ།  བདེར་གཤེགས་སྙིང་པོ་ཡི་བཞུགས་ཚུལ་མཐར་ཐུག །ཚད་མ་རྣམ་གཉིས་ཀྱིས་འཇལ་ཚུལ་ཤེས་ན། །སྟོང་དང་བདེན་གྲུབ་སོགས་གང་སྨྲས་ཆོག་གིས། །ས་དགེ་ཇོ་ནང་སོགས་ཐུགས་མཐུན་མཛོད་ཅིག །ཅེས་གསུངས་པ་ལྟར་རོ། །འོ་ན་ཐ་དཔྱོད་ཚད་མ་དེ་གང་། དེས་བདེ་གཤེགས་སྙིང་པོ་འདི་མི་སྟོང་ཚུལ་གང་ཞེ་ན། དང་པོ་ནི། སྤྱིར་ན་ཐ་སྙད་དཔྱོད་པའི་ཚད་མ་ལ་གཉིས་སུ་ཡོད་པ་ལས་སྐབས་སུ་བབ་པ་དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་ཡིན་ལ། འདི་ནི་ཀུན་མཁྱེན་མི་ཕམ་པས་རྗེས་ཐོབ་ཡེ་ཤེས་སུ་བཞག་ལ།  གལ་ཏེ་འདི་ཉིད་རྗེས་ཐོབ་ཡེ་ཤེས་སུ་ཁས་ལེན་ན་དེས་བདེ་གཤེགས་སྙིང་པོ་འདི་མི་སྟོང་ཚུལ་འཇོག་དཀའ་བར་སྙམ་སྟེ།  དེའི་ངོར་གྲུབ་པ་དང་ཡོད་པའི་རྒྱུ་མཚན་གྱིས་དེའི་ངོར་མི་སྟོང་བ་ཡིན་གསུངས་པས་ན་གཞན་ཀུན་རྫོབ་སྤྲོས་པའི་ཆོས་ཀྱང་དེའི་ངོར་མི་སྟོང་བར་འཇོག་དགོས་པར་ཐལ་བའི་ཕྱིར་ཟེར་ན། དང་པོ་ནི་བདེན་ཏེ། འདི་རྗེས་ཐོབ་ཡེ་ཤེས་ལ་འདི་ལྟར་བཞག་སྟེ། དེ་ཉིད་ཀྱིས་མཛད་པའི་སྤྱི་དོན་འོད་གསལ་སྙིང་པོ་ལས།༼ཀུན་ཏུ་ཐ་སྙད་པའི་ཚད་མ་གཉིས་ཀྱི་ཁྱད་པར་བཞི་བཤད་པའི་སྐབས་ཀྱི་ཕྱི་མ་དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མའི་ཁྱད་པར་བཤད་པའི་སྐབས་སུ།༽ངོ་བོ་ཇི་སྙེད་པའི་ཡུལ་ཅན་རྒྱ་ཆེ་བའི་ཤེས་རབ་བོ། ། ཞེས་དང་། དོན་རྣམ་ངེས་ཤེས་རབ་རལ་གྲིའི་མཆན་ལས། ༼གོང་བཞིན་ཁྱད་པར་བཤད་པའི་སྐབས་སུ།༽གཉིས་པའི་ངོ་བོ་ཤེས་བྱ་རྒྱ་ཆེ་བ་ཡི་ཡུལ་ལ་མི་བསླུ་བའི་ཡུལ་ཅན་གྱི་ཡེ་ཤེས་ནི། རྗེས་ཐོབ་ཀྱི་ཡུལ་ཅན་ཡིན་པས་དེའི་རྒྱུ་ནི་ཇི་ལྟའི་ཆོས་ཉིད་ལ་དམིགས་པའི་རྗེས་ལས་སྐྱེ་བའོ། །ཞེས་གསུངས་པས་སོ། །གཉིས་པ་ནི་དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་འདི་མཉམ་གཞག་གི་ལག་རྗེས་ལས་བྱུང་བའི་རྗེས་ཐོབ་ཡེ་ཤེས་ཤིག་ཏུ་བཞག་ན་གཞན་ཀུན་རྫོབ་སྤྲོས་པའི་ཆོས་རྣམས་དེའི་ངོར་མི་སྟོང་བར་འཇོག་མི་དགོས་ཏེ།  དོན་དམ་རང་ངོས་ནས་མི་སྟོང་ས་དངོས་ནི་རང་འདྲེན་བྱེད་ཀྱི་ཐེག་ཆེན་མཐོང་ལམ་མཉམ་གཞག་ཡེ་ཤེས་ལྟ་བུ་ཡིན་ལ། དེ་དེའི་ངོར་ཡོད་པའམ་གྲུབ་པ་མིན་པའི་ཕྱིར་རོ། །དེས་ན་འདིར་གལ་གནད་ཅིག་གོ་བར་བྱ་སྟེ།  བདེ་གཤེགས་སྙིང་པོའམ་དོན་དམ་རང་ངོས་ནས་མི་སྟོང་ས་དངོས་ནི་ཐེག་ཆེན་མཐོང་ལམ་མཉམ་གཞག་ཡེ་ཤེས་ལྟ་བུར་བཞག་སྟེ།༼གཞན་སྟོང་སེངྒེའི་ང་རོ་ལས། དོན་དམ་གཟིགས་པའི་མཉམ་བཞག་ཡེ་ཤེས་ཀྱིས། བདེན་མེད་སོགས་གོང་གི་དེ་རྣམས་གཟིགས་པ་དང་འཛིན་པ་དང་། དེའི་ཡུལ་དུ་ཡོད་པ་དང་། བདེན་པར་ཁས་ལེན་དགོས་པ་དེས་ན། ཡེ་ཤེས་དེས་དེ་དག་མི་གཟིགས་མི་འཛིན་དེའི་ཡུལ་དུ་མེད། དེའི་ངོར་མི་བདེན་ཞེས་ཁས་ལེན་མི་རུང་བ་ལྟར། དོན་དམ་སྟོང་པ་ཉིད་ནི་འཕགས་པའི་གཟིགས་ངོར། ཡོད་པ་དང་བདེན་པར་གྲུབ་པ་སོགས་སུའང་ཁས་ལེན་ནོ། །ཞེས་གསུངས་པ་ལྟར་རོ། །༽དེ་དེའི་ངོར་མི་སྟོང་བ་ཡིན་ལ།  དེ་དེའི་ངོར་མི་སྟོང་བར་འཇོག་བྱེད་ཀྱི་ཚད་མའམ་ཤེས་བྱེད་ཀྱི་ཚད་མ་ནི་མཉམ་གཞག་དེའི་ལག་རྗེས་ལས་བྱུང་བའི་ཐ་སྙད་དག་གཟིགས་ཚད་མ་འདི་ཉིད་འཇོག་དགོས་པར་སེམས་སོ། ། དཔེར་ན་བུམ་པ་བུམ་འཛིན་མིག་ཤེས་ཀྱི་ངོར་མི་སྟོང་བ་ཡིན་ན།  དེ་དེའི་ངོར་མི་སྟོང་བར་འཇོག་བྱེད་ཀྱི་ཚད་མ་ལ་དེའི་ལས་རྗེས་ལས་བྱུང་བའི་ཚད་མ་གཞན་ཞིག་འཇོག་དགོས་པ་ལྟ་བུ་ཡིན་ནམ་སྙམ་མོ། །གཉིས་པ་ནི། ཐ་སྙད་དཔྱོད་པའི་ཚད་མའི་ངོར་བདེ་གཤེགས་སྙིང་པོ་མི་སྟོང་ཞེས་པ་ནི།  བདེ་གཤེགས་སྙིང་པོའམ་དོན་དམ་རང་ངོས་ནས་མི་སྟོང་ས་དངོས་ནི་ཐེག་ཆེན་མཐོང་ལམ་མཉམ་གཞག་ཡེ་ཤེས་ལྟ་བུ་ཡིན་ལ། རང་ཉིད་ནི་མཉམ་གཞག་ཡེ་ཤེས་དེའི་ལག་རྗེས་ལས་བྱུང་བའི་བདེ་གཤེགས་སྙིང་པོའམ་དོན་དམ་ནི། ཐེག་ཆེན་མཐོང་ལམ་མཉམ་གཞག་ཡེ་ཤེས་ལྟ་བུའི་ངོར་མི་སྟོང་བའམ་སྣང་བ་ལྟར་གྲུབ་པར་ཤེས་བྱེད་དམ་འཇོག་བྱེད་དུ་སོང་བའི་ཆ་ནས་རང་ཉིད་ཀྱི་ངོར་མི་སྟོང་བ་ལྟ་བུར་གསུངས་པ་ལས་མི་སྟོང་ས་དངོས་ནི་རང་ཉིད་མིན་པར་ཤེས་དགོས་པར་སེམས་སོ། །

 


༼ཨང་རྟགས་ཀྱི་ལུང་།༽
༼༡༽སྟོང་ཐུན་སེངྒེའི་ང་རོ་ལས།  དེ་ཡང་སྟོན་པ་བདེ་བར་གཤེགས་པས་གསུང་གི་སྐབས་ལ་ལར་སྟོང་པ་ཉིད་བསྟན་པའི་སྒོ་ནས་བདེ་གཤེགས་སྙིང་པོའི་ངོ་བོ་གསལ་བར་མཛད། ལ་ལར་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན་དུ་བསྟན་པའི་ཆ་ནས་བདེ་གཤེགས་སྙིང་པོའི་རང་བཞིན་གསལ་བར་མཛད་དེ། དེ་གཉིས་འགལ་མེད་ཟུང་དུ་འཇུག་པ་དགོས་ཀྱང་།
༼༢༽ལྟ་གྲུབ་ཤན་འབྱེད་ཀྱི་རང་འགྲེལ་ལས། ངོ་བོ་སྟོང་པ་འཁོར་ལོ་བར་པ་དང་། །རང་བཞིན་གསལ་བ་ཐ་མའི་དགོངས་དོན་དང་། །ཐུགས་རྗེ་ཀུན་ཁྱབ་བར་ཐ་འགལ་མེད་བསྟན། །
༼༣༽ངེས་ཤེས་སྒྲོན་མེ་ལས།  སྟོང་ཚུལ་ཁོ་ནར་བསམས་ནས་ནི། །དྲི་ན་མེད་དགག་ཉིད་ཡིན་ཏེ། །
༼༤༽བདེ་གཤེགས་སྟོང་ཐུན་སེངྒེའི་ང་རོ་ལས། རིགས་པས་དཔྱད་ན་ཡང་བདེ་གཤེགས་སྙིང་པོ་ངོ་བོ་སྟོང་པ་ཡིན་པའི་གནད་ཀྱིས་སེམས་ཀྱི་ཆོས་ཉིད་དུ་རུང་བ། ཡུལ་ཐམས་ཅད་ཁྱབ་པ། དུས་ཇི་སྲིད་དུ་རྟག་པ། བསམ་གྱིས་མི་ཁྱབ་པ། ཡོན་ཏན་རྣམ་པ་ཐམས་ཅད་པར་རིས་མེད་དུ་འཆར་བ་ཡིན་གྱི། རང་གི་ངོ་བོ་མི་སྟོང་པར་བདེན་པར་གྲུབ་པ་ལ་ཆོས་གཞན་གྱི་ཆོས་ཉིད་དུ་རུང་བ་སོགས་རྣམ་པ་ཀུན་ཏུ་མི་སྲིད་ཅིང་དོན་དམ་དཔྱོད་པའི་ཚད་མས་གཏན་ལ་ཕབ་པའི་གྲུབ་འབྲས་སུ་ཡང་མི་བཏུབ་སྟེ་ཆོས་ཐམས་ཅད་བདེན་མེད་དུ་དཔྱོད་པའི་ལག་རྗེས་ལ་བདེན་གྲུབ་གཅིག་འགྲུབ་པ་ནི་སྣང་བ་ལས་མུན་པ་ལྟར་གནས་མ་ཡིན་པའི་ཕྱིར་རོ། །ཐ་སྙད་དཔྱོད་པའི་ཚད་མས་ཀྱང་བདེན་གྲུབ་མི་འགྲུབ་སྟེ། དེའི་ངོར་བདེན་པར་གྲུབ་ཀྱང་དེ་ཙམ་གྱིས་ཆོས་དེ་མི་སྟོང་པར་རྣམ་པ་ཀུན་ཏུ་འགྲུབ་མི་ནུས་པའི་ཕྱིར་རོ། །ཚད་མ་གཉིས་ཀྱིས་སྒྲུབ་མ་ནུས་པར་གྱུར་པ་ལ་སྒྲུབ་བྱེད་ནམ་མཁའི་མེ་ཏོག་གི་རྗེས་སུ་འགྲོ་བས་དེ་སྒྲུབ་པ་དོན་མེད་ཀྱི་ངལ་བར་ཟད་དོ། །
༼༥༽དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། ཤེས་བྱའི་ཁོངས་ན་བདེན་གྲུབ་གཅིག་ཡོད་ན། །ཤེས་བྱ་འདི་ཀུན་གཏན་ནས་མི་སྣང་འགྱུར། །ཤེས་བྱ་གཅིག་ཀྱང་བདེན་པར་མ་གྲུབ་པས། །མཐའ་མེད་ཤེས་བྱའི་ཆོས་ཚུལ་རྣམ་པར་བཀྲ། །
༼༦༽གྲུབ་མཐའ་མཛོད་ལས། དེང་སང་ནི་གཞི་ལ་རིགས་དེ་གཉིས་མི་བརྩི་བར།  གཞི་དེ་རང་བཞིན་དང་། ལམ་ནི་རྒྱས་འགྱུར་དུ་འཇོག་པ་ནི་དབྱིངས་མ་གོ་བའི་རྣམ་འགྱུར་དུ་སྣང་སྟེ། གཞི་ལ་སྣང་སྟོང་ལྷུན་གྲུབ་ཏུ་ཡོད་པ་དང་འགལ་བའི་ཕྱིར་ཏེ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4575