[ནང་དོན་གནད་བསྡུས།] བོད་ཀྱི་ཚད་གཞུང་དུ་ཕྱི་ནང་གི་ཁྱབ་པའི་ཐ་སྙད་བྱུང་ཡོད་ཀྱང་དེའི་དོན་ཇི་ལྟ་བུ་ཡིན་མིན་གསལ་པོར་བཤད་མེད་པས་ད་ལྟ་ཐ་སྙད་དེ་ལ་མང་པོ་ཞིག་རྨོངས་ཡོད། འོན་ཀྱང་དུལ་བ་ལྷའི《གཏན་ཚིགས་ཀྱི་ཐིགས་པའི་འགྲེལ་པ》དང་། བྲམ་ཟེ་ཨ་ཙ་ཊའི《གཏན་ཚིགས་ཀྱི་ཐིགས་པའི་འགྲེལ་པ།》ཐར་འབྱུང་སྦས་པས་མཛད་པའི《རྟོག་གེའི་སྐད།》རིན་ཆེན་འབྱུང་གནས་ཞི་བས་མཛད་པའི《ནང་གི་ཁྱབ་པ》ཞེས་པའི་བསྟན་བཅོས་དག་ཞིབ་བསྡུར་གྱིས་དཔྱད་ན། ཕྱི་ཡི་ཁྱབ་པ་སྨྲ་བ་ནི་ཁྱབ་པ་སྟོན་ཅིང་རྟོགས་སྐབས་རྩོད་གཞིའི་ཆོས་ཅན་དང་དཔེའི་ཆོས་ཅན་སོགས་གཏན་ཚིགས་གང་ལ་ཞུགས་པ་ཐམས་ཅད་བསྡུས་ནས་གཏན་ཚིགས་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་སྟོན་ཅིང་རྟོགས་པ་མ་ཡིན་པར་དཔེའི་ཆོས་ཅན་གྱི་སྟེང་དུ་གཏན་ཚིགས་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་སྟོན་ཅིང་རྟོགས་པ་ཙམ་འདོད་པ་ལ་བྱ་ཞིང་། ནང་གི་ཁྱབ་པ་སྨྲ་བ་ནི་དཔེ་ཙམ་ལ་ཁྱབ་པ་སྟོན་ཅིང་རྟོགས་པ་མ་ཡིན་པར། གཏན་ཚིགས་དེ་གང་ལ་ཞུགས་པ་ཐམས་ཅད་བསྡུས་ནས་དེ་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་སྟོན་ཅིང་རྟོགས་པར་འདོད་པ་ལ་ཟེར་བ་ཡིན་ནོ། །

 

[གནད་ཚིག] ཕྱི་ཡི་ཁྱབ་པ། ནང་གི་ཁྱབ་པ། དཔེ། བསྒྲུབ་བྱའི་ཆོས་ཅན། 《གཏན་ཚིགས་ཀྱི་ཐིགས་པ།》

ཕྱི་ཡི་ཁྱབ་པ་དང་ནང་གི་ཁྱབ་པ་ཞེས་པ་རྒྱ་གར་རང་དུ་ཡོངས་གྲགས་ཀྱི་ཚད་མའི་ཆོས་སྐད་ཅིག་ཡིན་འདུག་ཀྱང་བོད་དུ་ཕྱིས་སུ་ལྐོག་གྱུར་དུ་སོང་སྟེ། ཚད་མའི་བསྟན་བཅོས་འགར་འཁོད་པའི་ནང་གི་ཁྱབ་པ་དང་ཕྱི་ཡི་ཁྱབ་པ་ཞེས་པའི་དོན་ཇི་ལྟ་བུ་ལ་འདོད་མིན་གསལ་པོར་མི་ཤེས་པ་མཐོང་ཞིང་། དེའི་སྐོར་གྱི་དཔྱད་རྩོམ་དང་གསལ་བཤད་བྲིས་པ་ཡང་ཁོ་བོས་ནི་ད་བར་གཅིག་ཀྱང་མ་མཐོང་། རྒྱ་གར་མའི་གཞུང་ལས་ཀྱང་བོད་འགྱུར《ནང་གི་ཁྱབ་པ》ཞེས་པའི་བསྟན་བཅོས་ཤིག་ཡོད་ཀྱང་དེའི་ནང་དུ་ཡང་ཕྱི་ནང་གི་ཁྱབ་པའི་དོན་གོ་བདེ་པོ་ཞིག་བཤད་མེད་ལ། ལྷག་ཏུ་ཕྱི་ཡི་ཁྱབ་པ་འདོད་པའི་ལུགས་ཀྱི་གཞུང་ལུགས་རང་རྒྱུད་པ་གང་ཡང་བོད་དུ་འགྱུར་མེད། དེའི་ཕྱིར་འདིར་ཆོས་གྲགས་ཀྱི《གཏན་ཚིགས་ཀྱི་ཐིགས་པ》དང་དུལ་བ་ལྷས་མཛད་པའི《གཏན་ཚིགས་ཀྱི་ཐིགས་པའི་རྒྱ་ཆེར་འགྲེལ་པ》དང《གཏན་ཚིགས་ཀྱི་ཐིགས་པའི་འགྲེལ་པ་བྲམ་ཟེ་ཨ་ཙ་ཊས་རྣམ་པར་སྦྱར་བ》ཞེས་པ་སྟེ་བོད་འགྱུར་རྒྱ་གར་མའི་འགྲེལ་པ་གཉིས་དང་། གཞན་ཐར་འབྱུང་སྦས་པས་མཛད་པའི《རྟོག་གེའི་སྐད》དང་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི《ནང་གི་ཁྱབ་པ》དང་། 《ཚད་མ་རྒྱན》རྩ་འགྲེལ་སོགས་རྒྱ་གཞུང་དག་ཏུ་དེའི་སྐོར་དུམ་བུ་རེ་འཁོད་པ་དག་བསྡུར་ནས་ཁྱབ་པ་གཉིས་ཀྱི་དོན་ཇི་ལྟར་ཡིན་དཔྱད་གཞིའི་ཚུལ་དུ་མདོར་ཙམ་འབྲི་བར་བྱའོ། །

གཅིག གཏན་ཚིགས་ཀྱི་ཐིགས་པའིརྩ་འགྲེལ་དུ་གསུངས་པ།

ཆོས་གྲགས་ཀྱི《གཏན་ཚིགས་ཀྱི་ཐིགས་པ》ལས། “རྗེས་སུ་འགྲོ་བའམ། ལྡོག་པས་ཐམས་ཅད་ཉེ་བར་བསྡུས་ནས། ཁྱབ་པ་རབ་ཏུ་སྟོན་པའི་མཚན་ཉིད་ཅན་གྱིས་ཆོས་མཐུན་པ་ཅན་དང༌། ཆོས་མི་མཐུན་པ་ཅན་གྱི་སྦྱོར་བ་དག་ཡིན་ནོ། །”[1]ཞེས་ཆོས་མཐུན་སྦྱོར་གྱིས་བྱས་པ་ཐམས་ཅད་བསྡུས་ནས་མི་རྟག་པས་ཁྱབ་པ་སྟོན་ཅིང་། མི་མཐུན་སྦྱོར་གྱིས་རྟག་པ་ཐམས་ཅད་བསྡུས་ནས་བྱས་པ་མ་ཡིན་པས་ཁྱབ་པ་སྟོན་པར་གསུངས། གོང་གི“ཐམས་ཅད་ཉེ་བར་བསྡུས”ཞེས་པ་དེ་ལ་དོ་སྣང་བྱ་འོས་ཏེ། དེའི་ཐད་ཀྱི་དུལ་བ་ལྷའི《གཏན་ཚིགས་ཀྱི་ཐིགས་པའི་རྒྱ་ཆེར་འགྲེལ་པ》རུ། “ཐམས་ཅད་སྨོས་པས་ནི་ཁྱབ་པ་གཞན་དགག་པའི་ཕྱིར་རོ། །” [2] ཞེས་ཁྱབ་པ་གཞན་དགག་པའི་ཆེད་ཡིན་པར་གསུངས་སོ། །འོ་ན་ཁྱབ་པ་གཞན་དེ་ཇི་ལྟ་བུ་ཞེ་ན། གོང་གི་གཞུང་དེའི་ཐད་ཀྱི《གཏན་ཚིགས་ཀྱི་ཐིགས་པའི་འགྲེལ་པ་བྲམ་ཟེ་ཨ་ཙ་ཊས་རྣམ་པར་སྦྱར་བ》ཞེས་པ་ལས།  “ཐམས་ཅད་སྨོས་པ་ནི་མ་ལུས་པ་ཡོངས་སུ་བཟུང་བས་ཕྱི་རོལ་གྱི་ཁྱབ་པ་བསལ་བ་ཡིན་ནོ། །” [3]ཞེས་ཕྱི་རོལ་གྱི་ཁྱབ་པ་ལ་བཞག་གོ །

འོ་ན་ཕྱི་རོལ་གྱི་ཁྱབ་པ་བསལ་ཚུལ་ཇི་ལྟ་བུ་ཞེ་ན། འགྲེལ་པ་དེ་ཉིད་ལས། “དེའི་ཕྱིར་གང་བསྒྲུབ་པར་བྱ་བའི་ཆོས་ཅན་[4]ཡོངས་སུ་སྤངས་ནས་ཕྱི་རོལ་གྱི་ཁྱབ་པ་བསྟན་པ་ནི་གལ་ཏེ་ཡང་དཔེའི་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་[5]ཀྱིས་སྒྲུབ་པར་བྱེད་པའི་ཆོས་[6]ལ་ཁྱབ་པ་དེ་ཙམ་གྱིས་ཐམས་ཅད་ལ་དེ་བཞིན་དུ་ཡོད་པ་དང་མེད་པ་[7]ལས་བསྒྲུབ་པར་བྱ་བ་འགྲུབ་པ་མི་རིགས་པས་བསལ་བ་ཡིན་ནོ། །”[8]ཞེས་ཁྱབ་པ་སྟོན་སྐབས་ཐམས་ཅད་བསྡུས་ནས་མི་སྟོན་པར་བསྒྲུབ་བྱའི་ཆོས་ཅན་སྤངས་ནས་དཔེའི་སྟེང་དུ་བསྒྲུབ་བྱའི་ཆོས་ཀྱིས་གཏན་ཚིགས་ལ་ཁྱབ་པ་ཙམ་བསྟན་ཀྱང་དེས་གཞི་ཐམས་ཅད་ཀྱི་སྟེང་དུ་ཁྱབ་པ་དེ་མི་འགྲུབ་པས། དེའི་ཕྱིར་གཏན་ཚིགས་དེ་ལྟ་བུའི་རྗེས་སུ་འགྲོ་ལྡོག་ལས་བསྒྲུབ་བྱ་འགྲུབ་པ་མི་རིགས་པའི་ཕྱིར་ཕྱི་ཡི་ཁྱབ་པ་བསལ་བར་གསུངས་སོ། །

དེའི་འོག་ཏུ་ཕྱི་ཡི་ཁྱབ་པས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པའི་དཔེ་འདི་ལྟར་བཀོད་དེ། “གང་གིས་ཕྱི་ཡི་ཁྱབ་པ་ལ་ནུས་པ་མེད་པར་བཤད་པ་ནི་དེ་ནི་སྔོ་སངས་ཡིན་ཏེ་དེའི་བུ་ཡིན་པའི་ཕྱིར་སྔོ་སངས་ཀྱི་བུ་མཐོང་བ་བཞིན་ནོ་ཞེས་བྱ་བ་དེའི་བུ་ཡིན་པས་སྔོ་སངས་སུ་བསྒྲུབ་པར་བྱ་བ་ཕྱི་རོལ་ཏུ་མཐོང་བའི་བུ་ལ་ཁྱབ་པ་བསྟན་ཀྱང་བསྒྲུབ་པར་བྱ་བ་འགྲུབ་པར་མི་འགྱུར་རོ། །”ཞེས་ཕ་རོལ་པོ་ཆོས་ཅན། སྔོ་སངས་ཡིན་ཏེ། ག་གེ་མོའི་བུ་ཡིན་པའི་ཕྱིར། དེའི་བུ་སྔོ་སངས་ག་གེ་མོ་བཞིན་ཞེས་བཀོད་དོ། །དེས་བསྒྲུབ་བྱ་འགྲུབ་མི་ཐུབ་པའི་རྒྱུ་མཚན་ཡང་མཐུན་དཔེ་དེའི་སྟེང་དུ་ག་གེ་མོའི་བུ་ཡིན་པ་དང་སྔོ་སངས་གཉིས་ཚོགས་བསྟན་ཀྱང་། གཏན་ཚིགས་གང་ལ་ཞུགས་པ་ཐམས་ཅད་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་དེ་རྟོགས་མི་ནུས་པའི་ཕྱིར་བསྒྲུབ་བྱ་འགྲུབ་མི་ནུས་པར་གསུངས་སོ། །

དུལ་བ་ལྷའི《གཏན་ཚིགས་ཀྱི་ཐིགས་པའི་རྒྱ་ཆེར་འགྲེལ་པ》རུ་ཡང་། “གང་གི་ཚེ་ཐམས་ཅད་ཉེ་བར་བསྡུས་ནས་ཁྱབ་པ་རབ་ཏུ་སྟོན་པ་དེའི་ཚེ་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཡང་རྟོགས་པ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་རྗེས་སུ་དཔག་པ་ནི་དྲན་པ་ཉིད་དུ་འགྱུར་རོ་ཞེ་ན། བཤད་པ་གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་བྱ་བར་སྤྱིར་རྟོགས་ཀྱི་ཁྱབ་པའི་ཚེ་སྒྲ་ནི་མི་རྟག་གོ་ཞེས་བྱ་བ་འདི་ནི་རྟོགས་པར་མི་ནུས་སོ། །དེའི་ཕྱིར་ཆོས་ཅན་གྱི་ངོ་བོ་རྟོགས་པའི་རྗེས་སུ་དཔག་པ་ཇི་ལྟར་དྲན་པ་ཡིན་པར་འགྱུར་རོ། །”[9]ཞེས་ཁྱབ་པ་བསྟན་སྐབས་ཐམས་ཅད་བསྡུས་ནས་བསྟན་པར་བཤད་ཅིང་། དེ་ལ་ཕ་རོལ་པོས་ཐམས་ཅད་བསྡུས་ནས་བསྟན་ན་ཁྱབ་པ་རྟོགས་དུས་བསྒྲུབ་བྱའི་ཆོས་ཅན་ལ་ཡང་བསྒྲུབ་ཆོས་རྟོགས་པར་འགྱུར་བས་རྟགས་ཅན་རྗེས་དཔག་དྲན་པ་ཙམ་དུ་འགྱུར་བའི་ཐལ་བ་བཏང་ཞིང་། དེའི་ལན་དུ་ཁྱབ་པ་རྟོགས་སྐབས་བྱས་པ་ཐམས་ཅད་བསྡུས་ནས་དེ་ལ་མི་རྟག་པས་ཁྱབ་པ་རྟོགས་ཤིང་། འོན་ཀྱང་སྒྲ་ཁྱད་གཞིར་བཟུང་ནས་སྒྲ་ནི་མི་རྟག་གོ་ཞེས་མ་རྟོགས་པས་རྟགས་ཅན་རྗེས་དཔག་དྲན་པར་འགྱུར་བའི་སྐྱོན་མེད་པ་སོགས་གསུངས་ཏེ། འདིས་ནི་ཕྱི་ཡི་ཁྱབ་པ་འདོད་པ་དག་གིས་ཅིའི་ཕྱིར་ནང་གི་ཁྱབ་པ་མི་འདོད་པའི་རྒྱུ་མཚན་ཡང་ཤེས་ནུས་སོ། །

དེས་ན་དེ་དག་གུང་བསྒྲིགས་པས《གཏན་ཚིགས་ཀྱི་ཐིགས་པའི》འགྲེལ་པར་གསུངས་པའི་ཁྱབ་པ་གཞན་དེ་ཕྱི་ཡི་ཁྱབ་པ་ལ་བཞག་འདུག་ཅིང་། ཕྱི་ཡི་ཁྱབ་པ་ཞེས་པ་རྩོད་གཞིའི་ཆོས་ཅན་དང་དཔེའི་ཆོས་ཅན་སོགས་བྱས་པ་གང་ཡིན་ཐམས་ཅད་བསྡུས་ནས་མི་རྟག་པས་ཁྱབ་པ་ལ་མི་བྱེད་པར་བསྒྲུབ་པར་བྱ་བའི་ཆོས་ཅན་སྤངས་ནས་དཔེའི་ཆོས་ཅན་གྱི་སྟེང་དུ་གཏན་ཚིགས་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་ཙམ་ལ་འདོད་པར་སྣང་ངོ་། །འོན་ཀྱང་རང་ལུགས་ལ་དེ་བཀག་ནས་ཐམས་ཅད་བསྡུས་ནས་བསྟན་པར་ཁས་ལེན་ཞིང་དེ་ལྟ་བུའི་ཁྱབ་པ་ལ་ནང་གི་ཁྱབ་པ་ཞེས་པའི་ཐ་སྙད《གཏན་ཚིགས་ཀྱི་ཐིགས་པའི》འགྲེལ་པ་རྒྱ་གར་མ་གཉིས་སུ་མ་བྱུང་ཡང་དོན་གྱིས་འཐོབ་པ་ཡིན།

གཉིས། རྟོག་གེའི་སྐད》དུ་གསུངས་པ།

ཡང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བའི《སྡེ་བསྟན》ཚད་མ། (ཞེ) ནང་དུ་བཞུགས་པའི་ཐར་འབྱུང་སྦས་པའི《རྟོག་གེའི་སྐད》དུ་ཡང་།  “རང་བཞིན་གྱི་གཏན་ཚིགས་ཀྱི་ཡོད་པ་ཉིད་ཀྱི་མཚན་ཉིད་ཅན་ནི་སྐད་ཅིག་པ་ཉིད་དང་ལྷན་ཅིག་པའི་ཁྱབ་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་ལ་གཟུང་བར་བྱའོ་ཞེས་ཁ་ཅིག་སྟེ། དེ་རྣམས་ནང་གི་ཁྱབ་པའི་ཕྱོགས་འདོད་པའོ། །ཐལ་བར་འགྱུར་བ་དང་ཐལ་བ་ལས་བཟློག་པ་དག་གིས་དཔེའི་ཆོས་ཅན་བུམ་པ་ལ་སོགས་པ་ལ་ཁྱབ་པ་གཟུང་བར་བྱའོ་ཞེས་གཞན་རྣམས་ཏེ། དེ་རྣམས་ཕྱིའི་ཁྱབ་པའི་ཕྱོགས་འདོད་པའོ། །” [10]ཞེས་གསུངས་ཤིང་། ཕྱིའི་ཁྱབ་པའི་དོན་གོང་དང་འདྲ་བ་ལ།  ནང་གི་ཁྱབ་པ་གསུངས་སྐབས་འདིར་“བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་ལ་”ཞེས་གསུངས་པའི་ཁོ་ནའི་སྒྲས་དཔེ་བཅད་པས་དཔེ་མེད་པར་ཡང་གཏན་ཚིགས་མི་མཐུན་ཕྱོགས་ལ་འཇུག་པ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པ་ལས་གཏན་ཚིགས་གང་ལ་ཞུགས་པ་ཐམས་ཅད་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་རྟོགས་ཐུབ་པ་ཞིག་ནང་གི་ཁྱབ་པའི་མཚན་གཞིར་བསྟན་པ་ཡིན་ནོ། །འོན་ཀྱང་དེ་ཙམ་གྱིས་ནང་གི་ཁྱབ་པ་གང་ཡིན་ལ་དཔེ་མེད་པ་ཞིག་དགོས་པ་ཡང་མི་འགྲུབ་སྟེ། འདིར་ཕྱི་ནང་གི་ཁྱབ་པ་གཉིས་ལས་གཞན་པའི་འདོད་ཚུལ་ཞིག་མ་བཤད་ཅིང་། དེར། “ཡོད་པ་ཉིད་ལས་གཞན་པ་རང་བཞིན་གྱི་གཏན་ཚིགས་རྣམས་དང་འབྲས་བུའི་གཏན་ཚིགས་རྣམས་དང་མི་དམིགས་པ་རྣམས་ཀྱིས་ཁྱབ་པ་དཔེ་ཁོ་ན་ལ་གཟུང་བར་བྱའོ། །”ཞེས་ཡོད་པ་སྟེ་དངོས་པོ་རྟགས་སུ་བཀོད་པའི་གོང་གི་རང་བཞིན་གྱི་གཏན་ཚིགས་དེ་ལས་གཞན་པའི་རང་བཞིན་གྱི་གཏན་ཚིགས་གཞན་ཤུག་པའི་རྟགས་ཀྱིས་གཞི་དེ་ཤིང་དུ་བསྒྲུབ་པ་ལྟ་བུ་དང་འབྲས་བུ་དང་མི་དམིགས་པ་རྣམས་ཀྱི་ཁྱབ་པ་དཔེ་ལ་རྟོགས་པ་ཞིག་དགོས་པར་བཤད་པས་སོ། །

གསུམ། ནང་གི་ཁྱབ་པཞེས་པའི་བསྟན་བཅོས་སུ་གསུངས་པ།

《སྡེ་བསྟན་》ཚད་མ་(ཞེ) འི་ནང་དུ《ནང་གི་ཁྱབ་པ》ཞེས་པའི་ཤོག་བུ་བཞི་ལྷག་ཅན་གྱི་བསྟན་བཅོས་ཐུང་ངུ་ཞིག་ཡོད། དེའི་མཛད་པ་པོ་ནི་མཁས་པ་དཔལ་རིན་ཆེན་འབྱུང་གནས་ཞི་བ་ཡིན་པ་དང་། བོད་དུ་སྒྱུར་མཁན་ནི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཡིན་པ་མཇུག་བྱང་དུ་གསལ། བསྟན་བཅོས་དེའི་ནང་དུ་ཡང་ཕྱི་ཡི་ཁྱབ་པ་བཀག་ནས་ནང་གི་ཁྱབ་པ་བསྟན་ཅིང་། ནང་གི་ཁྱབ་པ་འདོད་པ་ལ་ཁྱབ་པ་གྲུབ་ན་བསྒྲུབ་བྱ་གྲུབ་མི་དགོས་པའི་གསལ་བཤད་དང་། དེ་ལས་འཕྲོས་པའི་རྩོད་པ་རྩོད་ལན་འགའ་དང་། ཞོར་འཕྲོས་སུ་ནང་གི་ཁྱབ་པ་ལ་ངེས་པར་དཔེ་མི་དགོས་པས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྲོ་བ་ཡོད་པའི་སྐོར་བཅས་བྲིས་ཡོད། དེར་ཕྱི་ནང་གི་ཁྱབ་པའི་དོན་འདི་ལྟར་རོ་ཞེས་གཟུང་བདེ་བ་ཞིག་བཤད་མེད་ཀྱང་སྤྱི་འགྲོས་ལས་གོང་དུ་བྲིས་པ་ལྟར་ཡིན་པ་ཤེས་ཐུབ། བསྟན་བཅོས་དེར་ནང་གི་ཁྱབ་པ་རྟོགས་པ་ལ་ངེས་པར་དཔེ་མི་དགོས་པ་གསུངས་པར་བརྟེན་ལ་ལས་ཕྱི་ཡི་ཁྱབ་པ་ལ་ངེས་པར་དཔེ་དགོས་པ་དང་། ནང་གི་ཁྱབ་པ་ལ་དཔེ་མེད་པ་ཞིག་དགོས་སྙམ་པ་འདུག་ཀྱང་། ནང་གི་ཁྱབ་པ་ལ་གཅིག་ཏུ་དཔེ་མེད་པའི་ངེས་པ་མེད་དེ། 《ནང་གི་ཁྱབ་པ་》ཞེས་པའི་དཔེ་ཆའི་ནང་དུ་ཡང་ནང་གི་ཁྱབ་པ་ལ་འགའ་ཞིག་ལ་དཔེ་མེད་ན་ཡང་རུང་བར་བཤད་ཀྱི་གཅིག་ཏུ་དཔེ་མེད་པ་ཞིག་དགོས་པའི་ངེས་བཟུང་མཛད་མེད་དོ། །

ལྷག་ཏུ་ནང་གི་ཁྱབ་པ་འདོད་པའི་ལུགས་ལ་ཡང་དཔེ་ངེས་པར་དགོས་པར་འདོད་པ་ཡང་བྱུང་སྟེ། ཆོས་གྲགས་ནི་ནང་གི་ཁྱབ་པ་འདོད་པའི་ཕྱོགས་ཡིན་པར་སྣང་ཞིང་།  དེའི་ལུགས་ལ་ཁྱབ་པ་རྟོགས་པ་ལ་དཔེ་ངེས་པར་དགོས་པ《ཚད་མ་རྣམ་ངེས》གཞན་དོན་ལེའུར་དཔེ་ལོགས་སུ་མ་བཤད་པའི་རྒྱུ་མཚན་གསུང་སྐབས་ཚུལ་གསུམ་བཤད་པ་ཉིད་ཀྱིས་དཔེ་ཡང་དོན་གྱིས་གོ་བས་དཔེ་ལོགས་སུ་མ་བཤད་པར་གསུངས་ཤིང་། ཇི་ལྟར་གོ་བ་ཡང་ རྟགས་ཡང་དག་གི་ཚུལ་གསུམ་གྲུབ་པ་ལ་རྗེས་སུ་འགྲོ་ལྡོག་གྲུབ་དགོས་ཤིང་། གཞན་དོན་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་ངེས་པར་ཁྱབ་པ་དཔེའི་སྟེང་དུ་སྟོན་དགོས་པ་དང་། དེ་ལྟར་མ་བསྟན་པར་ཁྱབ་པ་གཅིག་པུ་བསྟན་པ་མི་ནུས་པར་གསུངས་ཏེ། དེ་ཉིད་ལས།  “དེ་ཡང་སྟོན་པར་བྱེད་པས་གང་ན་དུ་བ་ཡོད་པ་དེར་ནི་མེ་ཡོད་ལ། མེ་མེད་ན་ནི་གང་ན་ཡང་དུ་བ་ཡོད་པ་མ་ཡིན་ཏེ། དཔེར་ན་ཚང་བང་དང་གཞན་པ་དག་བཞིན་ནོ། །གང་བྱས་པ་དེ་ནི་མི་རྟག་པ་ཉིད་ལ་མི་རྟག་པ་ཉིད་མེད་ན་ནི་བྱས་པ་མི་སྲིད་དེ། དཔེར་ན་བུམ་པ་དང་ནམ་མཁའ་བཞིན་ནོ། །ཞེས་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཇི་སྐད་བཤད་པའི་རྣམ་པ་དག་གམ། དེའི་འབྲས་བུ་ཉིད་དུ་ངེས་པ་དང་། རང་གི་ངོ་བོའི་ཁྱབ་པ་བསྟན་པར་མི་ནུས་སོ། །” [11] ཞེས་བཤད་པ་ལྟ་བུའོ། །ཕྱི་ཡི་ཁྱབ་པ་ཁས་ལེན་པ་དག་གིས་དེ་ལ་ངེས་པར་དཔེ་དགོས་པར་འདོད་དེ། ཁྱབ་པ་དེ་དཔེའི་སྟེང་དུ་བསྟན་པ་ལས་ཐམས་ཅད་བསྡུས་ནས་སྤྱི་འགྲོས་ཚུལ་གྱིས་བསྟན་པ་ཞིག་མི་འདོད་པས་སོ། །

དེས་ན་རྒྱལ་ཚབ་རྗེའི《རྣམ་བཤད་ཐར་ལམ་གསལ་བྱེད》དུ།  “དཔེ་ལ་ལྟོས་པའི་ཕྱི་ཡི་ཁྱབ་པ་མ་ངེས་ཀྱང་ནང་གི་ཁྱབ་པ་ངེས་པར་བྱར་ཡོད་པས་མཉན་བྱ་རྟགས་ཡང་དག་ཏུ་འགྱུར་རོ་ཞེ་ན།” [12]ཞེས་པ་ཡང་བདེ་བླག་ཏུ་འགྲེལ་ནུས་ཏེ། ཕྱི་ཡི་ཁྱབ་པ་ཞེས་པ་གཏན་ཚིགས་དེ་གང་ལ་ཞུགས་པ་ཐམས་ཅད་བསྡུས་ནས་བསྒྲུབ་ཆོས་ཀྱིས་ཁྱབ་པ་མ་ཡིན་པར། དཔེའི་སྟེང་དུ་གཏན་ཚིགས་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་ཙམ་ལ་བྱེད་པ་ཡིན་པས། ཕྱི་ཡི་ཁྱབ་པ་ངེས་པ་ལ་དཔེ་ལ་ལྟོས་ཤིང་། ནང་གི་ཁྱབ་པ་ལ་ནི་གཏན་ཚིགས་གང་ལ་ཞུགས་པ་ཐམས་ཅད་བསྡུས་ནས་བསྒྲུབ་ཆོས་ཀྱིས་ཁྱབ་པ་བསྟན་ཅིང་རྟོགས་ཀྱི། དཔེ་ཙམ་གྱི་སྟེང་དུ་ཁྱབ་པ་དེ་བསྟན་ནས་རྟོགས་མི་དགོས་ཤིང་། དེའི་ཕྱིར་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པ་སྒྲུབ་པ་ལྟ་བུ་ལ་བློ་རྣོན་པོ་དག་གིས་དཔེ་མེད་ཀྱང་གཏན་ཚིགས་མི་མཐུན་ཕྱོགས་ལ་འཇུག་པ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པ་ལས་ཁྱབ་པ་ངེས་ནུས་སོ་ཞེས་སྨྲ་བའི་ཕྱོགས་སྔ་མའི་འདོད་པ་བཀོད་པའོ། །

བཞི། ཚད་མ་རྒྱན》རྩ་འགྲེལ་དུ་གསུངས་པ།

《ཚད་མ་རྒྱན》གྱི་ལེའུ་བཞི་པར། “གལ་ཏེ་བསྒྲུབ་བྱ་དང་ལྷན་ཅིག་སྤྱི་རྟོགས་པར་བྱ་བ་ཡིན་ལ། བསྒྲུབ་པར་བྱ་བ་ཡང་རྗེས་སུ་དཔག་པས་ཤུགས་ཀྱིས་རྟོགས་པ་ཡིན་ནོ། །ཕྱིའི་ཁྱབ་པ་ཙམ་གྱིས་ནི་འགྲུབ་པ་མ་ཡིན་ཏེ། ཕྱོགས་མ་ཡིན་པའི་བྱས་པ་ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་དེ་ལྟར་ཁྱད་པར་སྟོན་པ་ནི་མ་ཡིན་ནོ། །དེས་ན་ནང་གི་ཁྱབ་པ་མི་འགྲུབ་བོ། །ཕྱིའི་ཁྱབ་པ་ཡིན་ན་ནི་དེར་བསྒྲུབ་བྱ་གྲུབ་པ་མི་སྐྱེའོ། །གཞན་ཁྱབ་པས་གལ་ཏེ་གཞན་འགྲུབ་ན་ནི་ཐམས་ཅད་ཀྱིས་ཐམས་ཅད་འགྲུབ་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ཡང་གྱི་ན་སྟེ། འདི་ལྟར། འདི་ནི་བཤད་ཟིན་གང་གི་ཕྱིར། །ཆོས་ཅན་བཅས་པར་ཁྱབ་རྟོགས་ཏེ། །གང་གང་འདི་འདྲར་གྱུར་པའི་ཕྱོགས། །དེ་ནི་བསྒྲུབ་བྱ་མེད་མི་འབྱུང༌། །ཕྱོགས་འདི་ནི་མེ་དང་ལྡན་པ་ཡིན་ཏེ། དུ་བ་དང་ལྡན་པའི་ཕྱིར་ཚང་བང་བཞིན་ནོ་ཞེས་དེ་ལྟ་བུར་རྟོགས་པའི་ཤུགས་ཀྱིས་སྔར་ཉིད་བཟུང་ངོ་ཞེས་བརྗོད་དོ། །དེ་ལྟ་མ་ཡིན་ཏེ། བསྒྲུབ་བྱ་ཡང་རང་གི་ངོ་བོ་ཉིད་བཟུང་ནི་(ན)རྗེས་སུ་དཔག་པས་ཅི་བྱ། སྔར་གྱི་དུ་བ་རྟོགས་པ་ཉིད་དུ་བ་འདི་ཡང་མེར་རྟོགས་པ་ཡིན་གྱི། འབྱུང་བར་འགྱུར་བ་མེད་པར་ནི་རྟོགས་པར་ནུས་པ་མ་ཡིན་ནོ། །” [13]ཞེས་གསུངས་ཤིང་དེ་ཡང་“ཐལ་བར་འགྱུར་རོ་ཞེ་ན།” ཞེས་པའི་བར་ནི་ཕྱོགས་སྔ་མའི་རྩོད་པ་དང་།  “དེ་ཡང་གྱི་ན་སྟེ”་ཞེས་པ་ནས་དེའི་ལན་གྱི་གཞུང་ཡིན། དེའི་དོན་ཛ་མཱ་རིས་མཛད་པའི《རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ》ལས་གསུངས་པ་འདིར་འགོད་ན། “གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །སྤྱི་ནི་སྒྲུབ་པར་བྱེད་པའི་སྤྱིའོ། །བསྒྲུབ་པར་བྱ་བ་དང་ལྷན་ཅིག་སྤྱི་རྟོགས་པ་ཁོ་ནའོ་ཞེ་ན། བསྒྲུབ་པར་བྱ་བ་ཡང་ཞེས་བྱ་བའོ། །བསམ་པ་ནི་འདི་ཡིན་ཏེ། ཅི་སྲིད་བསྒྲུབ་པར་བྱ་བ་དང་ལྷན་ཅིག་སྒྲུབ་པར་བྱེད་པ་མ་རྟོགས་པ་དེ་སྲིད་དུ་ནི་རྗེས་སུ་དཔག་པ་མེད་ལ། ཅི་སྲིད་རྗེས་སུ་དཔག་པ་མེད་པ་དེ་སྲིད་དུ་ཡང་བསྒྲུབ་བྱ་དང་ལྷན་ཅིག་སྒྲུབ་བྱེད་མི་རྟོགས་ཏེ་དེས་ན་ནང་གི་ཁྱབ་པ་ནི་མི་འཐད་པ་ཁོ་ནའོ་ཞེས་བྱ་བའོ། །དེ་ལྟ་ན་འོ་ན་ཕྱིའི་ཁྱབ་པར་འགྱུར་རོ་ཞེ་ན། ཕྱིའི་ཞེས་བྱ་བའོ། །ཅིའི་ཕྱིར་འགྲུབ་པ་མ་ཡིན་ཞེ་ན། ཕྱོགས་ཞེས་བྱ་བའོ། །ཕྱོགས་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་ནི། བསྟན་པར་མི་བྱ་བའོ། །ཁྱབ་པའི་རྣམ་པ་བརྗོད་པའོ། །རྣམ་བ་འདི་འདྲ་བའི་ཁྱབ་པ་ལ་ནི་བསྒྲུབ་བྱ་འགྲུབ་པ་ཡོད་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་ཁྱབ་པར་མ་འདུས་པའི་ཕྱིར་རོ། །རྩོད་པ་འདི་ཉིད་སྡུད་པ་ནི། དེས་ན་ཞེས་བྱ་བ་ལ་སོགས་པའོ། །ནང་གི་ཁྱབ་པ་མི་འགྲུབ་པ་ནི་ཕན་ཚུན་བརྟེན་པའི་ཉེས་པས་སོ། །དེས་ན་ཕྱིའི་ཁྱབ་པ་ལ་བརྟེན་པར་བྱ་བ་ཡིན་ན། ཕྱིའི་ཁྱབ་པ་དེ་ལ་ནི་ནམ་ཡང་བསྒྲུབ་བྱ་འགྲུབ་པ་མེད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་ཞེས་བྱ་བ་ལ་སོགས་པའོ། །ནང་གི་ཁྱབ་པ་དང་ཕྱིའི་ཁྱབ་པའི་ཚུལ་འདི་ནི་གཞན་ལ་ལྟོས་ནས་བརྗོད་པ་ཡིན་གྱི། རང་གི་སྡེ་བ་ལ་ལྟོས་ནས་ནི་མ་ཡིན་ནོ། །གཞན་དག་ནི་གྲུབ་པ་ལ་སྒྲུབ་པའི་ཉེས་བ་སྤང་པའི་དོན་ཏུ་ཕྱོགས་ནང་དུ་མ་བསྡུས་པར་ཁྱབ་པར་རྟོགས་པར་བྱེད་ཅིང་སྟོན་པར་ཡང་བྱེད་དོ། །དེས་ན་འདི་ནི་ཕྱིའི་ཁྱབ་པ་སྨྲ་པ་ཞེས་བྱ་བའོ། །ཡང་གང་ཞིག་ཕྱོགས་ནང་དུ་བསྡུས་ནས་ཁྱབ་པ་སྟོན་པ་དེ་ནི་ནང་གི་ཁྱབ་པ་སྨྲ་བ་ཡིན་གྱི། བྲམ་ཟེ་ཨར་ཙ་ཊ་ལྟ་བུ་ནི་མ་ཡིན་ནོ། །ཆོས་ཅན་དང་བཅས་པའི་ཁྱབ་པའི་རྣམ་པ་བརྗོད་པ་ནི། གང་གང་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ཕྱོགས་ནང་དུ་བསྡུས་པ་ཁོ་ནས་སྒྲུབ་པར་བྱེད་པ་ལ་བསྒྲུབ་བྱས་ཁྱབ་པ་བསྒྲུབ་པར་བྱ་བ་ཡིན་གྱི། གང་གིས་ཁྱབ་པ་མ་གྲུབ་པར་བསྒྲུབ་པ་རྗེས་སུ་དཔག་པ་དེ་ཉིད་ལས་བསྒྲུབ་པར་བྱ་བ་རྟོགས་པ་ནི་མ་ཡིན་གྱི་འོན་ཀྱང་ཚད་མ་གཞན་ལས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །” [14]ཞེས་སོ། །འདིའི་ནང་དུ་ཡང་བསྒྲུབ་བྱ་གྲུབ་ཟིན་སྒྲུབ་པའི་ཉེས་པ་སྤོང་བའི་ཕྱིར་ཕྱོགས་ཀྱི་ཆོས་ཅན་མ་བསྡུས་པར་ཁྱབ་པ་སྟོན་པར་འདོད་པ་ལ་ཕྱིའི་ཁྱབ་པ་སྨྲ་བ་དང་། ཕྱོགས་ཀྱི་ཆོས་ཅན་ཡང་བསྡུས་ནས་ཁྱབ་པ་སྟོན་པར་འདོད་པ་ལ་ནང་གི་ཁྱབ་པ་སྨྲ་བ་རུ་གསུངས་ཤིང་། རང་གི་ལུགས་ལ་ཕྱོགས་ཀྱི་ཆོས་ཅན་ཡང་བསྡུས་ནས་ཁྱབ་པ་བསྟན་པ་དང་དེ་ལ་ཁྱབ་པ་གྲུབ་པའི་ཚེ་བསྒྲུབ་བྱ་གྲུབ་པས་གྲུབ་ཟིན་སྒྲུབ་པའི་ཉེས་པ་མེད་པའི་སྐོར་སོགས་གསུངས་ཏེ། གོང་གི་དེ་དག་དང་དོན་འདྲའོ། །འོན་ཀྱང་“བྲམ་ཟེ་ཨར་ཙ་ཊ་ལྟ་བུ་ནི་མ་ཡིན་ནོ། །”ཞེས《གཏན་ཚིགས་ཀྱི་ཐིགས་པའི་འགྲེལ་པ》མཛད་པ་པོ་བྲམ་ཟེ་ཨ་ཙ་ཊས་བཤད་པ་དང་མི་འདྲ་བར་གསུངས་ཏེ། ཚུལ་ཇི་ལྟར་མི་འདྲ་བ་ནི་མ་གོ་བས་དཔྱད་པར་བྱའོ། །འདིར་“ནང་གི་ཁྱབ་པ་དང་ཕྱིའི་ཁྱབ་པའི་ཚུལ་འདི་ནི་གཞན་ལ་ལྟོས་ནས་བརྗོད་པ་ཡིན་གྱི། རང་གི་སྡེ་བ་ལ་ལྟོས་ནས་ནི་མ་ཡིན་ནོ། །”ཞེས་གསུངས་པས་ནང་གི་ཁྱབ་པ་ཡང་རང་གི་ལུགས་ལ་མི་འདོད་དོ་སྙམ་ན་མིན་ཏེ། འདིར་ནང་གི་ཁྱབ་པའི་དོན་གསུངས་སྐབས་“ཡང་གང་ཞིག་ཕྱོགས་ནང་དུ་བསྡུས་ནས་ཁྱབ་པ་སྟོན་པ་དེ་ནི་ནང་གི་ཁྱབ་པ་སྨྲ་བ་ཡིན་གྱི།”ཞེས་གསུངས་ཤིང་། དེའི་འོག་ཏུ་རང་གི་ལུགས་བརྗོད་སྐབས་“ཆོས་ཅན་དང་བཅས་པའི་ཁྱབ་པའི་རྣམ་པ་བརྗོད་པ་ནི། གང་གང་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ཕྱོགས་ནང་དུ་བསྡུས་བ་ཁོ་ནས་སྒྲུབ་པར་བྱེད་པ་ལ་བསྒྲུབ་བྱས་ཁྱབ་པ་བསྒྲུབ་པར་བྱ་བ་ཡིན་གྱི།”ཞེས་ཕྱོགས་ཀྱི་ཆོས་ཅན་ཡང་ནང་དུ་བསྡུས་ནས་སྒྲུབ་པར་བྱེད་པ་སྟེ་གཏན་ཚིགས་ལ་བསྒྲུབ་པར་བྱ་བ་སྟེ་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པ་སྟོན་པར་གསུངས་ཏེ། དེ་ལ་གོང་དུ་བཤད་པའི་ནང་གི་ཁྱབ་པ་འདོད་པའི་དོན་ཚང་བས་སོ། །འོ་ན་གོང་དུ་ཕྱི་ནང་གི་ཁྱབ་པ་གཉིས་ཀ་གཞན་གྱི་སྡེ་བ་ལ་ལྟོས་ནས་ཡིན་པར་གསུངས་པའི་དོན་ཅི་ཞེ་ན། དེ་ནི་ནང་གི་ཁྱབ་པ་ལ་ཁྱབ་པ་གྲུབ་ན་བསྒྲུབ་བྱ་ཡང་གྲུབ་དགོས་པས་གྲུབ་ཟིན་སྒྲུབ་པའི་ཉེས་པ་ཡོད་པ་བཤད་པ་དེ་གཞན་གྱི་སྡེ་བའི་ལུགས་ཡིན་པར་བསྟན་པའོ། །ཆོས་གྲགས་ཀྱིས་ཕྱི་ཡི་ཁྱབ་པ་མི་འདོད་པ་ནི་གོང་ཞུས《གཏན་ཚིགས་ཀྱི་ཐིགས་པའི་འགྲེལ་པ》རུ་གསུངས་ཤིང་། ཕྱི་ཡི་ཁྱབ་པའི་དོན་ཇི་སྐད་བཤད་པ་དག་ལས་ཀྱང་ཤེས་ལ། ཕྱི་ནང་གི་ཁྱབ་པ་གཉིས་ལས་གཞན་པའི་འདོད་ཚུལ་ཕུང་གསུམ་པ་གཞན་ཞིག་ཀྱང་རྒྱ་འགྲེལ་གང་ལས་ཀྱང་མ་བཤད་པས་ནང་གི་ཁྱབ་པ་འདོད་པ་ལས་འོས་མེད་པར་སྙམ།  ནང་གི་ཁྱབ་པའི་དོན་ཇི་སྐད་བཤད་པ་དང་ཆོས་གྲགས་རང་ལུགས་ཀྱི་ཁྱབ་པའི་ཚུལ་འདོད་ཚུལ་གཉིས་བསྒྲིགས་པ་ལས་ཀྱང་ནང་གི་ཁྱབ་པ་ཉིད་འདོད་པ་ཤེས་ནུས་སོ་སྙམ་པ་ནི་གནས་སྐབས་ཤིག་གི་རིང་བདག་གི་བསམ་ཚུལ་ཡིན་ནོ། །

ལྔ། ཕྱི་ནང་གི་ཁྱབ་པའི་སྒྲ་བཤད།

གོང་དུ་དྲངས་པའི་ཛ་མཱ་རིའི《རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ》ལས། “གཞན་དག་ནི་གྲུབ་པ་ལ་སྒྲུབ་པའི་ཉེས་བ་སྤང་པའི་དོན་ཏུ་ཕྱོགས་ནང་དུ་མ་བསྡུས་པར་ཁྱབ་པར་རྟོགས་པར་བྱེད་ཅིང་སྟོན་པར་ཡང་བྱེད་དོ། །དེས་ན་འདི་ནི་ཕྱིའི་ཁྱབ་པ་སྨྲ་པ་ཞེས་བྱ་བའོ། །ཡང་གང་ཞིག་ཕྱོགས་ནང་དུ་བསྡུས་ནས་ཁྱབ་པ་སྟོན་པ་དེ་ནི་ནང་གི་ཁྱབ་པ་སྨྲ་བ་ཡིན་གྱི།”ཞེས་དང་། ཤིནྟི་པའི《ནང་གི་ཁྱབ་པ》ཞེས་པ་ལས། “བསྒྲུབ་པར་བྱ་བའི་ཆོས་ཅན་ལས་ཀྱང་ཕྱི་རོལ་དུ་བྱས་པ་མ་ཡིན་པས་དེ་ལ་ཁྱབ་པ་ནི་ནང་གི་ཁྱབ་པ་ཉིད་དེ། ད་ནི་ཕྱིའི་ཁྱབ་པ་བརྗོད་པ་ཙམ་ཡང་མེད་དོ། དེ་བས་ན་ཕྱིའི་ཁྱབ་པ་འདིའི་ཕྱོགས་སུ་ཇི་ལྟར་འགྱུར། གལ་ཏེ་ཡང་སོ་སོར་ངེས་པའི་ཆོས་ཅན་ལ་རྩོད་པ་དང༌། དེ་ལས་ཕྱི་རོལ་དུ་གྱུར་པའི་ཆོས་ཅན་ལ་ཁྱབ་པ་འཛིན་པར་འགྱུར་ན།”[15]ཞེས་སོགས་གཞིར་བཟུང་ན། ནང་གི་ཁྱབ་པ་ལ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡང་ནང་དུ་བསྡུས་ནས་ཁྱབ་པ་སྟོན་ཅིང་རྟོགས་དགོས་པས་ནང་གི་ཁྱབ་པ་དང་། ཕྱིའི་ཁྱབ་པ་ལ་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་ཕྱི་རོལ་ཏུ་གྱུར་པའི་ཆོས་ཅན་ལ་གཏན་ཚིགས་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་སྟོན་ཅིང་རྟོགས་དགོས་པས་ཕྱི་ཡི་ཁྱབ་པ་ཞེས་བྱ་བར་སྣང་ངོ་། །

དྲུག །གྲུབ་དོན།

ཅི་སྟེ་འདིའི་སྐོར་གྱི་རྒྱ་དཔེ་ལྟ་བུ་དཔྱད་གཞི་གཞན་རྙེད་ན་དེར་ཟད་ཀྱི་ད་བར་ཁོ་བོས་དཔྱད་པའི་གཞི་ཇི་སྐད་མཐོང་བ་དག་གཞིར་བཟུང་གིས་གྲུབ་དོན་ནི། ཕྱི་ཡི་ཁྱབ་པ་སྨྲ་བའི་ལུགས་ལ་རྩོད་གཞིའི་ཆོས་ཅན་དང་དཔེའི་ཆོས་ཅན་སོགས་བྱས་པ་གང་ཡིན་ཐམས་ཅད་བསྡུས་ནས་མི་རྟག་པས་ཁྱབ་པ་བསྟན་ཅིང་རྟོགས་པ་མ་ཡིན་པར་དཔེའི་ཆོས་ཅན་གྱི་སྟེང་དུ་གཏན་ཚིགས་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་བསྟན་ཅིང་རྟོགས་པ་ཙམ་འདོད་ཅིང་། དེ་ལ་ངེས་པར་དཔེ་དགོས་ལ། ནང་གི་ཁྱབ་པ་སྨྲ་བའི་ལུགས་ལ་དཔེ་ཙམ་ལ་ཁྱབ་པ་བསྟན་ཅིང་རྟོགས་པ་མ་ཡིན་པར། བསྒྲུབ་བྱའི་ཆོས་ཅན་ལ་མཐོང་བའི་གཏན་ཚིགས་དེ་ཉིད་གང་ལ་ཞུགས་པ་ཐམས་ཅད་བསྡུས་ནས་དེ་ལ་བསྒྲུབ་ཆོས་ཀྱིས་ཁྱབ་པ་བསྟན་ཅིང་རྟོགས་པ་ཡིན་ཏེ། དེ་ལ་རྒྱ་གར་གྱི་མཁས་པའི་ནང་དཔེ་ངེས་པར་དགོས་པར་འདོད་པ་དང་མི་འདོད་པ་གཉིས་སུ་བྱུང་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །


མཆན་དང་ལུང་ཁུངས།

[1] ཆོས་ཀྱི་གྲགས་པ། 《གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།》《སྡེ་བསྟན》ཚད་མ། [G] (ཅེ) ཤ་480

[2][9] དུལ་བ་ལྷ། 《གཏན་ཚིགས་ཀྱི་ཐིགས་པའི་རྒྱ་ཆེར་འགྲེལ་པ།》《ཚད་མ་རིག་པའི་སྐོར་གྱི་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས།》 [G] པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1988-10  ཤ་164 ཤ་364

[3] [8] 《གཏན་ཚིགས་ཀྱི་ཐིགས་པའི་འགྲེལ་པ་བྲམ་ཟེ་ཨ་ཙ་ཊས་རྣམ་པར་སྦྱར་བ།》《སྡེ་བསྟན》ཚད་མ། [G] (ཝེ)  ཤ་219མདུན་ངོས། ཤ་219་མདུན་ངོས།

[4] རྩོད་གཞིའི་ཆོས་ཅན་ལ་བྱ།

[5] བསྒྲུབ་བྱའི་ཆོས་ལ་བྱ།

[6] གཏན་ཚིགས་ལ་བྱ།

[7] འདིའི་ཡོད་པ་དང་མེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བྱའོ། །

[10] ཐར་འབྱུང་སྦས་པ། 《རྟོག་གེའི་སྐད།》《སྡེ་བསྟན》ཚད་མ། [G] (ཞེ) ཤ་357

[11] ]ཆོས་ཀྱི་གྲགས་པ།  《ཚད་མ་རྣམ་པར་ངེས་པ་ཞེས་བྱ་བ།》 《སྡེ་བསྟན》ཚད་མ།(ཅེ)  ཤ་0456

[12] རྒྱལ་ཚབ་དར་མ་རིན་ཆེན། 《ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད།》 [M]སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་གིས་དཔར། ཤ་63

[13] ཤེས་རབ་འབྱུང་གནས་སྦས་པ།  《ཚད་མ་རྣམ་འགྲེལ་གྱི་རྒྱན།》 《སྡེ་བསྟན》ཚད་མ། [G] (ཐེ)  ཤ་ 0304- 0305

[14] ཛ་མཱ་རི། 《ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ།》《སྡེ་བསྟན་》ཚད་མ། [G] (ཙེ)  ཤ་0089-0090

[15] ཤིནྟི་པ།  《ནང་གི་ཁྱབ་པ་ཞེས་བྱ་བ།》《སྡེ་བསྟན་》ཚད་མ།[G] (ཞེ) ཤ་0624

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4569