༈ སྒྲུང་རྩོམ་ལ་ཚང་དགོས་པའི་འོས་ཆོས་འགའ།

 

གང་ཞིག་སྒྲུང་རྩོམ་ཡིན་པ་དེ་ལ་འོས་ཆོས་འདི་དག་ཚང་ན་རབ་སྟེ། དེ་ཡང་།

གཅིག  དེའི་ཚིག་ནི། གསལ་བ་དག་པ་སྙན་པ་སྟེ། དུས་དེའི་རང་སྐད་ཀྱི་རྐང་ཅན་ལྷོད་ཤ་དང་མཉེན་ཤ་ཆེ་བ་ཞིག་ཡིན་པ།

     གཉིས། དེའི་དོན་ནི། མངོན་དུ་གྱུར་པའི་མིའི་འཚོ་བའི་ཕྱི་ཡི་སྣང་ཚུལ་བྲིས་པ་ལས། མངོན་དུ་མ་གྱུར་པའི་ནང་གི་གནས་ཚུལ་ཏེ། འཕྲལ་གྱི་ཆོས་སྲིད་ཁྲིམས་གསུམ་དང་ཡུན་གྱི་ལུགས་སྲོལ་དང་བསམ་སྤྱོད་བཅས་ཀྱིས། མིའི་ལུས་སེམས་སྡུག་བསྔལ་བར་བྱས་པའི་ཚུལ་མངོན་སུམ་དུ་བསྟན་པ་ཞིག་ཡིན་པ།

གསུམ། དེའི་ཐབས་རྩལ་ནི། སུ་ལ་ཡང་ལད་མོ་མ་བཟླས་ཤིང་རྩོམ་དེ་རང་ལ་ལེགས་པར་འཕྲོད་ཅིང་རན་པ་སྟེ། བཙན་གྱིས་བཙིར་ཏེ་ཐོན་པའི་བཅོས་མ་ལྟ་བུ་མ་ཡིན་པར་ངང་གིས་བབ་སྟེ་འོངས་པའི་རང་བྱོན་ལྟ་བུ་ཞིག་ཡིན་པ།

བཞི། དེའི་རྗོད་སྟངས་ནི། བརྗོད་ཚུལ་གསར་ཞིང་མཚར་བ། གཞན་ཡིད་ཀུན་ནས་འགུགས་པ་ཞིག་ཡིན་པ།

ལྔ། དེའི་སྲོག་ནི། མི་དག་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་འབྲལ་བའི་གྲོགས་ཏེ། རྩོམ་དེ་ཉམས་སུ་མྱངས་པ་ལས། མིས་མི་ལ་དཀའ་སྡུག་བསྐྱེད་པའི་རྒྱུ་རྐྱེན་དང་དམིགས་བྱ་ཅི་ཡིན་གསལ་བར་ངེས། ངེས་ནས་ཀྱང་སྒེར་གྱི་རང་དབང་དང་ཐོབ་ཐང་གི་འདུ་ཤེས་སད་པ་ལ་སྨན་བཏང་བས་ནད་པ་ནད་ལས་གྲོལ་བ་ལྟ་བུའི་ཕན་ཤུགས་ནས་ཐོགས་པ་ཞིག་ཡིན་པ་བཅས་སོ། །

 

༈ སྣང་ཚུལ་ཞིག

 

བསྟན་འཛིན་ཕལ་ཆེར་བསྟན་པའི་སྲོག་མི་འཛིན། །

མཁས་པ་ཕལ་ཆེར་ཤེས་རིག་ནང་མི་འདྲེན། །

ཚོང་པ་ཕལ་ཆེར་རིག་པ་དོན་མི་གཉེར། །

དཔོན་པོ་ཕལ་ཆེར་རང་གི་རིགས་ལ་སྡང་། །

 

ལས་བྱེད་ཕལ་ཆེར་ཕ་སྐད་མ་ཡིག་བོར། །

ཕ་མ་ཕལ་ཆེར་བུ་ཕྲུག་སྐྱོང་ལ་རྨོངས། །

བུ་ཕྲུག་ཕལ་ཆེར་གཞན་གྱི་རིགས་ལ་འཚང་། །

རྒན་རྒོན་ཕལ་ཆེར་བར་མ་དོ་ན་འཐོམས། །

 

མདོར་ན་རང་རིགས་རང་གི་དགྲར་གྱུར་པ། །

འདི་ཀོ་རང་རེ་རྒུད་པའི་རྩ་བ་ཡིན། །

 

༈ གནས་ཚུལ་ཞིག

 

རང་གི་རིགས་ལས་རང་ཉིད་མཐོ་རློམ་པ། །

རང་སྐད་སྨྲས་ན་རོ་ལྟར་ལན་མེད་པ། །

རང་ཤ་བཅད་ནས་ཁྱི་ལ་འཕེན་པ་སུ། །

རང་ཚུགས་བོར་བས་མིས་ཀྱང་ཁྱི་སར་འཇོག །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4549